བོད་ཀྱི་དགོན་སྡེའི་སྒྲུབ་མཆོད་ཀྱི་སྐོར།
བོད་ཀྱི་དགོན་སྡེ་ཁག་ལ་སྒྲུབ་མཆོད་སྣ་ཚོགས་ཤིག་ཡོད་པ་དང༌། ལོ་རྒྱུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་ཆོས་ལུགས་ཀྱི་བྱེད་སྒོ་འགའ་ཞིག་ནི་བོད་ཀྱིདམངས་སྲོལ་ལྟ་བུ་ཞིག་ཏུ་གྱུར་ཡོད། དེ་དག་ལ་ཆོས་ལུགས་རང་ངོས་ཀྱི་དགོས་པ་ཕན་ཡོན་ཡོད་ལ། སྤྱི་ཚོགས་ཀྱི་དོན་སྙིང་ཡང་ཡོད་པ་རེད། སྒྲུབ་མཆོད་དེ་དག་ནི་བོད་ཀྱི་དགོན་སྡེའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅིང༌། དེར་རྣམ་གྲངས་མང་ལ་ཆས་དང་ཆོ་ག་ཕུན་སུམ་ཚོགས་པ་ཡོད་པ་ལསགཙོ་བོ་འགའ་བརྗོད་ན།
གཅིག ཆོ་འཕྲུལ་སྨོན་འཕྲུལ་ཆེན་མོ།
ཆོ་འཕྲུལ་དུས་ཆེན་ནི་སྟོན་པ་ཤཱཀྱ་ཐུབ་པས་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་གཉན་ཡོད་དུ་མུ་སྟེགས་ཀྱི་སྟོན་པ་དྲུག་དང་ཆོ་འཕྲུལ་འགྲན་ནས་ཕམ་པར་མཛད་པའི་དུས་ཆེན་ཡིན་པས་དེ་ལྟར་བརྗོད་ཅིང༌། མུ་སྟེགས་ཀྱི་སྟོན་པ་དྲུག་ཕམ་པར་མཛད་པའི་དུས་ཚིགས་ནི་ཟླ་བ་དང་པོའི་ཚེས་གསུམ་ནས་ཚེས་བཅོ་ལྔ་བར་ཡིན་པས། རྗེ་ཙོང་ཁ་པ་ཆེན་པོས་སྤྱི་ལོ༡༤༠ལོར་ལྷ་སར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས་པ་ལས་དར་ཞིང༌། དེ་ནི་བོད་ཀྱི་ཆོས་ལུགས་དུས་ཆེན་ཆེ་ཤོས་ཤིག་ཡིན། །
དེར་ཐོག་མར་སེ་འབྲས་གཉིས་ཀྱི་དགེ་འདུན་དང་ལྷ་སའི་ཉེ་འཁོར་གྱི་དགེ་ལུགས་པའི་དགེ་འདུན་མ་གཏོགས་མེད། དགའ་ལྡན་གྱི་དགེ་འདུན་རྣམས་ནི་དགའ་ལྡན་རང་དུ་སྨོན་ལམ་འཚོགས་ཀྱིན་ཡོད་མོད། རྒྱལ་དབང་སྐུ་ཕྲེང་བདུན་པའི་སྐབས་ནས་བཟུང་དགའ་ལྡན་དགོན་པའི་དགེ་འདུན་རྣམས་ཀྱང་ལྷ་སའི་སྨོན་ལམ་དུ་ཕེབས་དགོས་ཀྱི་ཡོད། དེ་ནས་བཟུང་སེ་འབྲས་དགེ་གསུམ་གྱི་དགེ་འདུན་ཡོངས་རྫོགས་ལྷ་སར་གདན་འཛོམས་ནས་ལྷ་ལྡན་གཙུག་ལག་ཁང་དུ་ཚེས་གསུམ་ནས་དབུ་ཚུགས་ཏེ་ཚེས་ཉེར་ལྔ་བར་མཆོད་སྤྲིན་གཟབ་རྒྱས་གནང་བ་དང་འབྲེལ་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་ལ་གནས་པ་དང༌། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཡུན་རིང་དུ་འཚོ་ཞིང་བཞེས་པ། འགྲོ་ཀུན་ཕན་བདེའི་དཔལ་ལ་ལོངས་སུ་སྤྱོད་པ་སོགས་ཀྱི་སྨོན་ལམ་རྒྱ་ཆེར་མཛད་ཀྱིན་ཡོད། དེའི་འགྲོ་སོང་ནི་ས་གནས་སྲིད་གཞུང་ནས་གཏོང་བ་དང་འབྱོར་ལྡན་ཁག་ནས་ཀྱང་རང་འདོད་ལྟར་འགྱེད་གཏོང་བསྙེན་བཀུར་ཞུ་བཞིན་ཡོད། དགོང་དྲོ་ས་རུབ་རྗེས་ཁྱམས་རའི་ནང་མཚན་ཉིད་ཀྱི་རྩོད་པ་གནང་སྟེ་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་སྲོལ་ཡོད། །
གཉིས། དགའ་ལྡན་སྟག་རྩེ་སྒྲུབ་མཆོད།
བོད་ཟླ་གཉིས་པའི་ཚེས་གསུམ་ནས་བཞི་བར་འཚོགས་ཤིང༌། དེ་ནི་རྗེ་ཙོང་ཁ་ཆེན་པོའི་མཛད་ཆེན་བཞིའི་ཡ་གྱལ་དགའ་ལྡན་སྒྲུབ་མཆོད་ཅེས་པ་དེ་ཡིན། དེ་ཡང་རབ་བྱུང་བདུན་པའི་མེ་བྱ(སྤྱི་ལོ༡༤༡༧)ལོར་རྗེ་ཙོང་ཁ་པ་ཆེན་པོས་གསང་སྔགས་ཀྱི་སྒྲུབ་མཆོད་ཁང་ཡངས་པ་ཅན་གཙུག་ལག་ཁང་གསར་བཞེངས་ཐོག་དགའ་ལྡན་སྒྲུབ་མཆོད་ཆེན་མོ་འཛུགས་གནང་མཛད་པ་དེ་བར་སྐབས་ཤིག་ཉམས་པར་གྱུར་པ་སྟག་རྩེ་མི་དབང་ལྷ་རྒྱལ་རབ་བརྟན་གྱིས་མཐུན་རྐྱེན་སྦྱར་ཏེ་ཉམས་གསོ་བྱས་ཀྱང་ཡུན་རིང་མ་སོང་བྱས་ཀྱང་ཡུན་རིང་མ་སོང་བར་སླར་ཡང་ཉམས་རྒུད་དུ་སོང༌། དེ་རྗེས་ལྦང་འགྱུར་མེད་རྣམ་རྒྱལ་གྱིས་སྲིད་དབང་བཟུང་རིང་མཐུན་རྐྱེན་སྦྱར་ནས་བསྐྱར་གསོ་གནང་བ་དེར་ད་ལྟའི་བར་སྟག་རྩེ་སྒྲུབ་མཆོད་ཅེས་གྲགས། དུས་ཆེན་འདིའི་སྐབས་བྱང་རྩེ་གྲྭ་ཚང་གི་འདོན་བཟང་རྣམས་ནས་གསེར་གདུང་ཁང་གི་མདུན་དུ་གསང་བ་འདུས་བ་མི་སྐྱོད་པ་རྡུལ་ཚོན་དང༌། ཤར་རྩེ་གྲྭ་ཚང་གི་འདོན་བཟང་བ་རྣམས་ནས་ཡངས་བ་ཅན་དུ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་རྡུལ་ཚོན། ལྷོ་པ་དང༌། ཐེ་པོ། མངའ་རིས་བཅས་ཁང་ཚན་གསུམ་ནས་ཡངས་པ་ཅན་དུ་བདེ་མཆོག་ལུ་ཧི་པའི་རྡུལ་ཚོན། ཤར་རྩེ་གྲྭ་ཚང་ཁོངས་ཀྱི་དུས་འཁོར་བ་རྣམས་ནས་ཚོགས་ཆེན་སྟེང་དུ་དུས་འཁོར་གྱི་རྡུལ་ཚོན་སྒྲུབ་མཆོད་དང༌། གཞན་ཡང་བསམ་བློ། གསེར་ཀོང༌། རྡོ་ར་བཅས་ཁང་ཚན་གསུམ་ནས་རྣམ་སྣང་མངོན་བྱང་དང༌། ཧར་གདོང་ལ་ཕྱག་རྡོར་འཁོར་ཆེན། ཚ་བ་དང་ཀླུ་འབུམ་གཉིས་ལ་རྡོར་དབྱིབས། ཏྲེ་ཧོར་དང༌། རྒྱལ་རོང༌། གོ་བོ་བཅས་ལ་མི་འཁྲུག་པ། ཅོ་ནེ་དང༌། སོག་པ་གཉིས་ལ་ཀུན་རིག ཟུང་ཆུར་ཚེ་དཔག་མེད་ལྷ་དགུ། ཕུ་ཁང་ལ་གནས་བརྟན་ཕྱག་མཆོད་བཅས་ཁང་ཚན་སོ་སོར་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་ཕྱག་ལེན་མཛད་སྲོལ་ཡོད།
གསུམ། དགའ་ལྡན་སིའུ་ཐང་དུས་ཆེན།
བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ནི་དགའ་ལྡན་སིའུ་ཐང་ངམ་གསེར་ཐེངས་ཞེས་པའི་དུས་ཆེན་ཡིན། དེ་ནི་ཏཱ་མིང་གོང་མས་རྗེ་རིན་པོ་ཆེ་རྒྱ་ནག་ཏུ་གདན་དྲངས་པར་སྐུ་ཚབ་ཏུ་བྱམས་ཆེན་ཆོས་རྗེ་མངགས་པ་ལྟར་ཁོང་གི་སློབ་མ་ཨ་མོ་ག་དང་བསོད་ནམས་ཤེས་རབ་གཉིས་བོད་དུ་ཕྱིར་ལོག་པ་ལ་ཏཱ་མིང་གོང་མས་རྗེ་ཙོང་ཁ་བར་རྟེན་འབུལ་དུ་བསྐུར་བའི་གོས་སྐུ་གནས་བརྟན་བཅུ་དྲུག་སིའུ་ཐང་ཉི་ཤུ་རྩ་ལྔ་ཡོད་པ་དེ་དག་གསེར་སྐུད་ཀྱིས་སྤྲིན་འབྲུག་སོགས་ཀྱི་རི་མོ་ཚེམ་དྲུབས་མ་ཤ་སྟག་ཡིན་པར་བརྟེན་དགའ་ལྡན་གསེར་ཐང་ཞེས་བརྗོད་ཅིང༌། ཉིན་དེར་གོས་སིའུ་ལས་གྲུབ་པའི་ཐུབ་དབང་དང༌། གནས་བརྟན་བཅུ་དྲུག་དགེ་བསྙེན། ཧྭ་ཤང༌། རྒྱལ་ཆེན་བཞི། གསང་འདུས་མི་བསྐྱོད་པ་བཅས་ཀྱི་ཐང་སྐུ་རྣམས་གསེར་སྡོང་ཁང་གི་མདུན་དུ་ཉིན་བདུན་རིང་བཤམས་