སྐྲ་སྟོན་བཀྲ་ཤིས་དགུ་འཛོམས། (བླ་བྲང་ཡུལ་གྱི་སྐྲ་ཕབ་ཆོ་ག)
རྩོམ་པ་པོ།:རྡོ་རྗེ་ཚེ་རིང་། ཚེ་རིང་རྣམ་རྒྱལ།
ཡོང་ཁུངས།:ཀན་ལྷོའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-02-19
ཀློག་གྲངས།:
“སྐྲ་ཕབ་བུ་མོ་བལ་མགོ་མ། གཤིས་ཀ་བལ་ལས་འཇམ་པར་ཤོག”
དམངས་སྲོལ་ཆོ་ག་ནི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མ་དཔེ་གསོན་པོ་ཡིན་ལ། མཚོན་དོན་རྒྱ་ཆེན་པོ་འདུས་པའི་རིག་གནས་ཀྱི་བང་མཛོད་ཅིག་ཀྱང་ཡིན། དེ་ཡང་སྐྲ་ཕབ་པ་ཞེས་མདོ་སྨད་ཡུལ་དུ་དར་ཁྱབ་ཆེ་བའི་ལུགས་སྲོལ་འདི་ཡང་། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ། བཀྲ་ཤིས་པའི་རྟེན་འབྲེལ་བཟང་པོས་ཀུན་ནས་ཕྱུག་པའི་དམངས་སྲོལ་ཐུན་མོང་མ་ཡིན་པ་ཞིག་དང་། དམངས་ཁྲོད་དུ་ཤིན་ཏུ་མཐོང་ཆེན་བྱེད་པའི་སྟོན་མོའམ་ཆོ་ག་གཟབ་རྒྱས་ཤིག་ཀྱང་ཡིན། གཤམ་ནས་གསར་འགོད་པས་ཀན་ལྷོའི་བླ་བྲང་ཡིག་ཆུང་སྡེ་བའི་སྐྲ་སྟོན་གཉིས་ཀྱི་ཡུལ་དངོས་ལས་འཚོལ་སྡུད་བྱས་པའི་པར་རིས་རྒྱུ་ཆ་བརྒྱུད་དེ་བླ་བྲང་ས་ཆའི་སྐྲ་ཕབ་ཀྱི་དམངས་སྲོལ་འདི་ལ་རྒྱུས་ལོན་རགས་ཙམ་བྱ།
སྲོལ་རྒྱུན་ལྟར་ན། སྐྲ་ཕབ་པ་ནི་བུ་མོ་ལང་ཚོ་དར་ལ་བབས་ཏེ་མི་དར་མའི་གྲས་སུ་གཟུད་ཆོག་ཅིང་འཇིག་རྟེན་མཐུན་འཇུག་གི་ལས་སུ་གཞུག་ཏུ་རུང་བའི་རྟགས་མཚན་ཤིག་དང་། མ་འོངས་པར་ཁྱིམ་བཟའ་ཚང་འཛོམས་པའི་རྟེན་འབྲེལ་སྒྲིག་པ་ཡིན། སྐྲ་ཕབ་པའི་བུ་མོ་གང་དེར་སྤྱིར་བཏང་དུ་སྐྲ་ཕབ་བམ་སྐྲ་ཕབ་མ་ཞེས་འབོད།
སྐྲ་ཕབ་མ་ནི་མོ་ལོ་བཅུ་དྲུག་གམ་བཅུ་བདུན་ལ་སོན་པའི་བུ་མོ་ཡིན་དགོས་ཤིང་། ཡུལ་གྲུ་ཁ་ཅིག་ཏུ་མོ་ལོ་བཅོ་ལྔའམ་བཅུ་བདུན། བཅུ་དགུ་སོགས་ཡ་གྲངས་ཁོ་ནར་ད་གཟོད་ཆོ་ག་འདི་སྤེལ་པ་ནི་བུ་མོ་རང་ཉིད་ད་དུང་གཉེན་སྒྲིག་མེད་པའི་མཚོན་དོན་ལགས།

སྐྲ་ཕབ་པའི་ཆོ་ག་འདིའི་མགོ་མཇུག་བར་གསུམ་དུ་མི་རབས་ནས་མི་རབས་སུ་བརྒྱུད་པའི་བླང་བྱ་དང་འཛེམ་བྱ་རབ་དང་རིམ་པ་ཞིག་ཡོད་ཅིང་། ཆོ་ག་འདིའི་ཆེད་དུ་སྟོན་མོ་གཟབ་རྒྱས་ཤིག་ཀྱང་བཤམས་དགོས་པས། འདི་ལ་སྐྲ་སྟོན་ཞེས་ཀྱང་བྱ།

སྐྲ་སྟོན་ལ་སྦྱོར་དངོས་རྗེས་གསུམ་གྱི་གོ་རིམ་ཚགས་དམ་པ་ཞིག་དང་མ་ལག་ཆ་ཚང་པའི་འགྲོ་ལུགས་ཤིག་ཡོད་དེ། ཁྱིམ་ཚང་གང་དེའི་བུ་མོ་སྐྲ་ཕབ་པའི་ལོ་ཚོད་ལ་རན་ཞིང་ཁྱིམ་བདག་ལ་སྐྲ་ཕབ་འདོད་ཀྱི་འདུན་པ་དང་མཐུན་རྐྱེན་མཆིས་ཚེ། ཐོག་མར། བུ་མོ་ལ་སྐྲ་ཕབ་པར་ཉེ་བར་མཁོ་བའི་རྒྱན་གོས་སོགས་གྲ་སྒྲིག་བྱ་དགོས། དེ་ནས་སྲོལ་རྒྱུན་ལྟར་སྐྲ་ཕབ་པའི་ཉིན་བཟང་སྐར་བཟང་ཞིག་གདམས་དགོས།
བླ་བྲང་ཡུལ་དུ་རྒྱ་ལོའི་ཚེས་གསུམ་སྟེ་ལུགས་རྙིང་གི་ལོ་སར་ཚེས་གསུམ་གྱི་ཉིན་མོ་འདི་སྐྲ་ཕབ་པའི་ཉིན་མོར་བྱས་པ་ཡུལ་ཕྱོགས་དེར་རྒྱུན་འབྱམས་སུ་སོང་ཡོད་པ་ཅིའི་ཕྱིར་ཞེ་ན། ཉིན་དེ་ནི་གཟའ་སྐར་འཕྲོད་སྦྱོར་གྱི་ཉིན་བཟང་ཡིན་པར་མ་ཟད། བླ་བྲང་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་པའི་ཉིན་མོའང་ཡིན་པས། ཕྱི་དྲོར་ཁྱིམ་བདག་གིས་སྐྲ་ཕབ་མ་དགོན་པར་ཁྲིད་དེ་བགེགས་བར་ཆད་སེལ་ཞིང་ཚེ་བསོད་རླུང་རྟ་དར་བའི་གསོལ་འདེབས་བྱ་དགོས།

ལོ་སར་ལ་ཉེ་བའི་སྐབས། ཁྱིམ་བདག་ཚང་གིས་སྐྲ་སྟོན་གྱི་སྟ་གོན་བྱས་ཏེ། གཉེན་ཉེ་དུ་དང་རུ་སྡེ་བ་ལ་སྐྲ་སྟོན་གྱི་བརྡ་རྒྱག་དགོས་ཤིང་། སྐྲ་སླེ་མཁན་ཏེ་མགོ་སླེ་བཙལ་དགོས། ལར་མགོ་སླེ་ནི་རང་སྡེའམ་ཤ་ཉེ་དག་ལས་སྐྲ་སླེ་པར་མཁས་པའི་བུད་མེད་དག་ཡིན་ཞིང་། དེ་ལས་ཁྱིམ་བཟའ་ཚང་དང་ཚེ་བསོད་ནམས་འཛོམས་པའི་བུད་མེད་དེ་ནི་མགོ་སླེ་ཀུན་གྱི་གཙོར་བྱས་ཏེ་ཐོག་མར་སྐྲ་ཤད་ཅིང་རལ་བ་སླེ་མཁན་དུ་འཇོག་དགོས།

ལོ་སར་ཚེས་པ་གཉིས་ཏེ་སྐྲ་སྟོན་གྱི་ཉིན་སྔོན་མའི་ཞོགས་པར། ཆུ་ལ་འོ་མ་བསྲེས་ཏེ་སྐྲ་ཕབ་མའི་མགོ་སྐྲ་ལན་གསུམ་འཁྲུད་དགོས་ཤིང་། མགོ་སླེ་རྣམས་ཁྱིམ་བདག་ཚང་ལ་བསླེབས་རྗེས། མགོ་སླེ་གཙོ་བོས་སྣེ་ཁྲིད་དེ་དངོས་སུ་སྐྲ་བསླེ་དགོས། སྐྲ་ཕབ་མའི་མགོ་སྐྲ་དེ་རལ་བ་དང་ལན་བུ་ཞེས་རིགས་གཉིས་སུ་བཀར་ནས་བསླེ་དགོས་ཏེ། ཐོག་མར་དམག་ཁབ(སྔར་རུ་དཔུང་གི་རྟ་སྒ་འཚེམ་བྱེད་ཀྱི་ཁབ)ཀྱིས་སྐྲ་ལམ་བཀར་ཏེ་རལ་བ་དང་ལན་བུའི་སྐྲ་སོ་སོར་དབྱེ་དགོས།

རལ་བ་ནི་གཙུག་པའི་སྐྲ་ཆུན་པོ་གཅིག་ཏུ་བྱས་ཏེ་དགུ་བསླེས་ལྟར་ལྟག་རྒྱབ་ཏུ་དཔྱངས་དགོས་ཤིང་། དེའི་སྣེ་མོར་བལ་དཀར་དང་སྐྲ་མཐུད་འདོགས་དགོས། དེ་ནི་བུ་མོའི་གཤིས་རྒྱུད་བལ་དཀར་ལས་འཇམ་པའི་སྨོན་འདུན་དང་། ཚེ་བསོད་རླུང་རྟ་རྒྱས་ཤིང་བརྟན་པའི་རྟེན་འབྲེལ་ཡིན་ཞེས་བཤད།

ལན་བུ་ནི་འཕྱང་འཕྲུལ་དང་འདྲ་བར་རལ་བའི་མཐའ་ནས་ཉག་མ་ཕྲ་ཞིང་རིང་བ་གང་མང་ཞིག་བཀར་ཏེ་གསུམ་བསླེ་བྱ་དགོས། རལ་བ་དང་ལན་བུ་ནི་གཙུག་རྒྱན་དང་དྲ་བ་དྲ་ཕྱེད་ཀྱི་ཚུལ་དུ་གནས།

སྐྲ་དེ་དམ་པོ་དང་འཇམ་ཤ་ལྡན་པ། འོད་མདངས་ཡོང་བའི་ཆེད་དུ། སྐྲ་བསླེ་བའི་ཞོར་དུ་ཟར་མས་བསྐོལ་བའི་སྐྲ་རྩི་ཁྱད་པར་བ་ཞིག་བྱུག་དགོས་ཏེ། འདི་ནི་བོད་པ་རང་གི་སྐྲ་འབྱར་བྱུགས་རྩི་རེད་ཅེས་མགོ་སླེ་ཞིག་གིས་ཀུ་རེའི་ཚུལ་གྱིས་བཤད།

དཔྲལ་བའི་དཀྱིལ་གྱི་ལན་བུ་གཉིས་ལ་བལ་སྐུལ་བརྒྱད་འཁེལ་ཅན་རེ་རེ་བསླེས་དགོས་ཤིང་དེ་ལས་གཅིག་ཤོས་ནི་ཁྱོ་གའི་སྐལ་དང་གཅིག་ཤོས་ནི་བུ་ཕྲུག་གི་སྐལ་ཡིན་ཞེས་བཤད། སྐྲ་བསླེས་རྗེས། རལ་བ་དང་ལན་བུའི་སྣེ་མོར་སྐྲ་མཐུད་འདོགས་དགོས་ཏེ། ལན་བུའི་སྣེ་མོར་རིང་ཐུང་མི་འདྲ་བའི་སྐྲ་མཐུད་ནག་པོ་དང་། རལ་བའི་གསེང་དུ་ཁ་དོག་མི་འདྲ་བའི་སྐྲ་མཐུད་ཁྲ་ཁྲ་བསླེས་སྟངས་ཡོད།

མཐར་སྐྲ་སླེ་རྣམས་ལ་གཏང་རག་གི་ཚུལ་དུ་བཟའ་བཏུང་གྱ་ནོམ་པས་ཚིམ་པར་བྱས་མཐར་ལག་ཕྱིས་དང་སིལ་ཏོག་རེ་བྱིན་སྟེ་སྐྱེལ་མ་བྱ་དགོས། སྐྲ་སླེ་བའི་དངོས་གཞི་ནི་དེ་ལྟར་རྫོགས་སོ། །

ཚེས་པ་གསུམ་གྱི་སྔ་མོར། ཁྱིམ་བདག་ཚང་གིས་སྐྲ་ཕབ་མ་ལ་གཟབ་འཕྱོར་སྤྲས་དགོས་ཏེ། མགོ་རྒྱན་དང་རྣ་ལུང་། མཛུབ་དཀྲིས། གདུ་བུ། གོས་རྒྱ་སྨུག་སོགས་གོས་རྒྱན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་རྗེས། ཁྱིམ་དེའི་ལོ་ལོན་རྒན་པས་སྐྲ་ཕབ་མར་ཁ་བཏགས་འཐེན་ཏེ་རྟེན་འབྲེལ་ཞུ་དགོས། དེ་ནས་སྐྲ་ཕབ་མ་བག་རོགས་དང་འགྲོགས་ཏེ་རང་ཚང་གི་ཤ་ཚ་གཉེན་ཉེ་ཚང་ལ་འགྲོ་དགོས་ཤིང་། ཁྱིམ་ཚང་གང་དེས་བུ་མོ་ལ་རྒྱུ་དངོས་གང་རུང་གི་ལེགས་སྐྱེས་སྟེར་དགོས།

དེ་ནས་གཉེན་ཉེ་དུ་དང་རང་སྡེའི་མགྲོན་པོ་རྣམས་རིམ་བཞིན་ཁྱིམ་བདག་ཚང་ལ་བསླེབས་པ་དང་བསྟུན་ཏེ། ཟས་ཆང་གླུ་གར་གྱིས་ཉིན་ཧྲིལ་པོའི་དུས་འདའ་བར་བྱའོ། །

འབྲེལ་ཡོད་འོས་སྦྱོར།