འཕན་པོ་ཤ་ར་དགོན་གྱི་ཤར་ཆེན་མོ་ཞེས་པའི་དུས་མཆོད།
རྨད་བྱུང་མཚན་དང་དཔེ་བྱད་མཛེས་པའི་སྐུ། །རྨད་བྱུང་ཡན་ལག་དྲུག་ཅུའི་ཉམས་ལྡན་གསུང༌། །རྨད་བྱུང་ཆོས་ཚུལ་རྒྱ་མཚོའི་མཐར་སོན་ཐུགས། །རྨད་བྱུང་དུས་གསུམ་རྒྱལ་བས་བྱིན་ཆེན་ཕོབ། །འདི་ན་འཕན་པོ་ལྷུན་གྲུབ་རྫོང་གི་ཁོངས། །འདི་ཕྱིའི་སྐྱབས་གནས་ཤ་ར་དགོན་པ་ཞེས། །འདི་སྣང་བྱ་བར་མིང་ཙམ་མི་རེ་བ། །འདི་ཀོ་དགོན་གནས་མཚན་དོན་ལྡན་པ་ལགས། །དེ་ཕྱིར་དགོན་དེའི་དུས་མཆོད་ཤར་ཆེན་མོ། །དེ་སྔོན་ལོ་རྒྱུས་ཁུར་གྱིས་ལྩི་བ་ཞིག །དེང་གི་དུས་ཀྱང་ལྷུག་པར་གླེང་བཞིན་འདི། །དེང་རབས་དད་ལྡན་རྣམས་ལ་གཟིགས་མོར་ཕུལ། །ལོ་ལྟར་ཧོར་ཟླ་དྲུག་པའི་ཚེས་གཉིས་ནས། ། བཅོ་ལྔའི་བར་གྱི་དུས་བཟང་ཚུགས་ཚུལ་ནི། །གཉིས་ནས་བཟུང་སྟེ་བཙུན་མ་ཡོངས་རྫོགས་ཀྱིས། །རྒྱལ་བའི་བཀའ་འགྱུར་ཆེན་མོ་དག་སྒྲོག་དགོས། །སྐབས་དེར་སྐལ་ལྡན་ཕོ་མོ་སྤྲིན་བཞིན་འདུ། །དད་འབུལ་མེ་ཏོག་མཆོད་རྫས་ཆར་ལྟར་བབས། །དད་ལྡན་ཆོས་དབྱངས་རོལ་མོ་འབྲུག་ལྟར་བསྒྲགས། །དད་གསུམ་སྙིམ་པའི་པད་མོ་སྤྱི་བོར་ཟུམ། །བཅུ་བཞིར་ལྷུན་གྲུབ་རྫོང་དཔོན་ཆེན་མོ་ཡང༌། །ཤ་ར་དགོན་དུ་ཕེབས་ནས་ཉིན་གསུམ་རིང༌། །དགྱེས་པར་བཞུགས་ཏེ་རྣམ་དཀར་ལས་ལ་བརྩོན། །ཁྱད་པར་བཅོ་ལྔའི་དུས་བཟང་ཆེན་མོའི་ཉིན། །སྲས་བཅས་རྒྱལ་བའི་སྤྱན་སྔར་མཆོད་སྤྲིན་དང༌། །སྲས་མཆོག་འདུས་པ་རྒྱ་མཚོར་མང་ཇ་དང༌། །བཙུན་མ་ཡོངས་ཀྱི་ཕྱག་ཏུ་སྐུ་འགྱེད་སོགས། །དགེ་ཚོགས་རླབས་ཆེན་བསྒྲུབས་པའི་ཕྱག་སྲོལ་ཡོད། །ཉིན་དེར་དགོན་བདག་སྒེར་པའི་རང་ཁོངས་ཀྱི། །མི་སེར་ཁྲོད་ནས་སྐྱེས་འབྲས་ཆེས་མཚར་བའི། །མཛེས་མ་གཉིས་ལ་སྐྱེས་པའི་ཆས་གཡོགས་ནས། །དགོན་པའི་ལྷོ་ནུབ་མཁའ་འགྲོའི་བྲོ་ར་རུ། །གར་གྱི་སྣེ་ཁྲིད་གདན་ཞུའི་ཚུལ་གྱིས་སུ། །བསུ་བ་ཞུས་ཏེ་སྒོར་གཞས་སྒོ་དབྱེ་ནས། །གར་སྟབས་སྣ་ཚོགས་སྤྱན་གཟིགས་སྤྲིན་སྤྲོས་ཏེ། །སྐྱེ་བོ་ཡོངས་ལ་ཀུན་དགའི་དཔལ་སྟེར་ཚུལ། །སྙན་གྲགས་སྲིད་པའི་ཁོངས་ལས་བརྒལ་བའི་ཕྱིར། །ལྷ་ས་ལྷོ་ཁ་སོགས་ནས་ཆེད་ཕེབས་པའི། །ཚོང་པ་ལྷོ་སྤྲིན་བཞིན་དུ་འདུ་བ་ལས། །ཉོ་ཚོང་འཁྲུག་པོའི་ཚོང་འདུས་ཆེན་མོ་ཞིག །ཚུགས་པའི་སྲོལ་འདི་སྔོན་གྱི་དུས་ནས་དར། །དེ་ཡི་ཚེ་ན་འཕན་པོ་སྟོད་སྨད་ནས། །ཡོང་བའི་ཡུལ་མི་ཕོ་མོ་རྣམས་ཀྱིས་ཀྱང༌། །སྒོར་གཞས་སྤྱན་གཟིགས་ཚུལ་དུ་འབུལ་བ་སོགས། །འདུ་ལོང་རྣམ་མང་ཡུལ་ལུང་གཏམས་པའི་ཚུལ། །སྐབས་དེར་དམངས་ཁྲོད་དར་བའི་གཞས་ཚིག་ཏུ། །གྲགས་པ་འདི་ཡིས་བདེན་དཔང་ར་སྤྲོད་ཐུབ། །སྙམ་ནས་གཞས་ཚིག་དུམ་གཅིག་བཀོད་པ་ནི། །ཤ་ར་དགོན་པས་གཡས་བྱས། །བདེ་སྐྱིད་གླིང་གས་གཡོན་བྱས། །གཞོན་གཞོན་འཁྲུག་དམག་རྒྱག་ས། །སྐྱིད་པོའི་མཁའ་འགྲོའི་དོ་ར། །ཞེས་དང་གོང་དུ་བུད་མེད་ཀྱིས། །སྐྱེས་པའི་ཆས་སུ་དགོས་དོན་ནི། །མཁའ་འགྲོའི་བྲོ་ར་ཞེས་པ་དེར། །སྐྱེས་པས་བྲོ་གར་མི་ཆོག་སྟབས། །མོ་ཡིས་ཕོ་ཆས་གྱོན་པར་གྲགས། །གྲགས་པ་བཞིན་དུ་ཚིགས་སུ་བཅད། །ནོངས་པ་གང་མཆིས་མཁས་ལ་བཤགས། །དགེ་བ་མཆིས་ན་བསྟན་འགྲོར་བསྔོ།། །།
༢༠༠༡ལོའི་《བོད་ལྗོངས་ནང་བསྟན》དེབ་དང་པོ་ལས་བདམས།