logo

མངའ་རིས་ཀྱི་ཁྱད་ལྡན་རིག་གནས་མཚོན་རྟགས་ཏེ་ཤོན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། དུས་ཚོད།:2019-11-13 ཀློག་གྲངས།:

     མངའ་རིས་རྩྭ་མདའ་རྫོང་དེ་གླང་ཆེན་ཁ་འབབ་རྒྱུད་དུ་གནས་ཡོད་པ་དང་། རྨོ་བོ་སྒྲོལ་དཀར་ནི་ཚེ་གང་རིང་ཤོན་འཁྲབ་ནས་གུ་གེའི་རིག་གནས་དྲིལ་བསྒྲགས་བྱེད་མཁན་ཞིག་རེད།
     གུ་གེ་གནའ་ཤུལ་གྱི་ལྡེབས་རིས་ཤིག་གི་ཐོག་རྒྱབ་གོས་དམར་པོ་གྱོན་པ་དང་ལག་གདང་སྦྲེལ་བའི་གཞོན་ནུ་མ་བཅུས་ཤོན་འཁྲབ་བཞིན་ཡོད་པའི་སྣང་ཚུལ་བྲིས་ཡོད་པ་རེད། གུ་གེ་གནའ་ཤུལ་གྱི་དོ་དམ་པ་པ་སངས་ཚེ་རིང་གིས“དེ་ནི་མངའ་རིས་ཀྱི་སྐད་གྲགས་ཆེ་བའི་ཤོན་ཟེར་བ་དེ་ཡིན་པ་དང་། ད་བར་ལོ་ངོ་སུམ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། དེ་ནི་བོད་ཀྱི་བོན་ཆོས་རིག་གནས་ཁོངས་སུ་རྟོགས་ཀྱི་ཡོད། གུ་གེ་གནའ་ཤུལ་དང་རྒྱང་ཐག་སྤྱི་ལེ17 ཆོད་པའི་རྫོང་གྲོང་དུ་ཡོད་པའི་བགྲེས་སོང་སྒྲོལ་དཀར་ནི་ཤོན་གྱི་རྒྱུན་འཛིན་པ་ཞིག་རེད”ཅེས་ངོ་སྤྲོད་བྱས་བྱུང་།

     པ་སངས་ཚེ་རིང་གིས་ཤོད་པའི་བགྲེས་སོང་སྒྲོལ་དཀར་ནི་ད་ལོ་དགུང་ལོ86ལ་སླེབས་པ་དང་། ས་སྐྱེས་རྡོ་སྐྱེས་ཀྱི་མཐོ་ལྡིང་གྲོང་རྡལ་གྱི་མི་རེད། གསར་འགོད་པ་བགྲེས་སོང་སྒྲོལ་དཀར་དང་འཕྲད་སྐབས་ཁོང་གིས་རྩྭ་མདའ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྦྱོང་ཚོམས་ཆེན་ནང་བུ་མོ་དྲུག་ལ་ཤོན་སློབ་བཞིན་ཡོད་པ་དང་། ཁོང་གིས་ཀྱང་སྐབས་རེ་རོལ་དབྱངས་དང་བསྟུན་ནས་ཤོན་འཁྲབ་བཞིན་འདུག
     བགྲེས་སོང་གི་རྣམ་འགྱུར་ཐོག་ནས་ཁོང་གིས་ཤོན་ལ་བཅངས་པའི་བརྩེ་སེམས་མཚོན་གྱི་ཡོད། ཤོན་ལ་བརྩེ་བ་དེ་ལྟར་འཆང་དོན་གང་ཡིན་པའི་སྐོར་འདྲི་སྐབས་བགྲེས་སོང་ཁོང་གིས“བོད་རྙིང་པར་ཞིང་བྲན་ཁྱིམ་ཚང་རེ་ནས་བུ་མོ་རེ་ཤོན་འཁྲབ་པར་གཏོང་དགོས་ཀྱི་ཡོད། སྐབས་དེ་དུས་ང་ཚོའི་ཁྱིམ་ཚང་དབུལ་ཕོངས་དབུལ་རྐྱང་ཡིན། ཤོན་འཁྲབ་པར་བསྐྱོད་ཚེ་ལྟོ་ཆས་བཟའ་ཡས་ཡོད་པས་ཤོན་སྦྱོང་བར་ཕྱིན་པ་ཡིན”ཞེས་བཤད་བྱུང་།
     དེ་ནས་བཟུང་། བགྲེས་སོང་གི་མི་ཚེ་ཧྲིལ་པོའི་ནང་ཤོན་ནི་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་རེད། ཡུལ་དུས་ཀྱི་འགྱུར་བ་དང་སྦྲགས བགྲེས་སོང་ཁོང་ཡང་ཡ་ང་བའི་ཞིང་བྲན་ཞིག་ནས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཏུ་གྱུར་ཏེ་སྤྱི་ལོ2011ལོ་ནས་བཟུང་དགེ་ཕྲུག་བསྡུ་འགོ་ཚུགས་ཡོད་པ་རེད།
     “ཤོན་འཁྲབ་སྐབས་ང་ལ་སློབ་མཁན་གྱིས་སྟངས་སྟབས་འགྲིག་པ་ཡིན་ན་འགྲིག་པ་དང་། མ་འགྲིག་པ་བྱུང་ན་འགྲིག་མིན་འདུག་ཟེར་གྱི་ཡོད། བགྲེས་སོང་གིས་དགེ་ཕྲུག་ཚོའི་འཁྲབ་སྟོན་ལ་འཁྱུག་ཙམ་བལྟས་རྗེས། འཁར་རྒྱུག་བཞག་ནས་བུ་མོ་ཚོའི་ཁྲོད་དུ་བསྐྱོད་དེ་ཁོང་ཚོ་དང་མཉམ་གཤིབ་ཀྱིས་སྟངས་སྟབས་ལེགས་པོས་ཤོན་འཁྲབ་འགོ་བརྩམས་པ་རེད”།
     “ད་ལྟ་འཁྲབ་སྟོན་རུ་ཁག་གི་གཞོན་ནུ་འདི་ཚོ་མཐོང་དུས། ང་ལོ་ཆུང་ཙམ་ཡིན་ན་དགའ་བ་ལ་ཨང་སྙམ་གྱི་འདུག གླུ་ཞབས་བྲོ་ནི་བདེ་སྐྱིད་ཀྱི་འཚོ་བ། གླུ་ཞབས་བྲོ་ནི་ཧ་ཅང་ཡག་པོ་རེད”།
     ཤོན་ཐེངས་གཅིག་འཁྲབ་ཚར་རྗེས་བགྲེས་སོང་གིས་སླར་ཡང་གཞོན་ནུ་མ་དེ་ཚོ་དང་མཉམ་དུ་རམ་སྐྱོར་གླུ་གཞས་བཏང་བ་རེད། སྒྱུ་རྩལ་ཚོགས་པའི་ཤོན་གྱི་རམ་སྐྱོར་གླུ་གཞས་ལ་བཟོ་བཅོས་ཅུང་ཟད་བརྒྱབ་ཡོད་རུང་བགྲེས་སོང་གིས་སྲོལ་རྒྱུན་གྱི་གཞས་གདངས་བཞིན་གཏོང་བཞིན་ཡོད་པ་རེད། བགྲེས་སོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཤོན་ལ་སྣེ་ཁ་13ཡོད་པས་ཤོན་13 ཞེས་ཀྱང་ཟེར་གྱི་ཡོད་པ་དང་། ཁོང་གིས་ཕོ་བྲང་དུ་འཁྲབ་པའི་ཤོན་སྣེ་ཁ་དྲུག་དང་དམངས་ཁྲོད་དུ་འཁྲབ་པའི་ཤོན་སྣེ་ཁ་གསུམ་བཅས་ཁྱོན་སྣེ་ཁ་དགུ་འཁྲབ་ཤེས་ཀྱི་ཡོད་པ་རེད། སྣེ་ཁ་རེ་རེའི་འཁྲབ་སྟངས་འདྲ་གི་མེད་པ་དང་། ཕོ་བྲང་དུ་འཁྲབ་པའི་ཤོན་གྱི་འཁྲབ་སྟངས་དང་མི་གྲངས། རུ་སྒྲིག་སྟངས་བཅས་ཚང་མར་རེ་བ་མཐོ་པོ་ཡོད་པ་དང་དམངས་ཁྲོད་དུ་འཁྲབ་པའི་ཤོན་ལ་རེ་བ་དེ་ཙམ་མཐོ་པོ་མེད་པ་རེད།
     མཐོ་ལྡིང་གྲོང་རྡལ་ནས་གུ་གེ་གནའ་ཤུལ་དབར་བར་ཐག་སྤྱི་ལེ17 ལས་མེད་ན་ཡང་གུ་གེའི་ལྡེབས་རིས་ནས་བགྲེས་སོང་གིས་རྒྱུན་འཛིན་བྱས་པའི་བར་མི་ལོ་སྟོང་གི་བར་ཐག་ཆོད་ཡོད་པ་རེད། མི་རབས་ནས་མི་རབས་བར་གྱི་གནའ་ཤུལ་ལྡེབས་རིས་ཐོག་གི་ཤོན་དེ་གསོན་ཉམས་ལྡན་པའི་སྒོ་ནས་རྒྱུན་གཏན་གྱི་འཚོ་བའི་ནང་འཁྲབ་སྟོན་བྱས་ཡོད་པ་རེད།
     ལོ23ཡིན་པའི་ཚེ་རིང་མཚོ་མོ་ནི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཁོངས་མི་ཞིག་ཡིན་པ་དང་ཁོ་མོས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་རྒྱུ་དེ་ནི་རང་ཉིད་འདི་གར་ཡོང་བའི་དམིགས་ཡུལ་གཙོ་བོ་དེ་ཡིན་ཞེས་བཤད་པ་རེད།
     “ཕྱོགས་གཅིག་ནས་བཤད་ན་གཞས་དང་ཞབས་བྲོར་དགའ་བ་དང་། ཕྱོགས་གཞན་ཞིག་གི་ཆ་ནས་བཤད་ན་དམངས་ཁྲོད་ཀྱི་ཞབས་བྲོ་འཁྲབ་ནས་འཕེལ་རྒྱས་གཏོང་ཆེད་ཡིན། དང་ཐོག་ཡོང་སྐབས་གཞས་འཁྲབ་རྒྱུ་དེ་ཙམ་མི་ཤེས། ད་ལྟ་འབྱོང་དུ་ཕྱིན་སོང་། སྤྱི་ལོ་2013ལོར་ཧོ་པེ་ཞིང་ཆེན་དང་ཡུན་ནན་ཞིང་ཆེན་སོགས་སུ་དམངས་ཁྲོད་སྒྱུ་རྩལ་གྱི་སློབ་མ་ཚོ་ཤོན་ཁྱབ་བསྒྲགས་བྱེད་པར་བསྐྱོད་པ་རེད”།
     སྒྱུ་རྩལ་ཚོགས་པའི་འཁྲབ་སྦྱོང་ལ་མཛུབ་ཁྲིད་བྱས་ཚར་ནས་ཁྱིམ་དུ་ལོག་སླེབས་དུས་གྲོང་རྡལ་དེ་གར་ཡོད་པའི་གྲོགས་མོ་བགྲེས་སོང་ཆོས་སྒྲོན་ཁོང་འཚོལ་བར་སླེབས་ཡོད་པ་དང་། ལོ་ན་བརྒྱད་ཅུ་ལྷག་ཙམ་ལ་སླེབས་པའི་གྲོགས་མོ་རྙིང་པ་གཉིས་ཀྱིས་སྔོན་མའི་འདྲ་པར་ལ་བལྟས་ནས་གད་མོ་ཡང་ཡང་བགོད་བཞིན་བགྲེས་སོང་སྒྲོལ་དཀར་གྱིས་གྲོགས་མོ་ཆོས་སྒྲོན་ལ་ཤོན་འཁྲབ་དུས་བརྒྱབ་པའི་འདྲ་པར་རེ་རེ་བཞིན་ལ་འགྲེལ་བཤད་བརྒྱབ་པ་རེད།
     ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་དུ་བགྲེས་སོང་གིས་ཀྱང་གཞས་བཏང་བ་དང་བགྲེས་སོང་ཆོས་སྒྲོན་གྱིས་གསར་འགོད་པར་ཤབ་ཤུབ་ངང་རྨོ་བོ་སྒྲོལ་དཀར་གྱི་ནང་ལ་ཡོང་རིམ་བཞིན་ཁོང་གིས་རྟག་ཏུ་སྔ་རྒྱུས་ད་རྒྱུས་ཡང་ཡང་ཤོད་ཀྱི་ཡོད་ཅེས་བཤད་པ་རེད།
     གླང་ཆེན་ཁ་འབབ་དེ་མཐོ་ལྡིང་དགོན་པ་བསྐོར་ཏེ་ལྷོ་རྒྱུད་དུ་རྒྱུག་འགྲོ་བ་བཞིན་དུས་ཚོད་ཀྱང་དེ་ལྟར་འདས་འགྲོ་གི་ཡོད། ལང་ཚོ་རྒྱས་པའི་ན་ཆུང་མ་ནས་ལོ་བརྒྱད་ཅུ་ལྷག་ཙམ་བར་རྒྱུན་མི་ཆད་པར་མངོན་མིན་རིག་གནས་ཤོན་རྒྱུན་འཛིན་འཁྲབ་སྟོན་བྱས་ཡོད་པས། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཤོན་དེ་སྔར་བཞིན་ས་ཆ་དེར་མི་ཉམས་གོང་འཕེལ་བྱུང་ཡོད་པ་རེད།
     གུ་གེའི་རྗེས་དྲན་ཞེས་པའི་ཟློས་གར་འཁྲབ་གཞུང་དེ་ཁྱོན་ཁག་བཞིར་དབྱེ་ཡོད་པ་དང་དེ་དག་ཁག་སོ་སོར་གནས་རི་དང་གནས་མཆོག་ཞེས་པ་དང་། ཞང་ཞུང་གི་ཉམས་རྒུད་ཞེས་པ། གུ་གེའི་དར་རྒུད་ཞེས་པ། གུ་གེའི་རྗེས་དྲན་ཞེས་པ་བཅས་རེད། དེའི་ནང་ཚོ་སྲིབ་གསུམ་དཀྱིལ་གྱི་ཤོན་དང་བསྟི་ཡག་གི་ཤོན། རྩྭ་མདའི་ཤོན་སོགས་ཞབས་བྲོའི་སྟངས་སྟབས་དང་ཤོན་གྱི་རྔ་རྩལ་སོགས་ནང་དོན་ཚུད་ཡོད།འཁྲབ་གཞུང་དེར་ཁྱོན་འཁྲབ་སྟོན་པ80མ་ཟིན་ཙམ་ཡོད་པ་དེ་དག་ཚང་མ་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་མང་ཚོགས་ཤ་སྟག་རེད།


འབྲེལ་ཡོད་འོས་སྦྱོར།