logo

ཁྲི་ཀ་རྫོང་ལ་ཟྭེ་བ་གྲོང་རྡལ་གྱི་སྲོལ་རྒྱུན་དཔྱིད་རྨོའི་རིག་གནས་མཛད་སྒོ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2026-03-12 ཀློག་གྲངས།:
       ཟླ3པའི་ཚེས10ཉིན། ཁྲི་ཀ་རྫོང་ལ་ཟྭེ་བ་གྲོང་རྡལ་གྱི2026ལོའི་སྲོལ་རྒྱུན་དཔྱིད་རྨོའི་རིག་གནས་མཛད་སྒོ་རྫོང་མགོ་སྡེ་བ་ནས་བསྡུས། ཁྲི་ཀ་རྫོང་ལ་ཟྭེ་བ་གྲོང་རྡལ་གྱི་སྡེ་མི་རྣམས་ཀྱིས་དུས་ཆེན་གྱི་གཟབ་མཆོར་སྤྲས་ཤིང་། རང་ཁྱིམ་ནས་བསྲེགས་པའི་དབྱིབས་དང་ཁ་དོག་མཛེས་པའི་གོ་རེ་སྣ་ཚོགས་ཞིང་ཁར་བཀྲམ་པ་དང་། རྨོན་དོར་བསྡེབས་ནས་ད་ལོའི་དཔྱིད་རྨོའི་ཐོང་འབྱེད་ཆོ་ག་ཐོག་མ་སྤེལ།
       ཐོང་འབྱེད་ཆོ་ག་སྤེལ་བ་འདིས་ཁྲི་ཀ་རྫོང་ལ་ཟྭེ་བ་གྲོང་རྡལ་གྱི་ཁྱིམ་ཚང་རེ་རེ་ཡིས་ལོ་གཅིག་གི་ཞིང་ལས་མགོ་བརྩམས་པ་མཚོན་ལ། ས་ཆ་འདིའི་མི་དམངས་མང་ཚོགས་ཀྱིས་སྲོལ་རྒྱུན་ཞིང་ལས་ཀྱི་ཆོ་ག་འདིར་བརྟེན་ནས་ད་ལོར་ལོ་ལེགས་ཡོང་བར་སྨོན་འདུན་ཞུ་བཞིན་པའང་མཚོན་ཡོད། སྡེ་མི་རྣམས་ཀྱིས་རེ་འབོད་དང་ཁ་གཡང་སྒྲོག་ཞོར་ས་བོན་གཏོར་ནས། ཆར་ཆུ་དུས་སུ་འབབ་པ་དང་འབྲུ་རིགས་སྣ་ལྔ་འཕེལ་བའི་ཁ་གཡང་སྒྲོག་ཅིང་། ཞིང་སའི་ཟུར་གཅིག་ཏུ་ཞིང་ལས་འཕྲུལ་ཆས་ཀྱིས་ལྡིར་སྒྲ་སྒྲོག་ཞོར་ས་ཞིང་ལ་ཡུར་བུ་བཏོད་བཞིན་ཡོད་པས། དཔྱིད་ཀས་ས་གཞི་ཆེན་པོའི་མི་རྣམས་ལ་ཡིད་སྨོན་གྱི་སྟོབས་ཤུགས་ཤིག་བསྩལ་ཡོང་།
       ཐོང་ཁ་ཕྱེ་བའི་བྱེད་སྒོ་མཇུག་རྫོགས་རྗེས། བུད་མེད་རྣམས་ཀྱིས་རང་གིས་བསྲེགས་པའི་ཚོན་ལྡན་གོ་རེ་ཞིང་ཁར་ཁྱེར་ཡོང་ནས་འགྲན་སྡུར་སྤེལ་བཞིན་ཡོད། གྲལ་འགྲིག་པོར་བསྒྲིགས་པའི་གོ་རེ་ལེབ་མོ་དང་ཚོན་མདོག་ཅན་གྱི་གོ་རེ་དེ་དག་མིག་གི་ལོངས་སྤྱོད་དང་ཁ་ལ་བཟའ་ཡང་ཐུབ་པའི་སྒྱུ་རྩལ་ཐོན་རྫས་ཤིག་ཏུ་གྱུར་ཡོད།
       རྨོ་ལས་ཐོང་ཁ་འབྱེད་པའི་བྱེད་སྒོ་དེ་ནི་ཁྲི་ཀ་རྫོང་གི་རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་ཡིན་པ་དང་། བོད་རིགས་མང་ཚོགས་ཀྱིས་ལོ་ངོ་སྟོང་ཕྲག་རིང་གི་ཞིང་རྨོ་རིག་གནས་རྒྱུད་འཛིན་གྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན་པས། སྔོན་བྱོན་པ་རྣམས་ཀྱིས་ཞིང་ལས་འཚོ་བའི་ཕྱོགས་སུ་བསྒྱུར་བ་དང་། རྒྱ་བོད་རིག་གནས་ཀྱི་སྤེལ་རེས་དང་མཉམ་འདྲེས་ཡིན་པའང་ར་སྤྲད་ཡོད། དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ནང་ཞིང་རྨོ་བའི་འཕྲུལ་ཆས་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད་མོད། འོན་ཀྱང་རྨོན་དོར་བསྡེབས་ནས་ཐོང་ཁ་འབྱེད་པའི་སྲོལ་རྒྱུན་གྱི་བྱེད་སྟངས་ཐོག་མཐའ་བར་གསུམ་དུ་སོར་ཉར་བྱས་ཡོད་ལ། ད་ལྟའི་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོ་འདིར་རང་ས་གནས་ཀྱི་རིག་གནས་ཁྱད་ཆོས་ལྡན་ཞིང་། དེ་མ་ཟད་དམངས་སེམས་གཅིག་ཏུ་སྒྲིལ་བ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུའང་གྱུར་ཡོད།
       ཁྲི་ཀ་རྫོང་ལ་ཟྭེ་བ་གྲོང་རྡལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་པདྨ་དབང་ཆེན་གྱིས་ལོ་གསར་པའི་ནང་རང་རེའི་གྲོང་རྡལ་གྱིས་ཐེངས་འདིའི་དཔྱིད་རྨོ་རིག་གནས་དུས་ཆེན་དེ་གོ་སྐབས་སུ་འཛིན་པ་དང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར་བརྟེན་ནས་དུས་རབས་གསར་པའི་རྒྱང་བསྐྱོད་ཀྱི་ལམ་ཚད་གསར་པའི་ནང“ཞིང་གསུམ”ལས་དོན་གྱི་གཙོ་གནད་ལས་འགན་ཏན་ཏིག་ངང་ལེགས་པར་བསྒྲུབ་རྒྱུ་ཡིན་ལ། རང་རེའི་རྫོང་དེ་མཚོ་སྔོན་ཞིང་ཆེན་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མ་དཔེ་རྫོང་དང་དཔེ་སྟོན་རྫོང་བཅས་སུ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
       ཁྲི་ཀ་རྫོང་ལ་ཟྭེ་བ་གྲོང་རྡལ་རྫོང་མགོ་སྡེ་བའི་ལོ་ཡག་འབོད་མཁན་ཚེ་དབང་རིག་འཛིན་གྱིས་བཤད་རྒྱུར། ང་ཚོས་དཔྱིད་རྨོ་དུས་ཆེན་འདི་དང་བསྟུན་ནས་རེ་བའི་ས་བོན་འདེབས་པ་དང་རང་གི་རྩོལ་བར་བརྟེན་རྒྱུ་ཡིན་ལ། ལྷག་པར་ཏུ་དང་ཏང་གི་བྱམས་བརྩེའི་ཐུགས་ཁུར་འོག་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་བསྐྲུན་རྒྱུ་ཡིན།
འབྲེལ་ཡོད་འོས་སྦྱོར།