འཛམ་གླིང་ཐོག་ཤུག་པའི་ཆ་རུ་བེད་སྤྱོད་གྲངས་འབོར་ཆེས་མང་བའི་སྦྲ་ནག
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་བོད་སྐད་རླུང་འཕྲིན།
དུས་ཚོད།:2026-08-28
ཀློག་གྲངས།:
ཟླ8པའི་ཚེས25ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་དུ་འཛམ་གླིང་གི་ཟིན་ཐོ་གསར་རྐྱང་ཞིག་བཏོད་པ་རེད། འཛམ་གླིང་ཟིན་ཐོ་གཞུང་ཕྱོགས་ཁས་ལེན་ལས་ཁུངས་ཀྱིས་ཡུལ་དངོས་སུ་བཤེར་འབེབས་དང་ཞིབ་བཤེར་བྱས་པ་བརྒྱུད། སྡེ་དགེ་གླིང་ཨ་ཁུ་ཁྲོ་ཐུང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི“སྡེ་དགེ་གླིང་ཨ་ཁུ་ཁྲོ་ཐུང་སྦྲ་ནག”དེ་ཤུག་པའི་ཆ་རུ་དང་ཀ་ར། ཕུར་བ་བཅས་གྲངས་འབོར3188སྤྱོད་པའི་བསྡོམས་འབོར“འཛམ་གླིང་ཐོག་ཤུག་པའི་ཆ་རུ་བེད་སྤྱོད་གྲངས་འབོར་ཆེས་མང་བའི་སྦྲ་ནག”ལ་བདམས་ནས། WRCAའཛམ་གླིང་ཟིན་ཐོ་སྡེ་ཁག་གི་གཞུང་ཕྱོགས་ཀྱིས་རྣམ་གྲངས་དེར་ཁས་ལེན་དཔང་ཡིག་སྤྲད་པ་རེད།

སྦྲ་ནག་དེ་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1600ལྷག་ཟིན་པ་དང་། སྦྲ་ནག་ནག་གི་ཆེས་མཐོ་ས་ལ་སྨི6ཟིན་ཡོད། སྦྲ་ནག་གི་བརྒྱུད་རིམ་ཧྲིལ་པོ་ཁམས་པའི་སྲོལ་རྒྱུན་གྱི་གནའ་བོའི་ལག་རྩལ་ཁོ་ནར་བརྟེན་ནས་བསྐྲུན་པ་ལས་དེང་རབས་ཀྱི་རྒྱུ་ཆ་དང་ལག་རྩལ་གྱི་ལྷད་མ་འདྲེས་པར་སྲོལ་རྒྱུན་སྦྲ་ནག་གི་བཟོ་རྩལ་ཉམས་པ་སླར་གསོ་དང་མི་ཉམས་གང་འཕེལ་བྱས་ཡོད། དེའི་ཁྲོད་ཆ་རུ2537དང་། ཀ་ར143། ཕུར་བ508ཡོད། ཡུལ་དངོས་ནས་འབྲེལ་ཡོད་མི་སྣས་བརྟག་དཔྱད་ཞིབ་འཇུག་དང་ཚད་འཇལ། རྩིས་ཐོ་ཡིག་ཚགས་ལ་ཡང་ཡང་བལྟས་རྗེསWRCAཡིས་ཟིན་ཐོ་གསར་པ་བཏོད་པར་ཁས་ལེན་བྱས།

སྡེ་དགེ་ནི་ཁམས་པའི་རིག་གནས་དང་གེ་སར་རིག་གནས་ཕུན་སུམ་ཚོགས་པའི་ཡུལ་གྲུ་ཞིག་ཡིན་ལ། འབྲོག་པའི་རིག་གནས་ཀྱི་རྫོང་ཤིན་ཏུ་མཐུག་པས་གཟུགས་མེད་ཤུལ་བཞག་རིག་གནས་ཤིན་ཏུ་མང་། གླིང་ཨ་ཁུ་ཁྲོ་ཐུང་ནི་འཛམ་གླིང་གེ་སར་རྒྱལ་པོའི་ཨ་ཁུ་ཡིན་ལ། ཁྲོ་ཐུང་སྡེ་བ་ནི་མི་མིང་ས་ལ་ཐོག་པའི་ཁྲོ་ཐུང་རིག་གནས་ཀྱི་ལྟེ་བ་ཞིག་ཡིན་ལ། མི་རབས་ནས་མི་རབས་ལ་ཁྲོ་ཐུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཀྱིན་ཡོད། སྦྲ་ནག་དེ་ནི་སྡེ་དགེ་གླིང་ཨ་ཁུ་ཁྲོ་ཐུང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་པ་ཁྱི་ཕྲུག་གིས་བཟོས། གླིང་ཨ་ཁུ་ཁྲོ་ཐུང་གི་བུ་རབས་ཚ་རྒྱུད་ཅིག་ཡིན་པའི་ཆ་ནས་ཁྲོ་ཐུང་རིག་གནས་ལ་དགའ་ཞེན་ཆེ་ལ། གླིང་གི་གནའ་རྫས་དང་ས་གནས་ཀྱི་དམངས་སྲོལ་རིག་གནས་ལ་ཉམས་མྱོང་ཆེ་ཞིང་། སྦྲ་ནག་རིག་གནས་ཀྱི་མྱུར་སྐྱོབ་དང་དར་སྤེལ་ལ་འབད་འབུངས་ཡར་བརྩོན་བྱེད་ཀྱིན་ཡོད།

རྒྱུས་ལོན་བྱུང་བར་བཞིགས་ན། སྲོལ་རྒྱུན་སྦྲ་ནག་གི་ལག་རྩལ་དེ་རྒྱུད་འཛིན་དར་སྤེལ་ཆེད། སྡེ་དགེ་གླིང་ཨ་ཁུ་ཁྲོ་ཐུང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གིས2016ལོ་ནས་བཟུང་སྟེ། སྔ་གཞུག་ལོ་ངོ8ལ་ཉེ་བ་ཞིག་ལ་བོད་ཡུལ་སྟོད་སྨད་བར་གསུམ་དུ་རྟོག་ཞིབ་དང་རྒྱུ་ཆ་ཉོ་སྒྲུབ་བྱས་ནས་གྲ་སྒྲིག་འཐུས་སྒོ་ཚང་བ་ཞིག་བྱས། ཁྲོ་ཐུང་སྡེ་བ་གཙོ་བྱས་པའི་ཡིད་ལྷུང་སྟོད་སྨད་བར་གསུམ་གྱི་འབྲོག་མི་རྒན་དར་གཞོན་གསུམ་ལ་སྐུལ་སློང་དང་ལག་ཤེས་བཟོ་རྩལ་བ་བསྡུ་རུབ་བྱས། སྦྲ་ནག་གི་རྒྱུ་ཆ་ནི་བོད་རང་ས་རང་ཡུལ་གྱི་ནོར་ནག་གི་རྩིད་པ་དང་ཁུ་ལུ་ཤ་སྟག་ཡིན་ཞིང་། མི་རྒྱུ་ཚགས་གསུམ་གྱི་ནུས་ཤུགས་ཡོད་རྒུས་ལོ་ངོ་བརྒྱད་ལྷག་རིང་ལ་མ་དངུལ་ཁྲི300ཙམ་བཏང་ཞིང་། སྔ་གཞུག་ཏུ་མི་གྲངས1000ཙམ་ཞིག་སྦྲ་ནག་ལས་གཞིའི་ནང་ཞུགས་ནས་ལེགས་པར་གྲུབ། ཆ་རུ་དང་དང་ཕུར་བ། ཀ་ར། ནོར་ནག་གི་རྩིད་པ་སོགས་ཡོད་ཚད་ས་གནས་རང་གི་རྒྱུ་ཆ་དང་ལག་བཟོ་ཁ་ན་ལས་བྱུང་བ་ཡིན།

གླིང་ཨ་ཁུ་ཁྲོ་ཐུང་སྦྲ་ནག་གིས་གཟུགས་མེད་ཤུལ་བཞག་རིག་གནས་འགྲེམས་སྟོན་དང་། རིག་དངོས་ཞིབ་འཇུག རིག་གནས་ཡུལ་སྐོར་ཉམས་སུ་མྱོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འབྲོག་ཁུལ་གྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་འཕེལ་རྒྱས་ལ་སྐུལ་ཁྲིད་དང་འབྲོག་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་རམ་འདེགས་བྱས་ནས་ལོ་ངོ་སྟོང་གི་མཐོ་སྒང་གི་འབྲོག་ལས་དཔལ་ཡོན་དུས་རབས་གསར་པར་སྲུང་སྐྱོང་དང་ཁྱབ་སྤེལ་གཏོང་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
