logo

འཛམ་གླིང་སྤྱི་བསང་ཞེས་པའི་རྗེས་དྲན་གྱི་དུས་མཆོད།

རྩོམ་པ་པོ།:《བོད་ལྗོངས་ཡུལ་སྐོར་སྣེ་ཤན》ལས་ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-17 ཀློག་གྲངས།:

          བོད་ཟླ་ལྔ་པའི་ཚེས་བཅོ་ལྔར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་སྐབས་བྱ་བ་ལམ་ལྷོངས་མ་བྱུང་བས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱགས་རྔན་ལྷ་བསང་གི་འདོན་ཆོས་བརྩམས་ཏེ་བསང་མཆོད་རྒྱ་ཆེར་གནང་བར་བརྟེན་འགལ་རྐྱེན་ཐམས་ཅད་ཉེ་བར་ཞི་ཞིང་གཙུག་ལག་ཁང་ལེགས་གྲུབ་བྱུང་བར་གྲགས་པ་དེའི་ལམ་སྲོལ་འཛིན་པའི་རྗེས་དྲན་གྱི་དུས་མཆོད་ཅིག་རེད། 
          ཟླ་དེའི་ཡར་ངོའི་ཚེས་ཆ་གང་བཟང་ཞིག་ལ་གཞུང་ཕྱོགས་ཀྱིས་དབྱར་གསོ་ཞེས་གནས་ཆུང་ཆོས་རྒྱལ་སོགས་སྲུང་མ་རྣམས་ལ་གཟབ་རྒྱས་བསང་གསོལ་བྱེད་པ་དང་། དེ་སྔའི་གཞུང་ཞབས་བཀའ་བློན་གྱིས་གཙོས་ཤོད་སྐོར་ཡོངས་རྫོགས་ཀྱིས་གནས་ཆུང་ཆོས་རྒྱལ་ལ་སྒྲོན་དར་འབུལ་པ། ལས་ཁུངས་སོ་སོས་དབྱར་གསོལ་གྱི་རྗེས་འབྲེལ་དགའ་སྟོན་ཏེ་སྤྲོ་ཆུང་ཉིན་གསུམ་ནས་ལྔའི་བར་གཏོང་སྲོལ་ཡོད་པ་བཅས་ཀྱི་ཐོག་དེ་ཉིན་ལྷ་སའི་སྐུ་རྟེན་ཡོད་རིགས་ལ་ཁུངས་སོ་སོ་ནས་སྐུ་གསོལ་ཞུ་བ་དང་། ལྷ་ས་བ་རྣམས་ཀྱིས་རྒྱན་གོས་གཟབ་མཆོར་གང་ལེགས་སྤྲས་ཏེ་དཔལ་ལྷ་ལྕོག་དང་། གཙང་པོའི་འགྲམ། གླིང་སྐོར། རི་རྩེ་སོགས་སུ་བསྐྱོད་དེ་ལྷ་སྲུང་སྤྱི་ལ་བསང་གསོལ་གཟབ་རྒྱས་བྱེད་པ་དང་འབྲེལ་ལྷ་སའི་ཉེ་འདབས་གླིང་ཁ་སོ་སོའི་ནང་དུ་གུར་དང་བྱ་གཡབ་སོགས་ཕུབས་ཏེ་བཟའ་བཏུང་གི་གཡོས་སྦྱོར་ཕུན་སུམ་ཚོགས་པར་ལོངས་སུ་སྤྱོད་ཅིང་། རྐང་བྲོ་གླུ་གཞས་ཀྱིས་མཚོན་འདོད་ཡོན་ལྔའི་དཔལ་ལ་ཉིན་མང་དགའ་དགའ་སྐྱིད་སྐྱིད་ཀྱི་རྣམ་པའི་ངང་དུས་འདའ་བ་སོགས་ལོ་ལྟར་ཉམས་པ་མེད་པ་བཅས་བྱེད།


འབྲེལ་ཡོད་འོས་སྦྱོར།