logo

འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན་འདམ་གཞུང་རྟ་རྒྱུག་ཐང་ནས་གཟབ་རྒྱས་ངང་ཚོགས་པ།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། དུས་ཚོད།:2011-08-22 ཀློག་གྲངས།:


འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན་གཟབ་རྒྱས་ངང་འགོ་ཚུགས་པ།

  ཟླ8པའི་ཚེས19ཉིན། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་སྲོལ་རྒྱུན་དུས་ཆེན་ཏེ་འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན་གཟབ་རྒྱས་ངང་ཚོགས་པ་རེད། ཚོགས་ཡུན་ཉིན་བདུན་གྱི་རིང་ཡིན་ལ། དུས་ཆེན་འདི་ནི་ལུས་རྩལ་འགྲན་སྡུར་དང་། ཡུལ་སྐོར་སྤྲོ་འཆམ།དངོས་ཟོག་བརྗེ་རེས།ཁྱད་ཆོས་ལྡན་པའི་ཐོན་རྫས་འགྲེམ་འཚོང་བཅས་གཞི་གཅིག་ཏུ་གྲུབ་པའི་ཁྲོམ་རའི་རང་བཞིན་གྱི་གསོལ་སྟོན་གཟབ་རྒྱས་ཤིག་རེད།
  འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན་ནི2011ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་ཆ་ནས། སྲོལ་རྒྱུན་གྱི་རྒྱུག་ཐག་རིང་བའི་རྟ་རྒྱུག་འགྲན་སྡུར་དང་། རྒྱུག་ཐག་འབྲིང་བ། རྒྱུག་ཐག་ཐུང་བ། རྟ་རྩལ་འཁྲབ་སྟོན། རྟ་འགྲོས། སྐོར་བྲོ་འཁྲབ་སྟོན་ཆེན་མོ། མདའ་རྩེད། རྡོ་འཕེན་པ། གཡག་རྒྱུག་འགྲན་བསྡུར། མི་རིགས་རྒྱན་གོས་འགྲེམ་སྟོན་སོགས་སྲོལ་རྒྱུན་གྱི་རྣམ་གྲངས་ཁག་རྒྱུད་འཛིན་བྱས་ཡོད་པ་མ་ཟད། ལྷ་ས་གྲོང་ཁྱེར་གྱི་རྫོང(ཁུལ)ཁག་སོ་སོའི་ཞིང་འབྲོག་མང་ཚོགས་ཞུགས་པ་དང་། རྫོང(ཁུལ)ཁག་ཁ་ཤས་ཀྱིས་ད་དུང་དུས་ཆེན་སྐབས་སུ་ངོ་མཚར་བའི་རིག་རྩལ་འཁྲབ་སྟོན་བྱས་ལ། འབྲེལ་ཡོད་འགྲན་སྡུར་རྣམ་གྲངས་སུའང་ཞུགས་པ་རེད།
  འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན་ལ་ལོ་རྒྱུས་ཡུན་རིང་བས། དེའི་ལོ་རྒྱུས་སྤྱི་ལོའི་དུས་རབས17བར་དུ་ཕྱིར་འདེད་བྱེད་ཐུབ་པ་དང་། སྐབས་དེར་སོག་པོའི་རྟ་དམག་འདམ་གཞུང་རྩྭ་ཐང་དུ་གནས་སྡོད་བྱས་ཏེ་དམག་རྟ་གསོས་པ་རེད། གཞན་ཡང་གནས་དེ་ནས་དམག་དོན་སྦྱོང་བརྡར་བྱས་པ་དང་། གཏན་ཁེལ་ལྟར་ལོ་རེ་རེར་རྟ་དམག་གཟིགས་ཞིབ་མཛད་སྒོ་སྤེལ། སོག་པོའི་རྟ་དམག་འདས་སོང་གི་ལོ་རྒྱུས་སུ་གྱུར་ནའང་། གཟིགས་ཞིབ་མཛད་སྒོའི་ནང་དོན་གཙོ་བོ་དག་རྟ་རྒྱུག་བྱ་འགུལ་དུ་གྱུར་ཏེ་རྒྱུད་འཛིན་བྱས་པས་ད་ལྟའི་འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན་བྱུང་བ་རེད།  
  རྟ་རྒྱུག་འགྲན་སྡུར་དེ་སྲོལ་རྒྱུན་གྱི་རིག་གནས་རྣམ་པར་བརྟེན་ནས་རྒྱུད་འཛིན་བྱས་པ་ཡིན་པ་མ་ཟད། ཁྱད་ཆོས་ལྡན་པའི་ཡུལ་སྐོར་རྣམ་གྲངས་ཤིག་ཡིན་པས། ལོ་རེ་རེར་རྒྱལ་ཁབ་ཕྱི་ནང་ནི་ཡུལ་སྐོར་བ་གང་མང་ཡུལ་སྐོར་ལྗོངས་རྒྱུ་རུ་ཕེབས་པར་འགུག་པ་རེད། འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན་གྱིས་གཞན་ཡང་གཉན་ཆེན་ཐང་ལྷ་དང་གནམ་མཚོ་ཕྱུག་མོ་སོགས་ཡུལ་སྐོར་ས་གནས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་མཐུན་སྦྱོར་བྱས་པ་དང་། འདམ་གཞུང་རྩྭ་ཐང་གི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་རྣམ་གྲངས་བཞེངས་སྐྲུན་བྱས་པ་མ་ཟད། ཡུལ་སྐོར་བྱ་བ་ཇེ་རྒྱས་དང་རྫོང་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཡོད་པ་རེད།


འགོ་ཚུགས་མཛད་སྒོའི་སྟེང་དུ་མི་རྣམས་ཀྱིས་སྤྲོ་དགས་ངང་སྐོར་བྲོ་འཁྲབ་བཞིན་པ།

འགོ་ཚུགས་མཛད་སྒོའི་སྟེང་གི་ངོ་མཚར་བའི་རྟ་རྩལ་འཁྲབ་སྟོན།


འབྲེལ་ཡོད་འོས་སྦྱོར།