ཐུན་མོང་མ་ཡིན་པའི་ཀོང་པོའི་ལོ་གསར།
བོད་ཟླ10པའི་ཚེས1ཉིན་ནི་ཀོང་པོའི་ལོ་གསར་ཡིན་ཞིང་། དེ་ནི་བོད་ཀྱི་ས་ཆ་གཞན་དང་མི་འདྲ་བའི་ལོ་སར་གཏོང་སྲོལ་ཞིག་ཡིན། ཉིན་འདིར་ཁོང་ཚོས་ཁྱི་ལ་མར་དང་ཤ་སྤགས་སོགས་སྟེར་བ་དང་ཁྱིས་སྔོན་ལ་གང་བཟས་ན་ལོ་རྗེས་མར་དེ་ཡག་པོ་ཡོང་བར་བརྩི་སྲོལ་ཡོད། ཉིན་མོར་སྐྱེས་པ་རྣམས་རྟ་རྒྱུག་མདའ་འཕེན་དང་། སྦེ་ག ཤེད་རྡོ། གྲིའི་རྣོ་ཆོད་སོགས་འགྲན་བསྡུར་སྣ་ཚོགས་སྤེལ་ཞིང་། བུད་མེད་རྣམས་རྟ་རྒྱུག་མདའ་འཕེན་སོགས་ཀྱི་བྱེད་སྒོར་རྟེན་འབྲེལ་ཞུ་བར་མཆོད་ཆང་འདེགས་པ་དང་། གླུ་གཞས་གཏོང་བ། ཁ་བཏགས་སྒྲོན་པ་སོགས་བྱེད་ལ། གཞན་ད་དུང་བུད་མེད་རྣམས་མཉམ་འཛོམས་ཀྱིས་རྩེད་འཇོར་རོལ་བ་ཡིན།
མཚན་མོར་མེ་ཕུང་སྒྲོན་ནས་བྲོ་གར་འཁྲབ་སྲོལ་ཡོད་ཅིང་། བྲོ་འཁྲབ་མཁན་གང་ཙམ་ཞིག་འཛོམས་རྗེས་མེ་ཕུང་ལ་མཐར་བསྐོར་ནས་བྲོ་འཁྲབ་བཞིན་ཆང་འཐུང་བ་དང་། སྤྱིར་བཏང་དུ་མཚན་མོ་ས་རུབ་པ་ནས་བྲོ་འཁྲབ་འགོ་རྩོམ་ཞིང་ནམ་ཕྱེད་ཙམ་གྱི་བར་དང་། སྐབས་འགར་ཕྱི་ཉིན་སྐྱ་རེངས་བསུ་བའི་བར་དང་ཐ་ན་ཉིན་མཚན་ཁ་ཤས་སྦྲེལ་ནས་འཁྲབ་སྲོལ་ཡང་ཡོད་པ་རེད།