logo

“འཆམ་མཛེས་གུང་ཧོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་དགུ་པའི་མཚོ་ལྷོ་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་གུང་ཧོ་རྫོང་དུ་སྤེལ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2025-06-16 ཀློག་གྲངས།:
       མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་དང་ལྷུན་བརྗིད་བློན་པོ་གསེར་ཆེན་གྱི་འདབས་རོལ་དུ། དུས་རབས་གསར་པའི་ཉམས་སྣང་གི་གཟི་མདངས་ལྷམ་མེར་བཀྲ་ཞིང་། སྡེ་ཆེན་མར་ཁུ་བཞིན་འཁྱིལ་བ་ཞིག་ཡོད་པ་དེར་ཆབ་འགག་གསེར་གཞོངས་རིང་མོ་ཞེས་འབོད། གནས་འདིའི་རབ་མཛེས་རང་བྱུང་གི་སྣོད་ཀྱི་བཀོད་པའི་ཕང་བར་འདས་དང་ད་ལྟའི་དུས་སུ་ཤེས་རིག་གི་སྒྲོན་མེ་སྦར་མྱོང་བའི་སྐྱེས་ཆེན་དམ་པའི་ཞབས་རྗེས་འོད་ལམ་མེར་གསལ་ཡོད་པར་མ་ཟད། དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ངོས་ནས་ཀྱང་ཡུལ་འདི་ལ་ཨ་མདོའི་ལ་གཞས་ཀྱི་ཕ་ས་དྲོན་མོ་ཞེས་པའི་མཚན་སྙན་གྱིས་ཀུན་ནས་བརྒྱན་ཡོད་དེ། གནའ་ནས་ད་ལྟའི་བར་དུ། དམངས་ཁྲོད་ལ་གཞས་ཀྱི་ལྗོན་ཆེན་གང་གི་རྩ་བ་རབ་ཏུ་བརྟན་ཞིང་རྩེ་མོ་ཀུན་ནས་རྒྱས་པས། རྒྱལ་ཁབ་རིམ་པའི་བོད་ཀྱི་ལ་གཞས་རྒྱུན་འཛིན་པ་ཚེ་དཔལ་སྐྱབས་དང་ཞིང་ཆེན་རིམ་པའི་བོད་ཀྱི་ལ་གཞས་རྒྱུན་འཛིན་པ་ལྕགས་མོ་རྒྱལ་གཉིས་གཙོས། ཁུལ་རིམ་པའི་བོད་ཀྱི་ལ་གཞས་རྒྱུན་འཛིན་པ་དབྱར་དྲུག་པའི་སྤང་རྒྱན་མེ་ཏོག་བཞིན་ཁྲ་ཚོམ་མེར་བཞད་ཡོད།
       སྤྱི་ཟླ6པའི་ཚེས13ཉིན་ནས་ཚེས14ཉིན་བར། མཚོ་སྔོན་རྒྱང་སྒྲོག་བརྙན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་དང་གུང་ཧོ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི“འཆམ་མཛེས་གུང་ཧོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་དགུ་པའི་མཚོ་ལྷོ་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་ཆབ་ཆའི་བོད་མཁར་བསོད་ནམས་ཚང་ནས་བསྒྲུབས། མིང་ཐོ་བཀོད་ཟིན་པའི་གླུ་བ་གླུ་མ་སུམ་ཅུ་ལྷག་ལས་ཕལ་ཆེ་བ་གསར་ཞུགས་པ་ཡིན་ལ། དེ་ལས་ཀྱང་ཉམས་དགའ་བ་ནི་ཁོ་ཚོའི་ལེན་བྱའི་གླུ་གཞས་ཀྱང་དེ་སྔ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པའི«གཞོན་ནུ་འགུག་པའི་ལྕགས་ཀྱུ»གཞིར་བཟུང་ནས་སྲོལ་རྒྱུན་ལ་གཞས་ལ་གཞོལ་བའི་སྣང་ཚུལ་དེ་རེད། འགྲན་ཡུན་ཉིན་གཉིས་ཀྱི་རིང་ལ། དཔྱད་འདེམ་པས་འགྲན་ཞུགས་གླུ་བ་གླུ་མར་དྲང་གཞག་དྲང་བདེན་གྱིས་སྐར་མ་བརྒྱབ་སྟེ་མཇུག་མཐར་གླུ་བ་གླུ་མ་བཅུ་བསྐྱར་འགྲན་དུ་ཚུད་ཡོད།
       སྤྱིར་རིན་པོ་ཆེའི་རིགས་ཀྱི་རིན་ཐང་ནི་གྲངས་ཉུང་ལ་མཐོང་དཀོན་པ་དེའི་རིགས་ཡིན་ཙ་ན། མདོ་སྨད་ཡུལ་གྲུ་དང་སྒོས་སུ་མཚོ་སྔོན་པོའི་མཐའ་འཁོར་ཁོ་ནར་ས་ཁྱབ་རྡོ་ཁྱབ་དང་རང་སྐྱ་ཐུབ་པའི་སྒོ་ནས་རྨ་ཀླུང་གཙང་པོའི་རྒྱུན་བཞིན་རྟག་པའི་ལ་གཞས་ཀྱང་། བོད་ཀྱི་དམངས་ཁྲོད་ངག་རིག་སྒྱུ་རྩལ་ལས་རིན་ཆེན་གཏེར་བུམ་དུ་བསྙད་ཀྱང་འགལ་ཆ་ལར་ནས་མེད་དེ། སྔོན་ཆད་ཉིན་ཞག་སྦྲེལ་ནས་བླངས་ཀྱང་རྫོགས་མེད་དུ་བསྟར་རྒྱུ་ཡོད་པ་འདི་ཡང་གེ་སར་རྒྱལ་པོའི་སྒྲུང་རབས་དང་ཆ་འདྲ་བའི་གནས་མང་དུ་མཆིས། དེ་བས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱིས་ད་ལྟ་ལ་ཐུག་གི་བར་དུ། ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་དགུ་ལ་བསྒྲུབས་པ་འདི་ནི་དམངས་ཁྲོད་ལ་གཞས་འདི་ཉིད་རྒྱུན་འཛིན་གོང་སྤེལ་ལ་བསྣན་པའི་ཟུངས་ཁྲག་གསར་པ་ཞིག་ཡིན་པར་མ་ཟད། རིན་ཆེན་རིག་གནས་འདི་ཉིད་སྲུང་ཞིང་སྐྱོབ་པའི་ལྕགས་རི་བརྟན་པོ་ཞིག་རེད་ཅེས་དམངས་ཁྲོད་དང་རིག་གནས་པའི་སྡེ་རུ་གདེང་འཇོག་གལ་ཆེན་ཐོབ་ཡོད།
       ཐེངས་འདིའི་བསྐྱར་འགྲན་དུ་ཚུད་པའི་འགྲན་ཞུགས་གླུ་བ་གླུ་མ་བཅུ་ནི་གླུ་བ་གཟུངས་འབུམ་རྒྱལ། འགྲན་ཞུགས་གླུ་བ་བྱམས་པ་རྒྱལ། འགྲན་ཞུགས་གླུ་བ་གུ་གྲགས་རྒྱལ། འགྲན་ཞུགས་གླུ་བ་ལྕགས་འབུམ་རྒྱལ། འགྲན་ཞུགས་གླུ་བ་ཚེ་མགོན་རྒྱལ། འགྲན་ཞུགས་གླུ་མ་རིན་ཆེན་སྒྲོལ་མ། འགྲན་ཞུགས་གླུ་མ་ཚེ་རིང་སྒྲོལ་མ། འགྲན་ཞུགས་གླུ་མ་མེ་བཙན་སྐྱིད། འགྲན་ཞུགས་གླུ་མ་ལྷ་སྐྱིད། འགྲན་ཞུགས་གླུ་མ་བཀྲ་ཤིས་མཚོ་བཅས་རེད།
འབྲེལ་ཡོད་འོས་སྦྱོར།