མི་ཉག་ར་རྔ་ཁའི་སྟོན་བཤད།
རྩོམ་པ་པོ།:པ་སངས་སྒྲོལ་མ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-03-25
ཀློག་གྲངས།:
མི་ཉག་ར་རྔ་ཁའི་སྟོན་བཤད་ལ་རགས་ཙམ་དཔྱད་པ།
པ་སངས་སྒྲོལ་མ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་།
དང་པོ། ར་རྔ་ཁའི་གཉེན་སྲོལ།
“སྤྱིར་གཉེན་སྲོལ་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། མིའི་རིགས་ཀྱི་རིག་གནས་བང་མཛོད་ཁྲོད་ཀྱི་ནོར་བུ་གལ་ཆེན་ཞིག་ཡིན། བོད་ཀྱི་ས་ཆ་མང་ཆེ་བར་བུ་མོ་ལོ་བཅོ་ལྔ་ལ་སོན་པ་ན་བག་སྟོན་ཞེས་སྟོན་མོའི་རྒྱ་ཆེ་ཆུང་མི་འདྲ་བ་ཞིག་བྱེད་སྲོལ་ཡོད་ཅིང་། ཕོ་ལོ་བཅོ་ལྔ་ཡིས་དགྲ་ཐུབ། མོ་ལོ་བཅུ་དྲུག་གིས་གནས་ཐུབ་ཟེར་བའི་ཁ་དཔེ་ཡོད་པ་ལྟར། དོན་དངོས་སུ་ལོ་བཅོ་ལྔའི་རྗེས་སུ་བུ་མོ་རྣམས་ལ་ན་ཆུང་ཕོ་གསར་ཚོས་འདོད་པའི་གཏམ་དང་དགའ་བའི་ཚིག་བརྗོད་ན་ཆོག་པའི་རང་འདོད་རང་དབང་གི་དབང་ཆ་གནང་བ་ཡིན་ལ། དུས་དེ་ནས་བཟུང་ནར་སོན་ཕོ་མོ་གཉིས་ཀས་གཞི་ཁྱིམ་གསར་དུ་བསྒྲིགས་པ་དང་། ཡང་ན་བུ་མོ་དེ་བུའི་གཞིས་སུ་གནས་ལ་འགྲོ་བའམ་བུ་དེ་བུ་མོའི་ཁྱིམ་དུ་མག་པར་འགྲོ་ཆོག་པའི་མཚོན་རྟགས་ཙམ་ཡིན་པར་སེམས།”[1]
བོད་ཀྱི་གཉེན་སྲོལ་ལ་བརྒྱུད་རིམ་ཁ་ཤས་ལྡན་པ་སྟེ། གཉེན་སློང་བ་དང་། གཉེན་སྟོན་བྱེད་པ་སོགས་ཀྱི་གོ་རིམ་ཆ་ཚང་ཞིག་ཡོད། འདིར་རགས་བསྡུས་ཀྱིས་ཅུང་ཙམ་བརྗོད་ན། ཐོག་མར་ཁྱིམ་ཚང་གཉིས་ཀྱིས་བློར་འབབ་པའི་ཕོ་མོ་གཉིས་ཀྱི་ལོ་ཁམས་སོགས་བླ་མའི་མདུན་ནས་རྩིས་བྱེད་པ་དང་། རྩིས་བྱས་ནས་སྲོག་ལུས་སྤར་ཁ་སོགས་མཐུན་ན། ད་གཟོད་ཁ་བཏགས་ཆང་ཇ་སོགས་ཁྱེར་ནས་སོང་སྟེ་གཉེན་རྟགས་རྒྱག་པ་སྟེ། མནའ་མ་ལ་ཕྱི་གོས་ནང་གོས་དང་གཉེན་རྟགས་བཅས་ཆ་ཚང་སྟེར་དགོས། གཉེན་སྒྲིག་གི་ཉིན་མོར། གཉེན་ཚང་གི་ཚབ་བྱེད་མི་སྣ་འགའ་ཞིག་ཨ་ཞང་ཚང་ལ་མནའ་མ་བསུ་རུ་ཡོང་ནས་གཉེན་སྟོན་གྱི་མགོ་རྩོམ་པ་རེད། གོ་རིམ་དེ་དག་ནི་བོད་མདོ་དབུས་ཁམས་གསུམ་གྱི་གཉེན་སྲོལ་ལ་ལྡན་པའི་སྤྱིའི་ཁྱད་ཆོས་ལྟ་བུར་ཆགས་ཡོད།
གཉིས་པ། ར་རྔ་ཁའི་གཉེན་སྟོན།
«བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསལ་འདྲེན་པའི་སྐྱ་རེངས»ཞེས་བྱ་བ་ལས། “གཉེན་གྱི་བཤད་པ་ནི་བོད་ཀྱི་གནའ་བོའི་སྤྱི་ཚོགས་ནང་གཉེན་གྱི་ཆོ་ག་འདྲ་མིན་བྱུང་རྗེས་དར་བའི་དམངས་སྲོལ་ཡིན་ཞིང་། བོད་ཀྱི་ངག་རྒྱུན་བཤད་པ་སྣ་ཚོགས་ལས་དར་སྲོལ་ཆེས་ཆེ་བ་ཞིག་རེད། «གཉེན་བཤད་གསེར་གྱི་འཁོར་ལོ»དང«གཉེན་བཤད་གསེར་གྱི་བུམ་པ» «གཉེན་བཤད་དྲི་བ་དྲིས་ལན» «བག་མར་གཏོང་བའི་གདམས་ཚིག» «སྐྲ་ཤད་ཀྱི་བཤད་པ» «ལྕག་འབོད་པའི་གཏམ» «རྟ་ཁ་བསུ་བ» «མག་བཅིངས་དར་གླུ་རིང་མོ» «གཉེན་རྒྱལ་པོ་བྱོན་ཚུལ»སོགས་ནང་དོན་གྱི་ཆ་ནས་བག་གསར་དང་མག་གསར་བསུ་སྐྱེལ་གྱི་གཉེན་སྟོན་ཐོག་ཁ་བདེ་ལྕེ་བདེ་ཅན་གྱི་ཕོ་གསར་ཞིག་གིས་ལག་ཏུ་ཆང་དང་ཁ་བཏགས་བཟུང་ནས་ཡུལ་ལྷ་གཞི་བདག་ལ་མཆོད་ཁ་འཕེན་པ་དང་། དེའི་འཕྲོར་གཉེན་གྱི་དར་ལུགས། གཏམ་གྱི་སྒོ་མོ་རྣམ་གསུམ། གཏམ་གྱི་འདུས་པ་རྣམ་གསུམ། ཨ་ཁུ་དཔོན་པོའི་སྐྱེས་རབས། ཨ་ཞང་ཚང་གི་སྐྱེས་རྒྱུད། གཉེན་ཚང་གི་སྐྱེས་རབས་རྣམ་ཐར། བག་མ་དང་མག་པར་བསྟོད་པ། སྐེད་རགས་ལ་བསྟོད་པ། བག་མར་གདམས་ངག་བསླབ་བྱ་གཏོང་བ། བུ་མོ་བཅོལ་གདམས་བྱེད་པ་སོགས་ཀྱི་སྲོལ་ཡོད།”[2]ཅེས་པ་ལྟར་ཡིན་ཞིང་། སྟོན་བཤད་ལ་མི་ཉག་ར་རྔ་ཁའི་ཡུལ་སྐད་དུ་གཏམ་བཤད་ཀྱང་ཟེར།
སྤྱིའི་ཆ་ནས་གཉེན་སྲོལ་གྱི་འགྲོ་རིམ་ནི་གོང་གི་དེ་ལྟ་བུ་ཞིག་ཡིན་ན་ཡང་། ཡུལ་ལུང་སོ་སོ་ལ་གཉེན་གྱི་འགྲོ་རིམ་གྱི་ཐད་ནས་མི་འདྲ་ས་ཅུང་ཙམ་ཡོད། མི་ཉག་ར་རྔ་ཁའི་གཉེན་སྲོལ་གྱི་འགྲོ་རིམ་རགས་ཙམ་བཤད་ན་འདི་ལྟ་སྟེ། བག་གསར་དང་མག་གསར་ཕྱི་སྒོ་ལ་ཐོན་དུས། སྟོན་བཤད་ཀྱི་མགོ་རྩོམ་པ་དང་། སྟོན་བཤད་གནང་མཁན་གྱིས་བཤད་མཚམས་རེ་བཞག་དུས་ཨ་ཞང་ཚང་གིས་ཨོ་ལགས་སོ། །ལགས་སོ་ལགས། ལགས་སོ་ལགས། ཞེས་སྟོན་བཤད་བྱེད་མཁན་ལ་ལན་འདེབས་པ་རེད། བར་དུ། བག་གསར་རམ་མག་གསར་གཉིས་སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པའི་བལ་གདན་ཐོག་ཏུ་འབྲུ་རིགས་ཀྱིས་གཡུང་དྲུང་གི་རི་མོ་བྲིས་ཡོད་པ་དེའི་ཐོག་ཏུ་འགྲོ་བ་དང་། མི་རྣམས་ཀྱི་བསུ་མའི་ཁྲོད་ནས་ནང་སྒོ་ལ་བགྲོད་པ་དང་། དེའི་འཕྲོར་མུ་མཐུད་དུ་སྟོན་བཤད་གནང་མཁན་གྱིས་གཏམ་བཤད་པ་རེད། ཉིན་དེ་ལ་ཁྱིམ་ཚང་གི་སྐས་ནི་ཕྲུག་གིས་བརྒྱན་ཡོད། བག་གསར་དང་མག་གསར་ནང་སྒོ་ལ་སླེབས་ནས་གཏམ་བཤད་ཚར་སྐབས། སྐས་ཐོག་ནས་ཡར་འགོས་ཏེ་ཁང་པའི་རྩེག་གསུམ་གྱི་ཐོག་ལ་འགྲོ་དགོས། རྩེག་གསུམ་སྟེང་དུ་མར་རྒྱན་ཡོད་པའི་སླ་ངའི་ནང་དུ་འོ་ཆུ་བསྲེས་པའི་ཆུ་དཀར་འོ་དཀར་སྔ་མོ་ནས་གྲ་སྒྲིག་བྱས་ཡོད། བུ་མོ་གཉིས་ཀྱིས་ཆུ་དཀར་འོ་དཀར་དེ་ཐེངས་གསུམ་ལ་བཤར་ཞོར་ཁྱིམ་ལ་གཡང་འཁོར་བ་དང་། བདེ་སྐྱིད་ཡོང་བའི་སྨོན་ལམ་རྒྱག་པ་རེད། འོ་ཆུ་བསྲེས་པ་ནི་མི་རྣམས་ཀྱི་མ་འོངས་པའི་འཚོ་བའི་ནང་སྐྱིད་སྡུག་མཉམ་ཁུར་བྱེད་པ་དང་། ཕན་ཚུན་ལ་བློ་དཀར་སེམས་དཀར་བྱེད་པའི་མཚོན་རྟགས་ཡིན་ལ། བལ་གདན་གྱི་སྟེང་གི་གཡུང་དྲུང་ནི་བརྟན་པོ་དང་། འགྱུར་བ་མེད་པའི་རྟགས་མཚན་ཡིན།
གཞན་ད་དུང་གཉེན་སྟོན་དང་སྟོན་བཤད་ཀྱི་བརྒྱུད་རིམ་ནང་མེད་དུ་མི་རུང་བ་ཞིག་ཡོད་པ་ནི་གཡང་འབོད་ཡིན། གཡང་འབོད་བྱེད་པའི་དམིགས་ཡུལ་ནི་བག་གསར་དང་མག་གསར་གྱིས་གཡང་ཚང་མ་ཁྱིམ་ཚང་ལ་འཁོར་དགོས་ཞེས་སྨོན་ལམ་རྒྱག་པའི་སྲོལ་ཞིག་ཡིན་ཏེ། “གཡང་འགུགས་པ་ནི་མི་རྣམས་ཀྱིས་ཟས་ནོར་ལོངས་སྤྱོད་འགུགས་བྱེད་ཀྱི་ཆོ་ག་ཞིག་ཡིན་ལ། ཆོ་ག་དེ་ལ་བརྟེན་ནས་རང་གི་འདོད་པའི་ཟས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་འཛོམས་པའི་ཡིད་ཆེས་བརྟན་པོ་མི་རྣམས་ལ་ཡོད་ཅིང་། གཡང་འབོད་ནི་ཆོ་ག་དེ་སྒྲུབ་དུས་སུ། ཆོ་ག་སྒྲུབ་མཁན་གྱིས་རང་གི་ཡིད་འདུན་དེ་ངག་སྒོ་ཕྲ་མོ་ལས་སྙན་པའི་དབྱངས་རྟ་ལ་བཅོལ་ནས་བླངས་པའི་གླུ་ཚིག་གམ་གཏམ་བརྗོད་སྙན་མོ་ལ་ཟེར་བ་ཡིན་ཏེ། བོད་ཀྱི་ལས་རིགས་ཡོད་ཚད་ལ་གཡང་འབོད་བྱེད་སྲོལ་ཡོད་པ་རེད།”[3]བོད་མི་རིགས་ཀྱིས་གཡང་ལ་མཐོང་ཆེན་བླ་ལྷག་བྱེད་པ་དང་། རང་གི་ཁྱིམ་དུ་གཡང་འཁོར་བར་རེ་བ་ཆེན་པོ་བྱེད། རྒྱུ་མཚན་ནི་གཡང་རང་གི་ཁྱིམ་ལ་འཁོར་ན་ཁྱིམ་ཚང་ཧྲིལ་བོ་ཁ་དྲོ་བཀྲ་ཤིས་དང་ལས་དང་བསོད་ནམས་སོགས་དར་བའི་མཚོན་རྟགས་ཡིན་པས། ཁྱིམ་ཚང་རེ་རེས་གཡང་འཁོར་བར་རེ་བ་མ་ཟད། ད་རུང་གཡང་གསར་པ་ཁྱིམ་དུ་འཁོར་བའི་སྨོན་ལམ་འདེབས་པས་ན། བོད་མདོ་དབུས་ཁམས་གསུམ་དུ་གཡང་ལ་མཐོང་ཆེན་བྱེད་པའི་དམངས་སྲོལ་ཞིག་དར་ཁྱབ་བྱུང་བ་རེད།
གསུམ། ར་རྔ་ཁའི་སྟོན་བཤད་དང་དེའི་ཁྱད་ཆོས།
1.ཀློག་བདེ་ཞིང་ཚིག་སྙན་པ།
བཞག་ན་ས་ཡིས་མི་རྟེན། །བལྟས་ན་མིག་གིས་མི་ཚུགས། །བརྩིས་ན་བགྲང་གིས་མི་ལངས། །ཚིག་གསུམ་ཚིག་གི་བཤད་ལུགས། །གོམ་གསུམ་གོམ་པའི་སྤོ་ལུགས། །ཉི་མའི་ནང་གི་འོད་ཟེར། །ཟླ་བའི་ནང་གི་གཟུགས་བརྙན། །རྟགས་ཐམས་ཅད་རྟེན་འབྲེལ་གྱི་མགོ་མ། །ཆོས་ཐམས་ཅད་ལོ་ཡག་གི་སྙེ་མ། །རྒྱུ་ཐམས་ཅད་བསོད་ནམས་ཀྱི་ལོངས་སྤྱོད། །མུ་ཏིག་བྲེ་ལ་འཇལ་བའི་བྲེ་གྲངས། །བྱུ་རུ་འབུམ་ལ་འཇལ་བའི་ཁ་གྲངས། །གསེར་དངུལ་རྒྱ་ལ་བཀྱགས་པའི་རྒྱ་གྲངས། །གསེར་གྱི་ཨོ་ཡོལ་ཟུག་ཤེས་པ། །དུང་གི་ལུ་གུ་འཕག་ཤེས་པ། །གཡུ་ཡི་མུག་གུ་འཁོར་ཤེས་པ། །སྤོས་ཤེལ་ཝ་མོ་རྒྱུག་ཤེས་པ། །ནང་ལ་བར་ཆད་མེད་པའི་བཀྲ་ཤིས་ཤོག །ཕྱི་ལ་གོད་ཁ་མེད་པའི་བཀྲ་ཤིས་ཤོག །ལུས་ལ་ན་ཚ་མ་འོང་བཀྲ་ཤིས་ཤོག །སེམས་ལ་སྡུག་བསྔལ་མེད་པའི་བཀྲ་ཤིས་ཤོག །སེམས་དང་བསམ་པ་མཐུན་པའི་བཀྲ་ཤིས་ཤོག །ཅི་བསམ་ལྷུན་དུ་གྲུབ་པའི་བཀྲ་ཤིས་ཤོག །ཁ་དྲོ་བཀྲ་ཤིས་ཡོང་བའི་བཀྲ་ཤིས་ཤོག །ཚེ་རིང་ནད་མེད་ཡོང་བའི་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཁ་རྒྱས་དབང་ཐང་དར་བའི་བཀྲ་ཤིས་ཤོག །ལས་དང་བསོད་ནམས་ཆེ་བའི་བཀྲ་ཤིས་ཤོག །རྒྱུ་ནོར་ལོངས་སྤྱོད་ཆེ་བའི་བཀྲ་ཤིས་ཤོག །ལྟ་བུ།
2.གཏམ་དཔེ་མང་དུ་འཇོག་པ།
སྟེང་མི་འགྱུར་བའི་ཀ་བ། །འོག་མི་འགྱུར་བའི་ཀ་རྡོ། །ང་འདུག་མི་བུ་ལ་བཀྲ་ཤིས་ཤོག །ཁྱོད་འགྲོ་མི་བུ་ལ་དོན་འགྲུབ་ཤོག །སྐྱབས་འཇུག་ཞུ་ས་བླ་མ། །སྐྱིད་སྡུག་ཞུ་ས་ཕ་མ། །བསྐལ་པ་ཆགས་པའི་གངས་རྒན། །དུས་རབས་བརྒྱུད་པའི་མི་རྒན། །ཁ་སྟོང་པའི་གཡང་འབོད། །ལག་སྟོང་པའི་ཕྱག་རྒྱ། །ཕོ་སྐྱེས་རབས་གཅིག་སྐྱེས་ན་འདོམ་གང་། །ཕོ་སྐྱེས་འབྲིང་གཅིག་སྐྱེས་ན་ཁྲུ་གང་། །ཕོ་སྐྱེས་མཐའ་གཅིག་སྐྱེས་ན་མཐོ་གང་། །ལྟ་བུ།
3.དཔེའི་སྒོ་ནས་དོན་མཚོན་པ།
དཔེར་ན། རྒྱ་ལ་སྐྱེས་པའི་རྒྱ་བཟའ་ཀོང་ཇོ་དང་བོད་ལ་སྐྱེས་པའི་སྲོང་བཙན་སྒམ་པོ་གཉིས། སྐྱེས་གནས་མི་གཅིག་རྒྱ་བོད་ཁ་ཁ་རེད་མོད་རྩེ་གཅིག་དང་ལས་དང་དབང་གི་བཀོད་པས་རྒྱལ་པོ་དང་བཙུན་མོ་མཛད་པའི་རྟེན་འབྲེལ་འགྲིག སྤང་སེར་སྤང་ལ་སྐྱེས་པའི་མེ་ཏོག་དང་ཡ་མཚན་ལྡུམ་རར་སྐྱེས་པའི་ཧ་ལོ་གཉིས། སྐྱེས་གནས་མི་གཅིག་ཁ་ཁ་རེད་མོད་རྩེ་གཅིག་དང་ལས་དང་དབང་གིས་བླ་མའི་ཕྱག་ཏུ་འཛོམས། ཐང་དཀར་རྒོད་ལ་སྐྱེས་པའི་གཤོག་སྒྲོ་དང་རླན་དྲོད་ས་ལ་སྐྱེས་པའི་མདའ་སྨྱུག་གཉིས། སྐྱེ་གནས་མི་གཅིག་གནམ་ས་ཁ་ཁ་རེད་མོད་རྩེ་གཅིག་དང་ལས་དང་དབང་གིས་མདའ་མཁན་ཕྱག་ཏུ་འཛོམས། ལྟ་བུ་དང་། ཚེ་བསོད་ནམས་རི་རྒྱལ་ལྷུན་པོ་བཞིན་དུ་དཔངས་མཐོ་བའི་བཀྲ་ཤིས། ནོར་ལོངས་སྤྱོད་རྒྱ་མཚོ་ཆེན་པོ་བཞིན་དུ་འཁྱིལ་བའི་བཀྲ་ཤིས། བསོད་ནམས་མེ་ལྟར་འཕེལ་རྒྱས། དབང་ཐང་ཟླ་བ་འཕེལ་རྒྱས། ལྟ་བུ།
4.ནང་དོན་རྒྱ་ཆེ་བ།
སྟོན་བཤད་ཀྱི་ནང་དོན་ཧ་ཅང་རྒྱ་ཆེ་བ་སྟེ། དཔེར་ན། མག་པའམ་མནའ་མ་སྒོ་རའི་ཕྱི་ལ་ཐོན་ན་སྟོན་བཤད་ཀྱི་མགོ་རྩོམ་པ་དང་། སྐབས་འདིར་རྟ་བབ་རིན་ཆེན་བཅུ་གསུམ་དང་། སྐུ་གསུང་ཐུགས་རྟེན། སྒོ་རའི་ཕྱི་ནང་བཅས་ལ་བསྟོད་པ་བྱེད། མནའ་མའམ་མག་པ་བལ་གདན་གྱི་སྟེང་ལ་སྤོས་ནས་ཡར་སྒོ་རའི་མཚམས་སུ་སླེབས་ན་སྒོ་བཤད་བྱེད་པ་དང་། སྐས་ཀྱི་མཚམས་ལ་ཐོན་ན་སྐས་ཐིག་བཅུ་གསུམ་ཞེས་སྐས་ལ་བསྟོད་ར་བྱེད། སྐབས་འདིར་གཡང་འབོད་བྱེད་མཁན་གྱིས་ཁང་པའི་སུམ་ཐོག་ནས་གཡང་འབོད་བྱེད་པ་དང་། དེ་ནས་མནའ་མའམ་མག་པ་ལ་བསྟོད་པ་བྱེད། ཁྱིམ་ལ་འཛུལ་ནས་ཐབ་ཀའི་མཚམས་ལ་སླེབས་ན་ཐབ་བཤད་བྱེད་པ་སྟེ། ཐབ་ཀའི་ཐབ་གསུམ(ཡར་ཐབ། བར་ཐབ། མར་ཐབ།)དང་ཟུར་བཞི་ལ་བསྟོད་པ་རྒྱས་པ་ཞིག་བྱེད། དེ་ནས་གཉེན་སྟོན་བྱེད་ས་གང་དེའི་སྡེ་བ་ལ་བསྟོད་པ་བྱེད་པ་སོགས་སྟོན་བཤད་ལ་རིམ་པ་མང་ཞིང་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡིན་ནོ། །
དཔྱད་གཞིའི་ཡིག་ཆ།
[1] སྒང་རྒྱལ་མཚན་ཚེ་རིང་། «དམངས་སྲོལ་རིག་པ་དང་གེ་སར་དམངས་སྲོལ་སྤྱི་བཤད།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001ལོའི་པར་གཞི། ཤོག་ངོས།228པ་དང2684།
[2] འབའ་སྟོད་པདྨ་དབང་རྒྱལ། བཅུད་རྫ་གཡང་མོ་སྐྱིད། «བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསལ་འདྲེན་པའི་སྐྱ་རེངས།» མི་རིགས་དཔེ་སྐྲུན་ཁང་། 2004ལོའི་པར་གཞི། ཤོག་ངོས།229-232
འབྲེལ་ཡོད་འོས་སྦྱོར།