logo

དམུ་དགེ་ཡུལ་གྱི་ལོ་གསར་དགའ་སྟོན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-02-15 ཀློག་གྲངས།:

  

   ཡུལ་འདིའི་ལོ་གསར་གྱི་དགའ་སྟོན་རོལ་སྟངས་ནི།  ཚེར་ཉེར་དགུའི་ནུབ་མོ་དགུ་ཐུག་ཅེས་པ་སྐོར་སྲོལ་ཡོད་ལ་ཁྱིམ་མི་ཀུན་མཉམ་འཛོམས་ཀྱིས་ལོ་རྙིང་ལ་བཀྲ་ཤིས་པའི་མཇུག་སྡུད་པ་དང་།  ཁྱིམ་གྱི་དུད་དྲེག་དང་ཟངས་དྲེག་སོགས་ཕྱགས་དར་ལེགས་པོ་བྱས་ནས་གད་སྙིགས་ཕྱིར་འཕོ་བ་དང་མཉམ་དུ་ལོ་རྙིང་བའི་བཀྲ་མི་ཤིས་པ་དང་ནད་རྣམས་དེ་དང་མཉམ་དུ་རྫོགས་པའི་སྨོན་འདུན་ཞུ།

   ལོ་གསར་ཚེས་གཅིག་གི་ཞོགས་པར་བུད་མེད་རྣམས་སྔ་མོ་ནས་ལངས་ཏེ་ལོ་གསར་རྟེན་འབྲེལ་དང་པོ་ལ།  ཚེས་ཆུ་གསར་བ་ལེན་དུ་འགྲོ་བ་དང་།  སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པའི་ཀླུ་རྫས་ཆུ་མིག་ཏུ་གཏོར་བ་དང་སྡོང་ཕྲུག་གསར་བ་བལ་གྱི་སྡོམ་བུ་བཏགས་པ་ཞིག་ཆུ་མིག་ཁར་འཛུགས།  ཞོགས་པའི་ཚེས་ཆུ་ལེན་སྐབས་སུས་སྔོན་དུ་ལོན་ན་ཁྱིམ་ཚང་དེར་བཀྲ་ཤིས་བདེ་ལེགས་ཡོང་པའི་རྟེན་འབྲེལ་ཡོད་པར་སྨྲ་བས།  ལོ་གསར་ཚེས་གཅིག་སྔ་མོའི་ནངས་ཇ་ལ་ཚེས་ཆུ་འཐུང་ཞེས་ཟེར་སྲོལ་ཡོད།  དེར་ཟས་རིགས་དང་མངར་རིགས་སྣ་ཚོགས་ཡོད་མོད།  དུས་རྒྱུན་ཟ་བའི་རྩམ་པ་དང་མར་ཕྱུར་ངེས་པར་འཛོམས་དགོས་པར་མ་ཟད་ཉུང་ཙམ་ཅིས་ཀྱང་ཟ་དགོས།  ཚེས་ཆུ མ་འཐུང་བའི་སྔོན་དུ་རང་རང་གི་མཆོད་ཁང་དུ་མཆོད་པ་ཞིག་འབུལ་དགོ་པ་དང་།  ཚེས་ཆུབཏུང་རྗེས་སྐྱེས་པ་རྣམས་བསང་གཏོང་བར་འགྲོ་དགོས།  དེ་ནི་ཆེས་བརྗིད་རྔམ་ལྡན་པའི་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཡིན་ཏེ།  སྐྱེས་པ་རྣམས་ཀྱི་རྟ་ཕོ་འབྲུག་འདྲ་བ་ཞིག་ལ་སྒ་སྲབ་སོགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པ་དང་།  རང་རང་གིས་ཀྱང་རྒྱན་གོས་འཁོར་གསུམ་ལེགས་པར་གྱོན་ཏེ་འགྲོ་སྐྱེ་ཚོགས་མང་པོ་འཛོམས་པ་དང་ཕན་ཚུན་ལ་ལོ་གསར་རྟེན་འབྲེལ་ལལོ་གསར་བཟངཞེས་འཚམས་འདྲི་ཞུ་བ་དང་།  མཉམ་དུ་བསང་གཏོང་ལ་བསང་འབོད་སྣ་ཚོགས་བྱེད་པ་ཡིན།

   བསང་བཏང་རྗེས་རྟ་རྒྱུགས་མདའ་འཕེན་གྱི་རྩེད་མོ་རྩེ་བ་ཡིན།  དེར་རྟ་མཆོག་རྣམས་ཀྱིས་དུས་པ་འགྲན་པའི་སྟེགས་བུ་ཡིན་ལ་རྟ་གང་མགྱོགས་ཀྱིས་རྟ་བདག་ལ་ལོ་གཅིག་ལ་དགྲ་ལྷ་དར་བའི་རྟེན་འབྲེལ་ཡང་ཡིན།

   དེང་སང་ལོ་གསར་ཚེས་གཅིག་གི་དགའ་སྟོན་འདི་ལ་དེང་རབས་ཀྱི་ཁྱད་ཆོས་ཤིག་ཀྱང་མངོན་ཡོད་པ་ནི།  སྟག་ཤར་རྣམས་ཀྱིས་སྦག་སྦག་ཞོན་ནས་བསང་དུ་འགྲོ་བ་དང་།  སྦག་སྦག་ཞོན་རྩལ་དང་སྦག་སྦག་རྒྱུག་ཤེད་བཅས་ཀྱི་འགྲན་སྡུར་བྱེད་ཀྱིན་ཡོད་པ་རེད།

   ཚེས་གཉིས་ནས་ལོ་གསར་གྱི་མགྲོན་འབོད་བྱེད་པ་སྟེ་སྐྱེས་པ་རྣམས་ཀྱིས་རང་གི་གཉེན་ཉེ་གྲོགས་བཟང་རྣམས་ཁྱིམ་ཚང་སོ་སོར་བོས་ནས།  ཆང་དང་གླུ་གར་རྩེད་འཇོར་རོལ་བ་རེད།  ལོ་གསར་གྱི་མཇུག་གི་ཚེས་བདུན་ནས་རྫོགས་ཤིང་དེ་ནས་དགོན་པའི་སྨོན་ལམ་འཚོགས་སར་འགྲོ་སྲོལ་ཡོད་པ་རེད།

མེ་ཏོག་གངས་ལྷའི་དྲ་ཚིགས་ལས་བཏུས།


འབྲེལ་ཡོད་འོས་སྦྱོར།