logo

༄༅།།སྡེ་དགེ་ཡིད་ལྷུང་གི་ལོ་སར་རིག་གནས་སྐོར་རགས་ཙམ་གླེང་བ།

རྩོམ་པ་པོ།:རོང་སྨྱུག  ཡིད་ལྷུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-03-02 ཀློག་གྲངས།:
      
      སྤྱིར་ལོ་སར་ཞེས་པ་ནི་མི་རིགས་དང་རྒྱལ་ཁབ་སོགས་ཀྱིས་དབྱེ་བ་མེད་པར་ཐུན་མོང་གིས་བརྩི་བསྲུང་དང་མཐོང་ཆེན་བྱེད་པའི་དུས་ཆེན་དམིགས་བསལ་བ་ཞིག་ཡིན། ཡིན་ཡང་མི་རིགས་སོ་སོའི་དུས་ཚོད་ངོས་འཛིན་དང་འཚོ་བའི་གོམས་གཤིས་སོགས་མི་འདྲ་བའི་དབང་གིས་ལོ་སར་གྱི་དུས་ཚིགས་དང་ལོ་སར་རོལ་སྟངས་སོགས་ཀྱི་ཐད་ལ་མི་འདྲ་ས་དུ་མ་ཞིག་ཡོད། དེ་བཞིན་ང་ཚོ་བོད་མི་རིགས་ལ་མཚོན་ནའང་ལོ་སར་ནི་བོད་མི་སྤྱི་བྱིངས་ཀྱིས་རྩི་མཐོང་ཆེན་པོ་བྱེད་པའི་ཐུན་མོང་གི་དུས་སྟོན་གལ་ཆེན་ཞིག་ཡིན་ནའང་འཚོ་གནས་ཀྱི་ས་བབ་དང་། གནམ་གཤིས་ཀྱི་དྲོ་གྲང་། ཐོན་སྐྱེད་ཀྱི་ངལ་རྩོལ། འཚོ་བའི་གོམས་སྲོལ་སོགས་ལ་བརྟེན་ཏེ་ལོ་སར་གྱི་དུས་ཚིགས་དང་། ལོ་སར་གྱི་བྱུང་རིམ། ལོ་སར་རོལ་སྟངས་སོགས་ཀྱི་ཐད་ལ་མི་འདྲ་བའི་ཆ་ཡང་ཅུང་ཟད་རེ་ཡོད་པ་རེད། 
      ཡིན་ཡང་སྡེ་དགེ་ཡིད་ལྷུང་གི་ལོ་སར་ནི་ཁམས་ཕྱོགས་ཀྱི་ལོ་སར་དང་འདྲ་བར་བོད་ཟླ་དང་པོའི་ཚེས་གཅིག་ནས་བཟུང་རོལ་ཞིང་། ལོ་སར་རོལ་སྟངས་དེ་ཡང་སྤྱི་ཁྱབ་ནས་བོད་ཀྱི་ལོ་སར་རོལ་སྟངས་དང་ཁྱད་པར་དུ་ཁམས་ཕྱོགས་ཀྱི་ལོ་སར་རོལ་སྟངས་དང་གཅིག་མཚུངས་སུ་ཆགས་ཡོད། འོན་ཀྱང་ས་ཆ་རེ་ན་ལུགས་སྲོལ་རེ་དང་ལུང་པ་རེ་ན་ཆ་ལུགས་རེ་ཞེས་པ་བཞིན་ཡུལ་ཕྱོགས་འདི་ན་དར་བའི་དམིགས་བསལ་གྱི་ལུགས་སྲོལ་ཡང་ཁ་ཤས་རེ་ཡོད་ལ། ལུགས་སྲོལ་དེ་དག་ལས་ས་གནས་དེ་གའི་རིག་གནས་དང་ལོ་རྒྱུས། བསམ་སྤྱོད་དང་ལྟ་སྟངས་སོགས་ཀྱང་ཅུང་ཟད་རེ་མཐོང་ཐུབ་ཀི་ཡོད།
      གཅིག ལོ་ཆུང་སར་ཞིང་ལོ་ཇ་བསྐོལ་བ།
      བོད་ཟླ་བཅུ་གཉིས་པའི་ཚེས་པ་གཅིག་ལ་སོ་ནམ་ལོ་སར་དང་། རྒྱ་ལོའི་ལོ་སར། བྱིས་པའི་ལོ་སར། ལུགས་རྙིང་ལོ་སར་སོགས་འབོད་སྲོལ་མང་དུ་མཆིས་མོད། ཡིན་ཡང་ང་ཚོ་ཡིད་ལྷུང་གི་ས་ཆ་ནས་འདི་ལ་ལོ་ཆུང་ལོ་སར་དང་བེའུ་ལུག་ལོ་སར་ཞེས་འབོད། དེ་ནི་ལོ་ཆེན་ལྟ་བུའི་དུས་སྟོན་གྱི་རྒྱས་སྤྲས་ཆེར་མི་བྱེད་པ་དང་གཙོ་བོ་བེའུ་རྫི་དང་ལུག་རྫིའི་བྱིས་པ་དག་གི་དུས་ཆེན་ཞིག་ཏུ་བརྩི་བས་རེད། 
      ཉིན་དེར་ཁྱིམ་ཚང་སོ་སོས་ལོ་ཆེན་ལྟ་བུའི་བཟའ་བཏུང་གི་གཡོས་སྦྱོར་དང་སྡེར་བཤམ་སོགས་རྒྱས་སྤྲས་ཆེན་པོ་མི་བྱེད་ཀྱང་རྟེན་འབྲེལ་མཚོན་བྱེད་རེ་ཀུན་གྱིས་བྱེད་སྲོལ་ཡོད་ལ། ཁྱད་པར་དུ་ཁྱིམ་མཚེས་རུ་རོགས་ཀྱི་བེའུ་རྫི་དང་ལུག་རྫིར་འགྲོ་བའི་བྱིས་པ་དག་རི་ཁ་སོགས་སུ་འདུས་ཏེ། རི་ཇ་བསྐོལ་ཞིང་སོ་སོས་ཁྱེར་བའི་བཟའ་བཏུང་རྣམས་མཉམ་དུ་ལོངས་སུ་སྤྱད་ནས་ལོ་སར་རོལ་བར་བྱེད། འདི་ལ་ལོ་ཇ་བསྐོལ་བ་ཞེས་ཀྱང་འབོད། དེ་ནི་བེའུ་ལུག་ལོ་སར་ཙམ་དུ་མ་ཟད་ལོ་ཆེན་གྱི་སྐབས་སུ་ཡང་བྱིས་པ་ཚོ་མཉམ་དུ་འདུས་ནས་ལོ་ཇ་བསྐོལ་སྲོལ་ཡོད།འདི་ལ་བྱིས་པ་ཚོས་རེ་སྒུག་དང་དགའ་མོས་ཆེན་པོར་བྱེད་པར་མ་ཟད། ལོ་རེའི་ལོ་མཇུག་ཏུ་ཐོན་ལ་ཉེ་དུས་སོ་སོས་ལྕི་བ་དང་ཤིང་དག་རུག་ནས་ལོ་ཇ་སྐོལ་བྱེད་ཀྱི་འབུད་ཤིང་སོགས་གྲ་སྒྲིག་ཀྱང་བྱེད་སྲོལ་ཡོད།
གཉིས། དགུ་གསོལ་འདོན་ཞིང་དགུ་གཏོར་རྒྱག་པ།
      བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་ནི། ལོ་ཡི་འཁོར་མོ་གཅིག་གི་ཆེས་མཐའ་མཇུག་གི་ཉི་མ་དེ་ཡིན་ལ།དེ་ལ་ལོ་ཟད་ཟླ་ཟད་ཀྱི་ཉི་མ་ཡང་ཟེར། ཆོས་ལུགས་དང་རྩིས་གཞུང་སོགས་ཀྱི་ངོས་ཐད་ནས་བཤད་ན། ཉིན་དེ་ནི་གཟའ་སྐར་གྱི་རྒྱུ་ཕྱོགས་སོགས་ཀྱི་དབང་གིས་གསོལ་ཁ་དང་གཏོར་ཟློག །ཁྱད་པར་དྲག་པོའི་ལས་དག་བསྒྲུབས་ན་ནུས་པ་བླ་ལྷག་ཏུ་ཆེ་བའི་དུས་ཚིགས་ཤིག་ཀྱང་ཡིན་པ་རེད།
      དེར་བརྟེན་ཡིད་ལྷུང་གི་དགོན་པ་དང་ཆོས་སྡེ་སོ་སོས་ཀྱང་སྔར་བྱུང་རྐྱེན་ངན་གྱི་འཕྲོ་ཆོད་པ་དང་། ཕྱིས་འབྱུང་རྐྱེན་བགེགས་ཀྱི་བར་ཆད་མི་ཡོང་བར་ཡངས་པའི་རྒྱལ་ཁམས་ཀུན་ལ་དུས་བདེ་ཞོད་འཇགས་དང་། ལོ་ལེགས་ཕྱུགས་འཕེལ། ཆོས་དར་འགྲོ་སྐྱིད་ཡོང་ཆེད་དགུ་གསོལ་བཏོན་པ་དང་དགུ་གཏོར་བརྒྱབ་པ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད། དགོན་པ་སོ་སོའི་ལྷ་འབངས་སུ་གཏོགས་པའི་སྡེ་མི་དག་ཀྱང་མཆོད་འབུལ་དང་ཆོས་མཇལ་སོགས་ཆེས་ཆེར་འགྲོ་སྲོལ་ཡོད་ལ། ད་དུང་སྐྱེས་པ་ཚོས་རྒྱན་གོས་ཀྱིས་གཟབ་མཆོར་སྤྲས་ཤིང་བོའུ་དང་མདའ་ར་སོགས་ཐོགས་ནས་གཏོར་རྒྱག་ཏུའང་འགྲོ་དགོས་ཀྱི་ཡོད།
      དེ་བཞིན་ཁྱིམ་ཚང་སྒེར་པ་ཚོས་ཀྱང་དགེ་འདུན་པ་རེ་ཟུང་ཁྱིམ་ལ་གདན་དྲངས་ནས་ཕ་མེས་ཡང་མེས་ཀྱིས་མཆོད་པའི་རང་རང་གི་སྲུང་མ་དག་གསོལ་བ་དང་། ཁྱིམ་གྱི་གསུང་རྟེན་དུ་ཉར་བའི་སངས་རྒྱས་ཀྱི་གསུང་རབ་རྣམས་ཀྱང་དག་ཀློག་དང་ཞལ་ཕྱེ་སོགས་མཛད་ནས་འབྱུང་འགྱུར་ལོ་གསར་པའི་ནང་གཞི་བྱེས་ཀུན་གྱི་འགལ་རྐྱེན་བར་ཆད་སེལ་ཞིང་མཐུན་རྐྱེན་ལམ་དུ་འགྲོ་བའི་རིམ་གྲོ་སོགས་ལ་འབད་སྲོལ་ཡོད། གཞན་ས་ཆ་ལ་ལར་ཚེས་ཉེར་དགུའི་དགོང་མོར་རྩྭ་མི་མེར་བསྒྲོན་ནས་ཀི་འདེབས་ཀྱིས་གཞན་དུ་སྐྱེལ་བ་སོགས་ཀྱི་རྐྱེན་ཟློག་བྱེད་པའི་སྲོལ་སྣ་ཚོགས་ཡོད་ཀྱང་ས་ཆ་འདིར་མེད།
གསུམ། དགུ་རྡེབ་བྱེད་ཅིང་དགུ་ཐུག་བསྐོལ་བ།
      འབྲོག་པའི་ཁྱིམ་ཚང་དག་ལ་མཚོན་ན། གྲོང་ཁྱེར་གྱི་འཚོ་བ་ལྟ་བུའི་སྡོད་ཁང་དང་ཁྱིམ་ཆས་སོགས་རྒྱས་སྤྲོས་དང་ཆ་རྐྱེན་འཛོམས་པོ་དེ་འདྲ་མེད་ཀྱང་སོ་སོའི་འཚོ་བ་དང་མཐུན་པར་སྟབས་བདེ་ཞིང་བཅའ་དག་པས་འཚོ་སྡོད་བྱས་ཡོད། ལྷག་པར་ཚེས་ཉེར་དགུའི་ནངས་མོར་ཚང་མས་མེ་མ་འབུད་གོང་ཁྱིམ་དང་ཐབ་ཚང་གི་དུད་དྲེག་དག་གཙང་བསྡུ་བྱེད་པ་དང་།དོ་ཕྱར་དང་གོན་པ་སོགས་རྡུལ་སྤྲུག་བྱེད་པ། སྣོད་ཆས་སོགས་གཙང་བཀྲུ་བྱེད་པ།ཁྱིམ་ཕྱི་ནང་དང་སྒོ་ར་ཡོངས་ལ་དམིགས་བསལ་གྱིས་གཙང་སྦྲ་བྱས་ཤིང་། གད་སྙིགས་དག་ཀྱང་ཡོས་ཁྲ་དཀར་ནག་དང་འབྲུ་སྣ་སོགས་བསྲེས་ནས་ཕྱགས་མ་རྙིང་པ་རེ་དང་མཉམ་དུ་ལམ་གྱི་སུམ་མདོ་ལ་མ་ཎི་སོགས་བཏོན་ནས་འཕོ་བར་བྱེད།ད་དུང་གད་སྙིགས་འབོ་མཁན་དེས་ཁྱིམ་ལ་མ་ཐོན་བར་དུ་ཕྱིར་བལྟས་ཀྱང་བྱེད་སྲོལ་མེད། དེ་ནི་སྔར་ལོ་རྙིང་པའི་རྐྱེན་བགེགས་ཀྱི་འཕྲོ་བཅད་དེ་གདོན་བགེགས་འབྱུང་པོ་རྣམས་ལ་གླུད་བསྔོ་བྱེད་པའི་རྐྱེན་ཟློག་ཅིག་ཀྱང་ཡིན་པ་རེད།དེར་བརྟེན་ལོ་སར་གྱི་སྐབས་སུ་ལམ་གྱི་འདུས་མདོ་དག་ན་གད་སྙིགས་དང་ཕྱགས་མ་རྙིང་པ་སོགས་མང་དུ་མཐོང་རྒྱུ་ཡོད་པའང་རྒྱུ་མཚན་དེ་དག་ལ་ཐུག་ཡོད།
      ཚེས་ཉེར་དགུའི་དགོང་མོ་ལ་ཚང་མས་དགུ་ཐུག་ཅེས་པའི་ཐུག་པ་ཞིག་བསྐོལ་ནས་འཐུང་སྲོལ་ཡོད། དེ་ནི་ཚེས་ཉེར་དགུའི་ཉིན་བསྐོལ་བ་དང་། ཐུག་པ་དེར་ཤ་དང་། གྲོ། ཆུར་བ། ནས། གྲོ་མ་སོགས་ཀྱི་ཟས་སྣ་དགུ་རེ་བསྡུས་ནས་བསྐོལ་བས་དགུ་ཐུག་ཅེས་འབོད་པ་རེད། ད་དུང་ཐུག་པ་དེར་རྟ་བརྒྱ་རྟོད་པའི་ཕུར་པ་དང་། མཛོ་བརྒྱ་འདོགས་པའི་སྣ་གཅུ། འབྲི་བརྒྱ་བཞོ་བའི་འཇོ་ཐག །བསམ་དཀར་དང་བསམ་ནག་སོགས་མཚོན་པའི་གྲོ་ཡི་ནང་དུ་རྫས་འདྲ་མིན་བཏུམས་ཤིང་གཟུགས་དབྱིབས་སྣ་ཚོགས་བཟོས་ཏེ། དེ་དག་སུའི་ཕོར་བའི་ནང་དུ་ཡོང་ན་དེ་ཡི་བསོད་ནམས་དང་བསམ་སྤྱོད་སོགས་མཚོན་པར་བྱེད།མཚོན་བྱེད་ཀྱི་བཤད་སྟངས་ཐད་ལ་སྡེ་བ་སོ་སོར་ངག་རྒྱུན་མི་འདྲ་བ་ཅུང་ཟད་རེ་འདུག །གང་ལྟར་དེ་ནི་རྒན་གཞོན་དང་བྱིས་པའི་ཁྱད་པར་མེད་པར་མི་ཚང་མས་དགའ་མོས་ཆེན་པོར་བྱེད་པའི་ཆེས་དམིགས་བསལ་གྱི་ཐུག་པ་ཞིག་ཀྱང་ཡིན་པ་རེད།ད་དུང་ཉིན་དེར"དགུ་མགོ་བཙོ"ཞེས་ལོ་དེར་སྐམ་ལུག་བཤས་པའི་མགོ་བོ་དག་ཀྱང"མགོ་ལྷུ་བཅུ་གཉིས"ཏེ་དུམ་བུ་བཅུ་གཉིས་བྱས་ནས་བཙོ་སྲོལ་ཡོད་པ་རེད།
བཞི། སྒོ་དར་བརྗེ་ཞིང་རླུང་རྟ་སྒྲོན་པ།
      སྤྱིར་བོད་ཀྱི་ཁྱིམ་ཚང་ཞིག་ཡིན་ཚེ་སྒོ་ཕུག་དང་། ཁང་ཀླད། ལྷས་དཀྱིལ་སོགས་སུ་དར་ལྕོག་རེ་བཙུགས་མེད་མཁན་སུ་ཡང་མེད་ལ། དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་མཚོན་བྱེད་ལྟ་བུ་ཞིག་ཀྱང་ཆགས་ཡོད་པ་རེད། ལོ་རྒྱུས་ཀྱི་ཡིག་ཆ་དག་ལ་བལྟས་ན་དར་ལྕོག་གི་རྒྱབ་ལྗོངས་ན་བྱུང་རིམ་གྱི་གཏམ་རྒྱུད་ཀྱང་མང་པོ་ཞིག་ཡོད་པ་རེད། དེ་བཞིན་ཡིད་ལྷུང་གི་ས་ཆ་ན་འཚོ་སྡོད་བྱས་པའི་ཁྱིམ་ཚང་སོ་སོས་ཀྱང་སྒོ་ཕུག་དང་། ཁང་ཀླད། ལྷས་དཀྱིལ་སོགས་ན་མ་ཎི་དང་། སིདྡྷི། སྒྲོལ་མ། གདུགས་དཀར། བསམ་ལྷུན། དཔུང་རྒྱན། རླུང་རྟ་སྡེ་ལྔ་སོགས་ཀྱི་ཇོ་རིང་དང་ཁམས་མཐུན་གྱི་དར་ལྕོག་སྣ་ཚོགས་བཙུགས་ཡོད་ལ། ཁྱིམ་ཚང་ལ་ལས་དར་ལྕོག་སོགས་བཙུགས་པ་མང་དྲགས་པས་ལབ་རྩེ་ལྟ་བུར་བྱས་ནས་བསྡད་ཡོད་པའང་མཐོང་རྒྱུ་ཡོད།
      གང་ལྟར་ལོ་སར་གྱི་སྔར་ཉིན་ཏེ་ཚེས་སུམ་ཅུའི་ཉིན་དར་ལྕོག་རྙིང་པ་དག་རི་མཐོ་ས་གཙང་གི་གནས་སུ་བསྐྱལ་ཞིང་གསར་དུ་བཟོས་པ་དག་དགེ་འདུན་པ་ཚོར་རབ་གནས་སུ་མཛད་བཅུག་སྟེ་གསར་རྙིང་བརྗེ་སྤོ་བྱེད་སྲོལ་ཡོད། དེ་ནི་ཕྱོགས་གཅིག་ནས་མི་ནོར་ཕྱུགས་གསུམ་ལ་དགྲ་རྐུན་གཅན་སྤྱང་སོགས་ཀྱི་གནོད་འཚེ་བཟློག་པའི་ཆོས་ལུགས་ཀྱི་འགོག་སྲུང་ཁྱད་པར་ཅན་ཞིག་བསྐྲུན་པ་ཡིན་ལ། ཕྱོགས་གཅིག་ནས་ལོ་རྙིང་ཕར་ལ་སྐྱེལ་ཏེ་ལོ་གསར་པ་ཚུར་ལ་བསུ་བའི་གྲ་སྒྲིག་དང་སྟ་གོན་ཞིག་ཀྱང་ཡིན་པ་རེད།
      དེང་སྐབས་དར་ལྕོག་དང་ཇོ་དར་དེ་ཡང་འཕྲུལ་དཔར་དང་བཟོ་གྲྭ་སོགས་ལས་ཐོན་བཟོ་བྱས་པ་དག་ཐད་ཀར་བླུས་ནས་གསར་བརྗེ་བྱེད་པ་ལས། སྔོན་ཆོད་ལྟར་རས་གཞི་རང་གིས་ཉོས་ཏེ་དཔར་འདེབས་རང་གིས་དཔར་བ་དང་།ལོ་དེར་དགུན་བཤས་བཤས་པའི་ཕྱུགས་ཟོག་དག་གི་རྔ་རྩིད་ཀྱིས་དར་ལུང་དང་། ཀོ་བས་དར་ཐག་བྱེད་མཁན་གྱི་རིགས་ནི་ཧ་ཅང་ཉུང་ཉུང་ལྟ་བུར་ཆགས་འདུག
ལྔ། བཟའ་བཏུང་གཡོ་ཞིང་སྡེར་ཁ་སྒྲིག་པ།
      སྤྱིར་བཏང་གི་ཁྱིམ་ཚང་ཞིག་ལ་མཚོན་ན་ལོ་སར་ནི་ལོ་གཅིག་གི་ནང་འགྲོ་གྲོན་དང་ལས་ཚེགས་ཆེས་ཆེ་བའི་དུས་སྟོན་ཞིག་ཏུ་ཆགས་ཡོད་དེ། ལོ་སར་ཐུག་ལ་ཉེ་སྐབས་ཁྱིམ་ཚང་སོ་སོས་རྫོང་ཐོག་དང་གྲོང་བརྡལ་དག་ཏུ་སོང་ནས་ལོ་སར་གྱི་མཁོ་ཆས་སྣ་ཚོགས་ཉོ་སྒྲུབ་བྱེད་པ་དང་། བཟའ་བཏུང་འདྲ་མིན་གཡོས་སྦྱོར་བྱས་ཏེ་ལོ་སར་གྱི་གྲ་སྒྲིག་གང་མང་བྱེད་དགོས་པ་རེད། དེ་བཞིན་གྲོང་གསེང་གི་ཚོང་པ་དག་ལ་མཚོན་ནའང་ལོ་སར་ནི་ཚོང་ཁ་ཆེས་བྲིན་ཞིང་ཡོང་འབབ་ཤིན་ཏུ་ཆེ་བའི་དུས་ཚིགས་དམིགས་བསལ་ཞིག་ཡིན་པར་མ་ཟད། ད་དུང་ཚོང་པ་ལ་ལས་དུས་སྐབས་དེ་དང་བསྟུན་ནས་ཚོང་ཟོག་གི་རིན་གོང་ལྡབ་འགྱུར་གྱིས་ཇེ་མཐོར་ཡང་གཏོང་གི་ཡོད་པ་རེད།
      ཡིན་ཡང་སོ་སོའི་འཁོས་ཀ་ལ་བརྟེན་ནས་ལོ་སར་གྱི་སྐབས་སུ་ཤ་མར་ཐུད་གསུམ་དང་། དཀར་གསུམ་མངར་གསུམ་སོགས་ཀྱི་སྡེར་ཁ་སྣ་ཚོགས་བསྒྲིགས་ཏེ་བཤམ་བཀོད་གཟབ་རྒྱས་རེ་བྱེད་སྲོལ་ཡོད་ལ། བཟའ་བཏུང་དེ་ཡང་བོད་རང་གི་ཐུན་མོང་མ་ཡིན་པའི་བཟའ་བཏུང་གི་སྐོར་ཏེ། ཤ་བཙོས་མ་དང་། ཤ་སྐམ། ཤ་རློན། ཕོ་ལོག །གཡག་རྒྱུ། ཟོག་ལྕེ། ཐུད་དཀར། ཐུད་ནག ཞུན། གྲོ་མ་མར་ཁུ། པག་ཚལ་མར་ཁུ། གླིང་ཐུག གྲོ་གཅུས། གོར་བ།  རྗེན།  མཛོ་སྣ།  ཚོད་མ།  འབྲི་ཞོ།  ཞོ་གྲོ། ཞོ་འབྲས།  ཟོ་ཤེ།  འོ་ཇ་དང་། དཀྲུགས་ཇ། ཆང་སོགས་རང་ས་རང་ཡུལ་ནས་ཐོན་པའི་ཉེན་མེད་བཅུད་ལྡན་གྱི་བཟའ་བཏུང་དག་གཙོ་བོར་བྱེད་ལ། དེ་བཞིན་དེང་དུས་སུ་དར་ཁྱབ་བྱུང་བའི་སིལ་ཏོག་དང་། སྦྲང་རིགས། བཏུང་ཁུ་སོགས་གཞན་གྱི་ཟས་རིགས་སྣ་ཚོགས་ཀྱང་མཁོ་སྒྲུབ་བྱེད་ཀི་ཡོད།
     གཞན་ཡང་རོང་འབྲོག་གི་ས་ཁུལ་དག་ནས་ཐོན་པའི་རང་སའི་བཟའ་བཏུང་གཙང་མ་དག་སྣང་མེད་དུ་བསྐྱུར་ཞིང་། གཞན་གྱི་ས་ཁུལ་ནས་ནང་འདྲེན་བྱས་ཤིང་ཚད་ལྡན་མ་ཡིན་པའི་གད་སྙིགས་ཀྱི་བཟའ་བཏུང་སྣ་ཚོགས་མཐོང་ཆེན་པོས་སྡེར་བཤམས་བྱས་ཏེ། ཉེན་བཅས་ཀྱི་ལོ་སར་གཏོང་བའི་རིགས་དེ་ཡང་ཡུལ་འདིར་མེད་པ་མིན་ལ། དེ་ལ་བརྟེན་ནས་སོ་སོའི་བདེ་ཐང་ལ་གནོད་འཚེ་དང་དཔལ་འབྱོར་ལ་གྱོང་གུད་ཐེབས་མ་མྱོང་མཁན་ཡང་གཏན་ནས་མེད་པ་ཞིག་ག་ལ་ཡིན་ཨང་།
དྲུག སྐར་ཆུ་ལེན་ཞིང་ཕྱེ་མར་འགམ་པ།
      ལོ་སར་ཚེས་པ་གཅིག་གི་ནངས་མོར་ཁྱིམ་ཚང་དག་སྔར་ལངས་བྱས་ཏེ་སྐར་ཆུ་ལེན་པ་ལ་སུ་མགྱོག་གིས་ཐོབ་རྩོད་བྱེད་སྲོལ་ཡོད།དེ་ནི་སེངྒེ་དཀར་མོའི་ཁ་ཆུ་ལོན་པ་ཡིན་ཟེར་བས་ཀུན་གྱིས་བཀྲ་ཤིས་པའི་དོན་བཟང་ཞིག་ཏུའང་བརྩི། དེ་ཡང་སྐར་ཆུ་ལེན་སྐབས་དང་ཐོག་མཆོད་ཁ་ལན་གསུམ་ཕུལ་ནས་གཟོད་སྣོད་དུ་བཅུ་བར་བྱེད། ད་དུང་སྐར་ཆུ་ཐོག་མ་ལེན་མཁན་དེས་ཆུ་མགོ་རུ་ཁ་བཏགས་འདོགས་པ་དང་རྩམ་པ་བླུག་པ་སོགས་ཀྱང་བྱེད། དེ་ནི་སྐར་ཆུའི་ཆུ་ཕུད་དེ་གཞན་གྱིས་བླངས་ཟིན་པའི་བརྡ་ཞིག་ཡིན་པ་རེད། སྤྱིར་སྐར་ཆུ་ཞེས་པ་ནི་ནངས་མོའི་སྐར་འོད་མ་ཡལ་གོང་གི་ཆུ་ལ་ཟེར་ཞིང་དེ་ནི་ལོ་རྒྱུས་ཀྱི་ཡིག་ཆ་དག་ཏུའང་གསལ།ང་ཚོའི་ཡུལ་ནས་འདི་ལ་ཚེས་ཆུ་དང་སེངྒེའི་ཁ་ཆུ་ཞེས་འབོད་མཁན་ཡང་ཡོད།
      སྐར་ཆུ་ཁུར་ཏེ་ཁྱིམ་ལ་ཐོན་དུས་དང་པོ་རྟེན་གསུམ་གྱི་དྲུང་དུ་ཡོན་ཆབ་གཤོམ་པ་དང་། གཞན་མར་མེ་འབུལ་བ། སྤོས་ཤུག་བདུག་པ། བཟའ་བཏུང་གི་ཕུད་གཤོམ་པ་སོགས་མཆོད་འབུལ་ལེགས་པར་གྲུབ་རྗེས། ཁྱིམ་མི་ཡོངས་ཀྱིས་སྐར་ཆུས་ཞལ་ལག་བཀྲུ་བ་དང་། དེ་རྗེས་ཚང་མ་གདན་གྲལ་ལ་འཁོད་ཅིང་ཕྱེ་མར་འགམ་ནས་གཟོད་བཟའ་བཏུང་ལ་རོལ་བ་བྱེད། ཡུལ་འདིར་ས་ཆ་གཞན་གྱི་ལུགས་སྲོལ་ལྟར་ཕ་མ་དང་རྒན་རབས་པ་རྣམས་ལ་ཕྱག་འཚལ་བ་སོགས་ཀྱི་སྲོལ་ཆེར་མེད་ཀྱང་། དེ་དག་གྲལ་གྱི་མགོར་བཞག་ཅིང་ཟས་ཀྱི་ཕུད་སྟེར་བ་སོགས་དམིགས་བསལ་གྱིས་བསྙེན་བཀུར་བྱེད་སྲོལ་ཡོད་པ་རེད། གཞན་ཐབ་ཀྱི་ཡ་ཐབ་དང་ཡ་ཕུག་གི་ཀ་བ་དག་གི་ངོས་སུ་རྩམ་པས་ནོར་བུ་དང་པ་ཊ་སོགས་ཀྱང་འབྲི་སྲོལ་ཡོད་འདུག
      དེ་ལ་ཕྱེ་མར་ཞེས་པ་ནི་སྡེར་མའི་ནང་དུ་རྩམ་པ་རི་བོ་ལྟར་སྤུངས་ཤིང་མར་གྱི་རྒྱན་དང་རྩེ་མོ་ཉི་ཟླས་བརྒྱན་པ་ཞིག་ལ་ཟེར་ཞིང་། དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་བཀྲ་ཤིས་དང་རྟེན་འབྲེལ་མཚོན་བྱེད་ཀྱི་རྫས་དམིགས་བསལ་ཞིག་ཡིན་པར་མ་ཟད། ཕྱེ་མར་གྱི་རྒྱབ་ལྗོངས་ན་བྱུང་རབས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་མཚོན་དོན་སོགས་ཀྱང་མང་པོ་བསྙད་དུ་ཡོད། ས་ཆ་གཞན་དུ་གྲོ་སོ་ཕྱེ་མར་སོགས་མཆོད་སྲོལ་ཡོད་པ་དག་ཀྱང་རྒྱས་བསྡུས་ཙམ་ལས་འདི་དང་གཅིག་པ་ཡིན། 
བདུན། ལྷ་བསང་གཏོང་ཞིང་ཡུལ་ལྷ་གསོལ་བ།
      སྤྱིར་བོད་ཀྱི་འགྲོ་ལུགས་ལྟར་ནངས་མོའི་དུས་སུ་ཉི་མའི་འོད་ཟེར་རང་གི་སྡོད་གནས་སུ་ཕོག་དུས་ཐབ་བསང་རེ་གཏོང་བ་ནི། ཡིད་ལྷུང་གི་ཁྱིམ་ཚང་ཕལ་ཆེ་བ་ལ་རྒྱུན་ལྡན་གྱི་གོམས་སྲོལ་ཞིག་ཏུ་ཆགས་ཡོད།ལྷག་པར་ལོ་སར་གྱི་སྐབས་སུ་ཐབ་བསང་ཙམ་དུ་མ་ཟད།སོ་སོའི་སྒོ་ཁ་དང་ཕྱུགས་ཀྱི་ལྷས་དཀྱིལ་དག་ན་ཆེད་དུ་ས་རྡོ་དང་སྤོ་ཐོ་སོགས་ཀྱིས་བསང་ཁྲི་རེ་ལས་ནས་ལྷ་བསང་རྒྱ་ཆེན་པོ་གཏོང་སྲོལ་ཡོད། དེ་ལ་ཁྱིམ་ཚང་ཚེགས་ཡང་ཚོས་བསང་ཁྲི་དེ་ཡང་ས་རྡོས་བརྩིགས་ཤིང་འདམ་འབག་གིས་ཤན་ཏེ། ངོས་སུ་རྡོ་དཀར་དང་རྡོ་ནག་སོགས་ཀྱིས་བཀྲ་ཤིས་རྟགས་བརྒྱད་དང་པ་ཊའི་རི་མོ་སྣ་ཚོགས་ཀྱང་ཕབ་ཡོད།
      ད་དུང་ལོ་སར་ཐོན་ལ་ཉེ་དུས་སོ་སོས་གྲིར་ཤི་སོགས་ཀྱིས་མནོལ་བཙོག་ཏུ་མ་སོང་བའི་ཁོར་ཡུག་དག་ནས། ཤུག་པ་དང་། སུར་དཀར། ཉ་རིད། སྤེན་དཀར། འབོ་ལོ། འོམ་བུ། མཁན་པ་སོགས་བསང་ཤིང་དུ་འགྲོ་བའི་ཤིང་རིགས་སྣ་ཚོགས་འཐུ་ཞིང་། དེ་ཡང་རབ་ན་མཚོན་གྱིས་གཅོད་པ་དང་འགོམ་ཡུག་སོགས་མི་བྱེད་པར་ཧ་ཅང་གཙང་མར་བྱེད། དེ་བཞིན་ཡོས་ཁྲ་དཀར་ནག་དང་འབྲུ་སྣ། དར་སྣ། སྨན་སྣ་སོགས་ཀྱི་བསང་རྫས་དག་ཀྱང་གྲ་སྒྲིག་བྱེད་ཀི་ཡོད། 
      ལོ་སར་ཚེས་གཅིག་གི་ནངས་མོར་ཀུན་གྱིས་སྒོ་ཕྱི་ནང་ནས་ལྷ་བསང་གཏོང་། བསང་རྫས་སྲེག།སྐར་ཆུས་ཆབ་བྲན། ཐབ་ལྷ་དང་། ཕུགས་ལྷ། ཕྱུགས་ལྷ་སོགས་གསོལ་ནས་ཁོ་ར་ཁོར་ཡུག་ཀུན་བསང་དུད་དང་དྲི་ཞིམ་གྱིས་ཡོངས་སུ་ཁྱབ་ཏེ། རི་སྒང་ཞིག་ནས་བལྟས་ན་གངས་རྫ་ནགས་སྤང་དང་མཚོ་དང་མཚེའུ་སོགས་ཀྱིས་ཕྱོགས་ཀུན་ནས་མཛེས་པའི་ཡིད་ལྷུང་གི་ས་ཆ་ནི་སྤྲིན་གྱི་རྒྱ་མཚོ་འཁྱིལ་བའི་ལྷ་ཡུལ་གྱི་འཇིག་རྟེན་ལྟ་བུ་ཞིག་ཏུ་གྱུར་ཡོད།
     ད་དུང་ཉིན་དེར་ཁྱིམ་ཚང་སོ་སོའི་སྐྱ་སེར་དག་ཀྱང་བསང་ཤིང་དང་། བསང་རྫས། རླུང་རྟ། དར་ལྕོག་སོགས་བཟུང་ཞིང་དུས་རྒྱུན་གྲོང་སྡེ་སོ་སོའི་མཆོད་གནས་སུ་གྱུར་པའི་ཡུལ་ལྷའི་རི་མགོ་དང་རི་འདབས་སོགས་སུ་འདུས་ནས། ལྷ་བསང་གཏོང་བ་དང་། རླུང་རྟ་མཆོད་པ། དར་ལྕོག་འདོགས་པ། ཀི་བསྭོ་སྒྲོག་པ་དང་། དགེ་འདུན་པ་ཚོས་ཀྱང་སྔོན་བྱོན་དམ་པ་རྣམས་ཀྱི་དག་སྣང་དགོངས་གཏེར་མཛོད་སོགས་ལས་བབ་པའི་འཛམ་གླིང་སྤྱི་བསང་དང་། ཁྱད་པར་དུ་ཡིད་ལྷུང་སྟོད་སྨད་ཀྱི་ཡུལ་ལྷ་གཞི་བདག་རྣམས་ཀྱི་བསང་མཆོད་ཀྱི་ཆོ་ག་སོགས་གཟབ་རྒྱས་སུ་གསུངས་ཏེ། སྐྱ་སེར་ཀུན་གྱིས་ལོ་གསར་པའི་ནང་གཞིས་བདེ་བྱེས་སྐྱིད་ཡོང་བའི་ཁ་འཛིན་དང་སྡོང་གྲོགས་ལྷན་དུ་ཞུས། བསང་དུད་དང་རླུང་རྟས་བར་སྣང་བཀང་། ཀི་བསྭོ་དང་རྔ་རོལ་གྱིས་རི་ལུང་ཁྱབ་པར་བྱེད་ཀི་ཡོད།
    བརྒྱད། རྟེན་འབྲེལ་བསྲུང་ཞིང་ལྟས་ངན་ལ་འཛེམ་པ།
      སྤྱིར་བཏང་བོད་པ་ནི"བོད་རྟེན་འབྲེལ་གྱི་བདག་པོ"ཞེས་པ་བཞིན་རྟེན་འབྲེལ་བརྟག་པ་ལ་ཤིན་ཏུ་དགའ་ཞིང་ལྟས་ངན་བྱུང་བ་ལ་ཧ་ཅང་འཛེམ་པའི་མི་རིགས་ཤིག་ཡིན་པས། ཡིད་ལྷུང་གི་མི་བུ་རྣམས་ལའང་ཤུགས་རྐྱེན་དང་གོམས་གཤིས་དེ་དག་རང་ཆས་སུ་གྲུབ་ནས་ཡོད། ལྷག་པར་ལོ་ན་ཅུང་ཟད་མཐོ་བའི་རྒན་རབས་པ་རྣམས་ལ་མཚོན་ན་སྲོལ་རྒྱུན་གྱི་ཤུགས་རྐྱེན་དང་རྣམ་རྟོག་གི་འདུ་ཤེས་དེ་དག་དེ་བས་ཀྱང་ཆེ་སྟེ། ཐ་ན་རྒྱུན་གྱི་འཚོ་བའི་ཁྲོད་དུའང་འཛེམ་དོགས་དང་བརྩི་བསྲུང་དགོས་པའི་རིགས་ཤིན་ཏུ་མང་པོ་ཡོད།
      དེ་ལས་ཀྱང་ལོ་སར་གྱི་ཚེས་པ་གཅིག་ནི། ཀུན་གྱིས་ལོ་ཡི་ཐོག་མ་དང་། རྟེན་འབྲེལ་གྱི་མགོ་མ། བྱ་བའི་རྩེ་མོ་ཞིག་ཏུ་བརྩི་བས། ཉིན་མོ་དེར་ངུ་བ་དང་། འཛིང་མོ་དང་ཁ་རྩོད་བྱེད་པ། སྣོད་ཁ་དག་ཆག་གྲུམ་ཤོར་བ་སོགས་བཀྲ་མི་ཤིས་པའི་གཏམ་དང་བྱ་སྤྱོད་རིགས་ལ་ཤིན་ཏུ་འཛེམ་པར་བྱེད། གལ་ཏེ་ཉིན་མོ་དེར་རྟེན་འབྲེལ་མི་ལེགས་པ་རེ་བྱུང་ན་ལོ་དེར་བཀྲ་མི་ཤིས་པ་སོགས་འབྱུང་བར་བཤད་པས། ཀུན་གྱིས་བཀྲ་ཤིས་ཤིང་རྟེན་འབྲེལ་ལེགས་པའི་གཏམ་དང་བྱ་བ་ལ་ཅི་ནུས་ཀྱིས་འཇུག་པར་བྱེད། ད་དུང་ཉིན་མོ་དེར་རྟེན་འབྲེལ་ལ་བསམས་ནས་ཁྱིམ་ལ་ཕྱགས་བདར་མི་བྱེད་ལ། ནད་པ་ཚོས་སྨན་ཡང་མི་འཐུང་། སྔ་མོ་ནས་མ་ལངས་ན་ལོ་ལྷ་ཉལ་ཐོག་ཏུ་སླེབས་ཡོང་ཞེས་བཤད་པས་ཚང་མ་ནངས་མོའི་དུས་སུ་ཉལ་འདུག་སྲོལ་ཡང་མེད།
དགུ། གོས་གསར་གྱོན་ཞིང་རྒྱན་གསར་འདོགས་པ།
      ལོ་སར་གྱི་ཉིན་མོ་ནི་ལོ་གཅིག་གི་ནང་ཁྱིམ་མི་མཉམ་དུ་འཛོམས་ཤིང་དགའ་སྐྱིད་ཀྱི་དཔལ་ལ་རོལ་བའི་དུས་ཆེན་དམིགས་བསལ་བ་ཞིག་ཡིན་པས། ཀུན་གྱིས་བཟའ་བཏུང་གི་གཡོས་སྦྱོར་དང་སྡེར་ཁའི་བཤམ་བཀོད་སོགས་གཟབ་རྒྱས་སུ་བྱེད་པར་མ་ཟད་གོས་གསར་གྱོན་ཞིང་རྒྱན་གསར་བཏགས་ཏེ་མཛེས་སྤྲས་ཀྱང་ཆེས་ཆེར་བྱེད་སྲོལ་ཡོད། ད་དུང་ཁྱིམ་ཚང་ལ་ལས་ཆེད་དུ་ལོ་སར་ལ་དམིགས་ནས་རྒྱན་གོས་གསར་བཟོ་དང་ཉོ་སྒྲུབ་ཀྱང་བྱེད་ལ། རྒྱན་གོས་གསར་པ་དག་ལོ་སར་གྱི་དུས་ཆེན་དང་བསྟུན་ནས་གཟོད་གྱོན་འདོགས་ཀྱང་བྱེད་ཀི་ཡོད།
      གཞན་ཡང་ལོ་སར་གྱི་སྐབས་སུ་རྒྱུན་གྱི་རྒྱན་གོས་ཙམ་མ་ཡིན་པར། ཚ་རུ་དང་། པགས་པ། ཕྲུག །སྣམ་བུ། འབུ་རས། ཐེར་མ། གོས་ཆེན་སོགས་ཀྱིས་བཟོས་པའི་ལྭ་བ་ནོམ་ཆེན་དག་གྱོན་པ་དང་། བུད་མེད་ཚོས་སྨན་འབྲུག་མོའི་ཆ་ལུགས་སུ་གྲགས་པའི་མགོ་ལ་གསེར་མེ་གཡུ་ཡི་ཆབ་ཏོག་དང་སྤོས་ཤེལ་བྱུ་རུའི་ཆབ་ཏོག་ཅན་གྱི་མགོ་རྒྱན་དང་། གཡུ་ཡི་སྐྲ་གདན། བ་སོ་དང་གཡང་ཊི་སོགས་ཀྱི་ལག་གདུབ། གཟི་བྱུར་གྱི་སྐེ་རྒྱན། གསེར་དངུལ་གྱི་ཆབ་མ་དང་། གའུ། རྣ་རྒྱན། བློ་ཟུངས། བློ་ཁུག་སོགས་འདོགས་པར་བྱེད་ལ། 
      དེ་བཞིན་སྐྱེས་པ་ཚོས་ཀྱང་མགོ་ལ་སྟོང་སྐུད་ཀྱི་སྐྲ་འཕན་དང་། བ་སོའི་མཐེབ་གོར། དངུལ་གྱི་སྐྲ་འཛིན། གཡུ་ཡི་རྣ་ཆ། གཟི་བྱུར་གྱི་སྐེ་ཞགས། གསེར་གྱི་གའུ། མདའ་ར་དང་མེ་ཆ་སོགས་འདོགས་པར་བྱེད། གཞན་རྒན་པ་དང་བྱིས་པ་ཚོས་ཀྱང་གོས་གང་ཡག་དང་རྒྱན་གང་མཛེས་བྱས་ཏེ་རང་གི་ཡུལ་ལུང་ནས་དར་ཞིང་རང་གི་ལོ་རྒྱུས་དང་ཁྱད་ཆོས་ལྡན་པའི་གོས་རྒྱན་ཆ་ལུགས་སོགས་ཀྱིས་མཛེས་སྤྲས་ཆེན་པོ་བྱེད་སྲོལ་ཡོད་པ་རེད། ཡིན་ཡང་དེང་སྐབས་རང་གི་ཡུལ་ལུང་དུ་གནའ་ནས་དར་བའི་གོས་རྒྱན་གྱི་ལུགས་སྲོལ་དང་ཆས་ཀ་དག་ལའང་གཞན་འགྱུར་གྱི་ཤུགས་རྐྱེན་དང་ཉམས་དམས་གང་མང་ཐེབས་ཀྱིན་ཡོད་པ་ནི་ཚང་མ་གཅིག་མཚུངས་རེད།
བཅུ། འཚམ་འདྲི་ཞུ་ཞིང་ཁ་གཡང་སྒྲོག་པ།
       བོད་ཆོས་ལྡན་གྱི་ཡུལ་འདིར་འཚོ་བའི་དད་ལྡན་གྱི་མང་ཚོགས་ཤིག་ཡིན་ཚེ། སོ་སོའི་འཚོ་བའི་ནང་དུ་སྐྱིད་སྡུག་ལེགས་ཉེས་ཅི་འདྲ་ཞིག་བྱུང་ཡང་རྒྱུན་དུ་དཀོན་མཆོག་གསུམ་ལ་ཡིད་ཁྱེད་ཤེས་ཀྱི་སྒོ་ནས་གསོལ་འདེབས་དང་སྨོན་ལམ་སོགས་བྱེད་པ་ནི་རྒྱུན་ལྡན་གྱི་གོམས་སྲོལ་ཞིག་ཏུ་ཆགས་ཡོད་ལ། དེ་ནི་སོ་སོའི་མི་ཚེའི་ནང་དཀའ་ཁག་དང་འཇིགས་ཉེན་སྣ་ཚོགས་འཕྲད་སྐབས་ཆེས་གདོང་ལེན་བྱེད་པའི་ཐབས་ཤེས་དང་སྙིང་སྟོབས་ཤིག་ཀྱང་ཆགས་ཡོད། དེར་བརྟེན་སྤྱིར་བཏང་གི་མང་ཚོགས་ཡིག་རྨོངས་པ་ཞིག་ཡིན་ནའང་སོ་སོས་ཀློག་དག་མིན་ལ་མ་ལྟོས་པར་གསོལ་འདེབས་དང་སྨོན་ལམ་སོགས་ཀྱི་ཁ་ཏོན་རྒྱུན་ཆགས་སུ་འདོན་བཞིན་ཡོད་པ་རེད། 
       དེ་ལས་ཀྱང་ལོ་སར་ཚེས་པ་གཅིག་ནི་ལོ་ཡི་མགོ་མ་དེ་ཡིན་པས་སོ་སོས་ལོ་གསར་པའི་ནང་ལུས་བདེ་སེམས་སྐྱིད་ཡོང་བ་ལ་དམིགས་བསལ་གྱིས་གསོལ་འདེབས་དང་སྨོན་ལམ་སོགས་བྱེད་ལ། ད་དུང་དོན་དང་བྱ་བ་སོགས་ཀྱི་དབང་གིས་ཉིན་དེར་ལྷན་འཛོམས་མ་ཐུབ་པའི་རང་གི་ནང་མི་དང་། གཞན་རང་དང་གློ་བ་ཉེ་ཞིང་འབྲེལ་བ་ཟབ་པའི་ས་ཐག་རིང་ཐུང་གི་གཉེན་ཉེ་དང་། གྲོགས་པོ། ལས་གྲོགས་རྩ་ཆེན་དག་ལའང"ལོ་སར་བཟང"དང"ལོ་སར་བཀྲ་ཤིས་བདེ་ལེགས"ཀྱི་འཚམ་འདྲི་དང་། ལོ་གསར་པའི་ནང་ཚེ་རིང་ནད་མེད་དང་ཐུགས་བཞེད་ལྷུན་འགྲུབ་ཡོང་བའི་ཁ་གཡང་སྨོན་འདུན་སོགས་ཀྱང་ཆེས་ཆེར་ཞུ་སྲོལ་ཡོད། 
       དེ་ཡང་སྔོན་བརྡ་འཕྲིན་མ་དར་བའི་གོང་དུ་ལམ་འགྲུལ་སོགས་ལ་བརྒྱུད་དེ་ཁ་ཆ་དང་ཡིག་འཕྲིན་གྱི་ལམ་ནས་ལོ་སར་གྱི་འཚམ་འདྲི་དག་ཞུ་བ་བྱེད་ལ། དེ་རྗེས་བརྡ་འཕྲིན་གྱི་དུས་རབས་ལ་སླེབས་སྐབས་ཕན་ཚུན་བོད་སྐད་བརྙན་འཕྲིན་དང་བོད་སྐད་རླུང་འཕྲིན་སོགས་བརྒྱུད་ནས་འཚམ་འདྲི་ཞུ་བ་བྱེད། ཡིན་ཡང་དེ་ནི་ཤེས་ཡོན་ཅན་གྱི་མི་སྣ་རེ་ཟུང་མ་གཏོགས་ཡུལ་མི་སྤྱི་བྱིངས་ཀྱིས་ཚུལ་དེའི་འགྲོ་ལུགས་ཀྱང་སྒྲུབ་ཤེས་ཀྱི་མེད། དེང་སྐབས་ནི་དེ་ལས་ཀྱང་སྟབས་ཇེ་བདེར་སོང་སྟེ་ཐད་ཀར་ཁ་པར་དང་འཕྲིན་ཕྲན་སོགས་ཀྱི་ལམ་ནས་ཕན་ཚུན་འཚམ་འདྲི་དང་སྨོན་འདུན་ཞུ་བཞིན་ཡོད་པར་མ་ཟད་ལོ་སྐལ་གྱི་ཚབ་ཏུ་ཁུག་དམར་གྱི་ལེགས་སྐྱེས་ཀྱང་འབུལ་རེས་བྱེད་བཞིན་ཡོད་པ་རེད། དེ་ནི་དུས་རབས་ཀྱི་འཕོ་འགྱུར་བསམ་ཡུལ་ལས་འདས་པ་ཞིག་ཀྱང་རེད།
བཅུ་གཅིག  མགྲོན་ལ་འབོད་ཅིང་ལོ་སྐལ་འབུལ་བ། 
      ལོ་སར་གྱི་སྐབས་སུ་གཉེན་ཉེ་དང་མནའ་ཤག །རུ་རོགས་དང་ཁྱིམ་མཚེས་དག་ཕན་ཚུན་མགྲོན་ལ་འབོད་དེ་ལོ་སྐལ་ཡང་འབུལ་རེས་བྱེད་སྲོལ་ཡོད། ལོ་སྐལ་ཞེས་པ་ནི་ལོ་སར་གྱི་སྐབས་སུ་མགྲོན་ལ་འབོད་པའི་མགྲོན་པོ་དང་ལྷག་པར་དག་ལ་ཕན་ཚུན་ལོ་སར་གྱི་སྐལ་བ་སྟེར་བའི་ལེགས་སྐྱེས་སམ་ལག་རྟགས་ཤིག་ལ་ཟེར་བ་རེད།སྔོན་དུས་ཀྱི་ལོ་སྐལ་ལ་གཙོ་བོ་ཁ་བཏགས་དང་། ཤ་སྐལ།གྲོ་གཅུས།ཐུད།ཀ་ར།བོད་རྗེན་གྱིས་བཟོས་པའི་མཛོ་སྣ་སོགས་འབུལ་བ་བྱེད་ལ།དེང་སྐབས་ཤིང་ཐོག་དང་སྦྲང་རིགས་བཏུང་ཁུ་སོགས་ཀྱང་འབུལ་གི་ཡོད། 
      གཞན་ཡང་ལོ་སར་གྱི་སྐབས་སུ་ཁྱིམ་གཞི་གཅིག་ལས་གྱེར་པའི་ཁྱིམ་གཞིས་གསར་བཟུང་དང་། ས་ཕྱོགས་གཞན་དུ་གནས་ཡུལ་སོགས་ལ་སོང་བའི་ཕུ་ནུ་མིང་སྲིང་དག་ཀྱང་ས་ཐག་རིང་ཐུང་ལ་མ་བལྟས་པར་ཚང་མ་ལྷན་འཛོམས་རེ་བྱེད་སྲོལ་ཡོད། སོ་སོའི་ཕ་མ་དག་ཀྱང་རང་གི་ཁྱིམ་དང་གནས་ཡུལ་སོགས་ལ་ཆེད་དམིགས་ཀྱིས་མགྲོན་འབོད་བྱེད་སྲོལ་ཡོད། དུས་རྒྱུན་ལས་བྲེལ་དང་ས་ཐག་སོགས་ཀྱིས་ཐ་དད་དུ་བསྐལ་ཡོད་པའི་ནང་མི་གཉེན་ཉེ་དག་ཀྱང་ལོ་སར་གྱི་སྐབས་སུ་ཐུག་ཐུབ་ཅེས་ཕན་ཚུན་རེ་སྒུག་བྱེད་པ་དང་། ད་དུང་སྐབས་དེར་སྟེར་བའི་ལེགས་སྐྱེས་སྣ་ཚོགས་ཀྱང་སྔ་མོ་ནས་གྲ་སྒྲིག་བྱེད་སྲོལ་བཅས་ཡོད་པ་རེད།
བཅུ་གཉིས། མཉམ་དུ་འཛོམ་ཞིང་གླུ་གར་ལ་རོལ་བ།
      ལོ་སར་གྱི་སྐབས་སུ་ཁྱིམ་མི་རྣམས་ཀྱིས་གང་ཞིམ་གྱི་ཟས་དང་གང་མོས་ཀྱི་བཏུང་བ་སྣ་ཚོགས་ལོངས་སུ་སྤྱོད་ཞོར་ཕན་ཚུན་གླུ་ཤགས་བཀྱེ་བ་དང་། གནའ་གཏམ་བཤད་པ། ཁད་འཇོག་པ། ཐེ་གེ་འདེད་པ། པ་ར་རྒྱག་པ། འགྲིག་ཤོ་རྩེ་བ། མིག་མངས་དང་རྒྱལ་པོ་སྣུར་པ། ཆ་རྩེད་རྩེ་བ་སོགས་དམངས་ཁྲོད་ཀྱི་རྩེད་རིགས་སྣ་ཚོགས་ཤིག་རྩེ་སྲོལ་ཡོད། ཡིན་ཡང་དེང་སྐབས་བརྙན་འཕྲིན་དང་ཁ་པར། ལྷག་པར་གློག་རྡུལ་རྩེད་འཕྲུལ་སོགས་ལ་གཡེང་དྲགས་པས་བྱིས་པ་ལ་ལས་རྩེད་རིགས་དེ་དག་གི་རྩེ་ཚུལ་མི་ཤེས་པ་ཙམ་དུ་མ་ཟད། ཐ་ན་རྩེ་རིགས་དག་གི་མིང་ཙམ་ཡང་མི་ཤེས་པའི་ཚོད་དུ་གྱུར་ཡོད།
      གཞན་ཡང་ལོ་སར་གྱི་ཚེས་བཞི་ལྔ་ཡར་མར་ལ་སྡེ་བ་སོ་སོའི་མི་མང་རྣམས་ས་ཕྱོགས་གཅིག་ལ་འཛོམས་ནས་སོ་སོས་གླུ་དབྱངས་དང་། དམངས་གླུ། ཞབས་བྲོ། བཞད་གར། འཁྲབ་སྟོན། རྒྱན་ངོམ། ཤོམ་འགྲན། ལྗིད་འགྱོགས། ཐག་འཐེན། ཤེད་འགྲན་སོགས་གནའ་དེང་གི་རྩེད་འཇོ་སྣ་ཚོགས་ལ་རོལ་ཏེ་ལོ་སར་གྱི་དུས་སྟོན་མཉམ་དུ་བསུ་བ་བྱེད། ད་དུང་སྡེ་བ་ལ་ལ་ན་སྐྱེས་པ་ཚོས་རྟ་རྒྱུག་བྱེད་པའི་སྲོལ་ཡང་ཡོད།
བཅུ་གསུམ། གཉེན་ལ་བརྩི་ཞིང་རོགས་ལ་བྱམས་པ།
      སྤྱིར་གཉེན་ཉེ་རིང་ལ་བརྩི་འཚོ་དང་ཆེ་རྒན་རབས་ལ་གུས་བཀུར།རོགས་ཁྱིམ་མཚེས་ལ་རོགས་རམ་དང་ཆུང་བྱིས་པ་ལ་བྱམས་སྐྱོང་བྱེད་པ་ནི་བོད་མི་ཚོར་ལྷན་སྐྱེས་སུ་མངའ་བའི་ཐུན་མོང་མ་ཡིན་པའི་ཡ་རབས་ཀྱི་བཟང་སྤྱོད་ཅིག་ཡིན་ཏེ།རྒྱུན་དུ་གཉེན་ཉེ་དང་ཁྱིམ་མཚེས་སོགས་ཀྱི་འབྲེལ་ལམ་ཙམ་དུ་མ་ཟད་རྒྱུས་མེད་ཀྱི་མགྲོན་པོ་དང་།ཐ་ན་ལམ་ཁའི་སྲོག་ཆགས་ཤིག་ཡིན་ནའང་རོགས་རམ་དང་བྱམས་སྐྱོང་སོགས་གང་དགོས་བྱེད་ཀྱི་ཡོད་པ་རེད། བཟང་སྤྱོད་དེ་ནི་འཚོ་བའི་འཕོ་འགྱུར་དང་དུས་ཀྱི་དར་རྒུད་ཅི་འདྲ་ཞིག་འབྱུང་ཡང་ང་ཚོས་དུས་ནམ་ཡང་འབོར་མི་བྲ་བའི་མི་རིགས་རང་གི་ཁྱད་ཆོས་ཤིག་ཀྱང་ཡིན་པ་རེད།
      དུས་རྒྱུན་ཁྱིམ་ཚང་སོ་སོའི་བར་ལ་མི་མཐུན་པ་དང་མི་འགྲིགས་པ་སོགས་ཀྱི་གནས་ཚུལ་ཅུང་ཟད་རེ་འབྱུང་སྲིད་ཀྱང་། ཆེས་དཀའ་ཁག་གི་གནས་སུ་འཕྲད་དུས་ཕན་ཚུན་རང་མོས་རང་འཐད་ཀྱིས་རོགས་རམ་དང་རྒྱབ་སྐྱོར་མི་བྱེད་མཁན་ཞིག་ཕལ་ཆེར་མེད་པ་ལྟ་བུར་ཆགས་ཡོད། དེས་ན་རང་གི་ཁྱིམ་མི་དང་གཉེན་ཉེ་རྩ་ཆེན་འདས་གྲོངས་སུ་སོང་བ་དང་། གཞན་ཁྱིམ་མཚེས་རུ་རོགས་ཀྱི་ནང་དུ་མི་ཤི་ན་ཚ་སོགས་མི་འདོད་པའི་དོན་རྐྱེན་ཚབས་བྱུང་བ་དང་། ལྷག་པར་འདས་གྲོངས་སུ་སོང་ནས་ཞེ་དགུ་མ་ལོན་ཚེ་ལོ་དེར་ལོ་སར་བ་དང་ཁྱིམ་མཚེས་ཕན་ཚུན་མགྲོན་འབོད་སོགས་བྱེད་སྲོལ་མེད། དེ་ནི་འདས་པོ་རྣམས་ལ་མྱ་ངན་དང་གསོན་པོ་རྣམས་ལ་སྐྱིད་སྡུག་མཉམ་ཁུར་བྱེད་པ་རེད།
བཅུ་བཞི། མཇུག་གི་གཏམ།
      འདི་ལྟར་མི་རབས་རྒན་པ་རྣམས་ཀྱི་གམ་ལ་གཅར་ཞིང་གནའ་མིའི་ངག་སྒྲོས་དག་ཞིབ་ཀྱིས་མཉན་ནས་ཕ་ཡུལ་གྱི་ལོ་སར་རིག་གནས་སྐོར་ལ་རྒྱུས་ལོན་རགས་རིམ་རེ་བྱེད་དུས། ཡུལ་དུས་ཀྱི་འགྱུར་བ་སྣ་ཚོགས་ལ་བརྟེན་ཏེ་ཕ་ཡུལ་གྱི་ལོ་སར་རོལ་སྟངས་ཀྱི་ཐད་ལའང་ཤུགས་རྐྱེན་འདྲ་མིན་ཞིག་ཐེབས་ཀྱིན་ཡོད་པ་གསལ་པོར་མཐོང་ཐུབ་ལ། ཤུགས་རྐྱེན་དེ་དག་གི་འོག་ནས་མི་ལོ་སྟོང་ཕྲག་དུ་མའི་རིང་དར་འཕེལ་བྱུང་བའི་ཕ་ཡུལ་གྱི་དམངས་སྲོལ་རིག་གནས་དང་མི་རིགས་རིག་གནས་མང་པོ་ཞིག་ཀྱང་རིམ་གྱིས་ཉམས་དམས་སུ་ཐེབས་བཞིན་ཡོད་པ་རྟོགས་ཐུབ།ཡིན་ཡང་དེ་ནི་ས་ཆ་དང་ཡུལ་ལུང་སོ་སོ་ལ་སྤྱི་མཐུན་གྱིས་ཐེབས་ཀྱིན་པའི་དུས་ཀྱི་འགྱུར་ལྡོག་དང་འཚོ་བའི་འཕོ་འགྱུར་བརྗོད་དཀའ་བ་ཞིག་ཀྱང་ཅི་ལ་མིན་ཨང་།
      ཞེས་པ་འདི་ཡང་བོད་རབ་རྒྱན་ལྕགས་མོ་གླང་གི་ལོའི་གནམ་ལོ་གསར་པ་ཚེས་ལ་ཉེ་བའི་སྐབས་སུ་རང་ཡུལ་གྱི་རྒན་རབས་མི་སྣ་འགའ་ལ་བཅར་འདྲི་དང་ལོ་སར་རིག་གནས་སྐོར་ལ་རྒྱུས་ལོན་གང་ཐུབ་བྱས་པའི་བརྗེད་ཐོ་རགས་ཟིན་ཞིག་རོང་སྦྱིན་པ་ཚུལ་ཁྲིམས་སམ་མིང་གཞན་རོང་སྨྱུག་ཏུ་འབོད་པས་བཀོད་པའོ།།
འབྲེལ་ཡོད་འོས་སྦྱོར།