བོད་ལྗོངས་ནག་ཆུ་ས་ཁུལ་རྟ་རྒྱུག་འགྲན་བསྡུར་གྱི་དུས་ཆེན།
རྟ་ཐོག་ནས་མེ་མདའ་འགྲན་པ།
ནག་ཆུ་ས་ཁུལ་ནི་བོད་རང་སྐྱོང་ལྗོངས་བྱང་ཕྱོགས་སུ་གནས་ཤིང་། བྱང་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་སུ་སྦྲེལ་བ་དང་། ཤར་ནི་ཆབ་མདོ་ས་ཁུལ་དང་། ལྷོ་ནི་ལྷ་ས་དང་ཉང་ཁྲི། གཞིས་ཀ་རྩེ། ནུབ་ནི་མངའ་རིས་ས་ཁུལ་བཅས་སུ་འབྲེལ་ནས་ཡོད། ལོ་རེའི་ཟླ5བ་ནས་ཟླ9བའི་བར་ནི་གནམ་གཤིས་ལ་དྲོད་ཁོལ་འཛོམས་ཤིང་རྩྭ་ཐང་ཡོངས་སུ་ལྗང་མདོག་གིས་བཀླུབས་པའི་དུས་ཚིགས་ཤིག་ཡིན།
རྟ་རྒྱུག་དུས་ཆེན་ནི་བོད་ལྗོངས་དང་སྒོས་སུ་བོད་ལྗོངས་ཕྱུགས་ལས་ས་ཁུལ་གྱི་ཆེས་ཁྱད་དུ་འཕགས་པའི་དུས་ཆེན་ཞིག་ཡིན། བོད་ལུགས་ཀྱི་ཟླ6པ་ནས8པའི་བར་ནི་རྩྭ་ཐང་ལ་ཆེས་མཛེས་སྡུག་ལྡན་པའི་དུས་ཚིགས་སུ་ངེས་པས་བོད་ལྗོངས་ས་གནས་སོ་སོའི་རྟ་རྒྱུག་དུས་ཆེན་ནི་དུས་སྐབས་འདིར་བསྡུས་ཀྱི་ཡོད་ཅིང་། གནས་དུས་སོ་སོ་དང་བསྟུན་ཏེ་ལོ་རེར་ཐེངས་ཤིག་སྤེལ་བ་ཡིན། ཡིན་ཡང་གཞི་རྒྱ་ཅུང་ཆེ་བའི་རྟ་རྒྱུག་དུས་ཆེན་ནི་ལོ་རེར་ཐེངས་ཤིག་སྤེལ་ཐུབ་པའི་ངེས་བ་མེད་ཅིང་རྟག་ཏུ་ལོ་གསུམ་རེའི་ནང་ཐེངས་ཤིག་སྤེལ་གྱི་ཡོད། ཉུང་ན་ཉིན་གསུམ་ནས་ལྔ་དང་མང་ན་ཉིན་བཅུ་ལྷག་གི་དུས་ཆེན་ལ་རོིལ་ཞིང་། མིག་སྔར་བོད་ལྗོངས་སུ་མིང་དུ་གྲགས་པའི་དུས་ཆེན་ནི་ནག་ཆུ་ཆར་ཆེན་རྟ་རྒྱུག་འགྲན་བསྡུར་གྱི་དུས་ཆེན་དང་རྒྱལ་རྩེ་མདའ་མང་དུས་ཆེན་གཉིས་ཡིན། ནག་ཆུ་རྟ་རྒྱུག་དུས་ཆེན་ནི་རྟག་ཏུ་སྤྱི་ཟླ8པའི་ཚེས1ཉིན་ནག་ཆུ་གྲོང་རྡལ་དུ་དུས་ཡུན་ཉིན5ནས10བར་སྤེལ་གྱི་ཡོད།
རྟ་ཐོག་ནས་ཁ་བཏགས་ལེན་པ།
རྟ་རྒྱུག་འགྲན་བསྡུར་གྱི་དུས་ཆེན་འདི་ནི་གེ་སར་རྒྱལ་པོ་གཡུལ་འགྱེད་དུ་འགྲོ་བའི་སྔོན་ལ་རྟ་རྒྱུག་མདའ་འཕེན་བྱེད་པའི་ལུགས་སྲོལ་རྒྱུན་འཛིན་བྱས་པ་ཞིག་ཡིན་ལ། གེ་སར་རྒྱལ་པོ་ཡང་རྟ་རྒྱུག་འགྲན་བསྡུར་བྱས་པ་ལས་མང་ཚོགས་ཀྱིས་རྒྱལ་པོར་བསྐོས་ཤིང་བོད་མི་རིགས་ཀྱི་དཔའ་བོ་རུ་གྱུར།
རྟ་རྒྱུག་འགྲན་བསྡུར་གྱི་དུས་ཆེན་དུ་རྟ་རྒྱུག་ལས་གཞན་ད་དུང་རྟ་ཐོག་ཏུ་མདའ་འཕེན་པ་དང་། རྟ་ཐོག་ཏུ་མེ་མདའ་འགྲན་པ། རྟ་ཐོག་ནས་ཁ་བཏགས་ལེན་པ་སོགས་རྟ་རྒྱུག་དང་འབྲེལ་བའི་རྣམ་གྲངས་གང་མང་ཡོད། འདིར་འགྲན་ཞུསག་པ་ལེགས་འདེམ་སོགས་ཀྱི་གོ་རིམ་བརྒྱུད་མི་དགོས་པར་ཏག་ཏག་རང་ཉིད་ལ་ཡིད་ཆེས་དང་སྤོབས་སེམས་ལྡན་ན་དེ་མུར་འགྲན་བསྡུར་དུ་ཞུགས་ཆོག་པ་ཞིག་ཡིན།
ཞར་བཀོད།
མི་དཀྱུས་མ་ཞིག་གམ་ཡང་ན་ཡིག་ངོའང་མི་ཟིན་པའི་བོད་མི་ཞིག་གིས་གློ་བུར་གེ་སར་སྒྲུང་བཤད་ཐུབ་པར་ད་ལྟའི་བར་གསལ་འབྱེད་བྱེད་ཐུབ་མཁན་ཅི་ཡང་མི་མཆིས་པས། གེ་སར་སྒྲུང་གི་མཚར་གཏམ་ཧྲིལ་བོ་གློ་བུར་ཡིད་གར་འཇགས་ནས་ཤར་མར་བཤད་པའི་ནུས་མཐུ་འདི་ལྷ་རུ་བཅོལ་བ་ལས་ཐབས་གཞན་མ་སྣང་།
《གེ་སར་སྒྲུང》ནི་ལོ་རྒྱུས་སྟེང་ཆེས་རིང་བའི་བྱུང་བརྗོད་སྙན་ངག་ཅིག་དང་། ངག་ཐོག་ནས་བརྒྱུད་པའི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་ཞིང་། བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན་སོགས་མདོ་དབུས་ཁམས་གསུམ་གྱི་དམངས་ཁྲོད་དུ་ས་ཁྱབ་རྡོ་བརྡལ་དུ་སོང་འདུག
2009ལོའི་ཟླ10བའི་ཚེས1ཉིན། 《གེ་སར་སྒྲུང》འཛམ་གླིང་གི་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་བཀོད་ཅིང་། རྒྱུས་ལོན་པ་ལྟར་ན། ད་ལྟའི་བར《གེ་སར་སྒྲུང》ལ་པོ་ཏི120ལྷག་དང་། ཚིག་རྐང་ས་ཡ1ལྷག ཡིག་གྲངས་བྱེ་བ2ལྷག་ཡོད་པ་རེད། བྱུང་བརྗོད་སྙན་ངག་འདིའི་ཡིག་གྲངས་ཁོ་ན་ལས་བལྟས་ན་འཛམ་གླིང་གི་བྱུང་བརྗོད་སྙན་ངག་གྲགས་ཅན་ཁག་གི་སྤྱིའི་ཡིག་གྲངས་ལས་བརྒལ་འདུག་པས། འགྲོ་བ་མིའི་རིགས་ཀྱི་ངག་ཐོག་སྒྱུ་རྩལ་གྱི་མ་དཔེར་གྱུར་ཡོད།