དཔལ་ལྷ་རི་རབ་དུས་ཆེན་ངོ་སྤྲོད་མདོར་བསྡུས།
བོད་ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན་གྱི་སྔ་ཆར་དཔལ་ལྷ་དྲག་མོའི་སྐུ་གསོབ་གཙུག་ལག་ཁང་གི་ཡང་སྟེང་ཁྱམས་འོག་ཏུ་གདན་དྲངས་ཏེ་ཁྲུས་གསོལ་དང་འབྲེལ་གསེར་ཆབ་སྒྲོན་རྗེས་སྨེ་རུ་ཚོགས་ཡོངས་ནས་གཟབ་གསོལ་གྱི་ཆོ་ག་དང་། དེ་སྔའི་སྲིད་གཞུང་གི་དཔོན་རིགས་དང་ལྷ་ས་བ་མང་ཚོགས་ཀྱིས་གཟབ་མཆོར་སྤྲས་ཏེ་འཕྲིན་སྐྱེམས་སྙན་ཤལ་འབུལ་བ་སོགས་བྱེད།
ལྷ་ས་སྨེ་རུ་གྲྭ་ཚང་གི་སློབ་དཔོན་དང་། དབུ་མཛད་དགེ་སྐོས། མཆོད་དཔོན་མཆོད་གཡོག་སོགས་གྲྭ་གྲངས་ཉིས་བརྒྱ་སྐོར་ནས་དུང་རྒྱ་གླིང་དང་བཅས་དཔལ་ལྷ་ལྕོག་ཏུ་གཟབ་གསོལ་དང་ཚོགས་འབུལ་ཟིན་རྗེས་བཀྱེ་འཕྲོ་རྣམས་དེར་ཡོད་མི་ཚང་མར་རེ་རེ་བཞིན་འགྱེད་ཚོད་མེད་སྟབས་གནམ་ཡངས་སྟེང་ནས་གཏོར་འགྱེད་བཏང་ནས་སྦྱིན་ལེན་བྱེད་པ་དེ་ལ་དངོས་གྲུབ་གཏོར་མ་ཞེས་གྲགས། དེའི་ཕྱི་ཉིན་ཚེས་བཅོ་ལྔ་ཉིན་རྨེ་རུ་ཚོགས་ཡོངས་ནས་ལྷ་སའི་ཕྱོགས་བཞིར་གཏོར་རྒྱག་རེ་རྒྱག་པའི་གཏོར་རྒྱབ་ཏུ་དཔལ་ལྷ་དྲག་མོའི་སྐུ་གསོབ་གདན་དྲངས་ཏེ་རི་རབ་ཀྱི་ཕྱོགས་བཞིར་གཏོར་རྒྱག་བྱེད་པ་དེར་དམིགས་ནས་དཔལ་ལྷ་རི་རབ་ཅེས་བརྗོད་པར་གྲགས།