ཞོ་སྟོན་དུས་ཆེན་སྐབས་སུ་ནོར་བུ་གླིང་གར་ལྷ་མོའི་ཟློས་གར་ལ་གཟིགས་པ།
ལྷ་མོའི་ཟློས་གར་འཁྲབ་སྟོན་བྱེད་བཞིན་པ།
ཞོ་སྟོན་དུས་ཆེན་གྱི་སྲོལ་རྒྱུན་ལེ་ཚན་ཁྲོད་དུ། གོས་སྐུ་བཤམས་པ་ལས་གཞན་མི་རྣམས་ཀྱི་རེ་ལྟོས་ཆེས་ཆེ་ས་ཞིག་ནི་ལྷ་མོའི་ཟློས་གར་གྱི་འཁྲབ་སྟོན་ལ་གཟིགས་རྒྱུ་དེ་རེད། ལོ་རེའི་དུས་ཚོད་འདིར། བོད་ལྗོངས་ཀྱི་ས་ཁུལ་སོ་སོ་ཡི་ཟློས་གར་གྲུབ་མཐའ་མི་འདྲ་བ་གཙོ་བོ་ཁག་ལྷ་སའི་ནོར་བུ་གླིང་ག་རུ་འཛོམས་ནས། ཉིན་ཁ་ཤས་ཀྱི་རིང་དུ་འཁྲབ་སྟོན་དང་འགྲན་བསྡུར་བྱེད་པས། སྐབས་དེར་འདུ་འཛི་ཧ་ཅང་ཆེ།
རྒྱུས་ལོན་པ་ལྟར་ན། ཟླ8པའི་ཚེས 29 ཉིན། གནས་དེར་སྔ་མོ་ནས་མི་ཚོགས་འདུས་ཤིང་། རྔ་རྡུང་སྦུབ་དཀྲོལ་བྱེད་བཞིན་ཡོད་པ་རེད། ད་ལོའི་ཞོ་སྟོན་དུས་ཆེན་གྱི་ལྷ་མོའི་ཟློས་གར་འཁྲབ་སྟོན་གྱི་འགོ་རྩོམ་མཁན་ནི་ཞོལ་པ་ལྷ་མོ་ཟློས་གར་རུ་ཁག་རེད།
ཞོལ་པ་ལྷ་མོ་ཟློས་གར་རུ་ཁག་ནི་ས་དེར་མིང་གྲགས་ཧ་ཅང་ཆེ་བའི་རུ་ཁག་ཅིག་ཡིན་ཞིང་། རུ་ཁག་དེ་ནི་སྔོན་མར 1959 ལོར་བཙུགས་པའི་ལྷ་ས་གྲོང་ཁྱེར་མཁར་ཞོལ་ཁུལ་ཞོལ་སྡོད་ཨུ་ཡོན་ལྷན་ཚོགས་ཀྱི་ཟློས་གར་འཁྲབ་སྟོན་ཚོགས་པ་རེད། དེ་ནི་ཞལ་འབག་སྔོན་པོའི་རིགས་ཀྱི་སྐྱོར་མོ་ལུང་གྲུབ་མཐའི་དམངས་ཁྲོད་འཁྲབ་སྟོན་ཚོགས་པ་ཞིག་ཡིན་པ་དང་། ད་ལྟའི་དམངས་ཁྲོད་ཟློས་གར་འཁྲབ་སྟོན་ཚོགས་པའི་ཁྲོད་དུ་དམངས་ཁྲོད་ཟློས་གར་སྒྱུ་རྩལ་སོར་ཉར་བྱས་པ་ཆེས་ཆ་ཚང་བའི་སྲོལ་རྒྱུན་གྱི་དམངས་ཁྲོད་ཟློས་གར་འཁྲབ་སྟོན་ཚོགས་པ་ཞིག་ཡིན་པ་མ་ཟད། བོད་ལྗོངས་དམངས་ཁྲོད་ཟློས་གར་གྱི་འཐུས་ཚབ་ཚོགས་པ་ཞིག་རེད་ཅེས་བརྗོད་ཀྱང་ཆོག རྒྱུས་ལོན་བྱས་པ་ལྟར་ན། ཟློས་གར་ཚོགས་པ་དེ་ཡིས་ནམ་རྒྱུན་བོད་ཁུལ་དུ་གྲགས་ཆེ་བའི་སྲོལ་རྒྱུན་ཟློས་གར་ཆེན་པོ་བརྒྱད་འཁྲབ་སྟོན་བྱེད་ལ། བྱང་ཆ་ཆེས་ཆེ་བ་ནི་སྐྱོར་མོ་ལུང་གྲུབ་མཐའི 《འགྲོ་བ་བཟང་མོ》དང 《གཟུགས་ཀྱི་ཉི་མ》《པད་མ་འོད་འབར》བཅས་དང་། གཞན་ཡང་བླ་མའི་ཟློས་གར་དུ་འབོད་པའི་རྒྱལ་མཁར་གྲུབ་མཐའི 《ཆོས་རྒྱལ་ནོར་བཟང》དང《སྣང་ས་འོད་འབུམ》སོགས་ཟློས་གར་ཁག་ལྔ་རེད།
ཉིན་དེར་ཞོལ་པ་ལྷ་མོའི་ཟློས་གར་རུ་ཁག་གིས་ནོར་བུ་གླིང་ག་ནས《སྣང་ས་འོད་འབུམ》འཁྲབ་སྟོན་བྱས་པ་རེད། 《སྣང་ས་འོད་འབུམ》གྱི་མིང་གཞན་ལ 《བུ་མོ་སྣང་ས》ཡང་ཟེར། གཏམ་རྒྱུད་འདི་ནི་རྒྱལ་རྩེ་ས་ཁུལ་ནས་བྱུང་བའི་གནས་ཚུལ་ངོ་མ་ཞིག་དང་། དམངས་ཁྲོད་ངག་རྒྱུན་དུ་མ་གཞིར་བཟུང་སྟེ་བརྩམས་པ་ཞིག་རེད། གཏམ་རྒྱུད་ཁྲོད་དུ་བོད་ལྗོངས་སུ་བྲན་གཡོག་བདག་པོས་དབང་སྒྱུར་བྱེད་པའི་དུས་སྐབས་སུ། ཞིང་པའི་ཁྱིམ་དུ་སྐྱེས་པའི་བུ་མོ་མཛེས་མ་སྣང་ས་ཡི་དཀའ་སྡུག་གི་མི་ཚེ་བརྗོད་ཡོད་པ་རེད།
བྱ་འགུལ་བཀོད་སྒྲིག་ལྟར་ན། ཟླ 8 པའི་ཚེས 29 ཉིན་ནས་ཟླ 9བའི་ཚེས4 ཉིན་བར། ནོར་བུ་གླིང་ག་དང་རྫོང་རྒྱབ་ཀླུ་ཁང་ནས་ཉིན་ལྟར་ལྷ་མོའི་ཟློས་གར་སྣ་ཚོགས་འཁྲབ་སྟོན་བྱེད་རྩིས་ཡོད་པ་རེད། ལྷ་ས་དང་། ལྷོ་ཁ། གཞིས་ཀ་རྩེ་སོགས་ས་ཁུལ་ནས་ཕེབས་པའི་ཟློས་གར་རུ་ཁག 14ཡིས་རྒྱུན་མི་ཆད་པར་ལྟད་མོ་བ་ཚོར་ངོ་མཚར་བའི་འཁྲབ་སྟོན་འབུལ་རྩིས་ཡོད་པ་རེད།
ཞལ་འབག་དམར་པོ་ཡིས་རྫིག་ཉམས་དང་དབང་ཐང་མཚོན་པས།
རྒྱལ་པོ་དང་བློན་པོ་སོགས་ཀྱིས་གྱོན་པ་རེད།
རི་མོ་བའི་སྨྱུག་རྩལ་ལས་བྱུང་བའི་ལྷ་མོའི་ཟློས་གར་འཁྲབ་སྟོན་བྱ་ཡུལ།