བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་སྤེལ་ནས་ཞོ་སྟོན་གྱི་དཔལ་ལ་རོལ་བ།
འགྲན་ཞུགས་པས་གླང་ཆེན་ས་གཤག་གི་འགྲན་སྡུར་སྤེལ་བཞིན་པ།
འགྲན་ཞུགས་པས་རྡོ་འགྱོག་བཞིན་པ།
བོད་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་ནི་ལོ་རེའི་ཞོ་སྟོན་ཀྱི་དུས་སུ་མེད་དུ་མི་རུང་བའི་བྱ་འགུལ་གཙོ་བོ་ཞིག་ཡིན། ཟླ8པའི་ཚེས30ཉིན། ལྷ་སའི་རྟ་རྒྱུག་ཐང་དུ་འདམ་གཞུང་རྟ་བ་རུ་ཁག་གིས་འཁྲབ་སྟོན་བྱེད་བཞིན་པའི་རྟ་རྩལ་འགྲན་སྡུར་གྱི་ལྟད་མོ་མཐོང་ཐུབ་པ་མ་ཟད། གླང་ཆེན་ས་གཤག་དང་། རྡོ་འགྱོག་པ་སོགས་བོད་ལྗོངས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་གྱི་ལྟད་མོ་ཕུན་སུམ་ཚོགས་པ་ཡང་མཐོང་ཐུབ་པ་རེད།
གླང་ཆེན་ས་གཤག་ནི་རོང་འབྲོག་མང་ཚོགས་ཀྱིས་ལས་ཀའི་བར་གསེང་ཁྲོད་རྩྭ་ཐང་དང་ཡང་ན་ཞིང་ཁར་རྒྱུན་དུ་སྤེལ་བཞིན་པའི་རྩེད་མོ་རང་བཞིན་གྱི་འགྲན་སྡུར་ཞིག་ཡིན་ཞིང་། འགྲན་སྡུར་དང་རྩེད་འཇོའི་བདག་ཉིད་ཅན་གྱི་བྱ་འགུལ་འདི་ལ་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། གླང་ཆེན་ས་གཤག་ནི་འགྲན་ཞུགས་པ་གཉིས་ཀྱིས་ཐག་པ་སྐེ་ལ་སྐོན་པ་དང་། ལག་ཟུང་དང་པུས་མོ་གཉིས་བཅས་ས་ལ་བཙུགས་ཏེ་ཕན་ཚུན་རྒྱབ་འགལ་དུ་བསྡད་ནས་རང་རང་གི་ཕྱོགས་སུ་འཐེན་ནས་ཤུགས་རྩལ་འགྲན་པ་ཞིག་ཡིན་ལ། བོད་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་འདི་ད་ལྟ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་འཁྲབ་ཚན་ནང་དུ་བཞག་ཡོད་པ་རེད།
རྡོ་འགྱོག་པའི་ལུས་རྩལ་འགྲན་སྡུར་ནི་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་ངལ་རྩོལ་ཁྲོད་རིམ་བཞིན་བྱུང་བ་ཞིག་ཡིན་ཞིང་། ཤན་འབྱེད་པས་རྡོའི་ལྗིད་ཚད་ལྟར་འགྲན་ཞུགས་པ་རྣམས་ཀྱི་རྡོའི་འགྱོག་སྟངས་དང་རྡོ་བཀྱགས་ནས་བགྲོད་པའི་ལམ་ཐག་སོགས་ལ་བལྟས་ནས་རྒྱལ་ཕམ་གྱི་དབྱེ་བ་འབྱེད་པ་ཡིན་ལ། དུས་དེར་གཟིགས་མོ་བ་རྣམས་ཀྱིས་ལག་པས་ཐལ་མོ་རྡེབ་པའམ་ཡང་ན་དགོད་སྒྲ་ལྷང་ལྷང་དུ་སྒྲོག་པ་སོགས་ཚོགས་ར་ཡོངས་སུ་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་འདུག
འགྲན་ཞུགས་པས་ནུས་ཤུགས་གང་ཡོད་བཏོན་ནས་རྒྱལ་ཁ་ཐོབ་པར་བརྩོན་བཞིན་པ།
གཟིགས་མོ་བ་རྣམས་ཀྱིས་ལག་པས་ཐལ་མོ་རྡེབ་ནས་འགྲན་ཞུགས་པའི་རྒྱལ་ཁ་ལ་རྟེན་འབྲེལ་ཞུ་བ།