མཚོན་སྲུང་ངམ་གའུ་ངོ་སྤྲོད།
མཚོན་སྲུང་ངམ་གའུ་ནི་དེང་སང་རྒྱན་ཆ་ཞིག་དུ་གྱུར་འདུག་པ་སྟེ། གོས་ངོམ་ཤོམ་ཆེན་གྱི་ཚོགས་ཐོག་ཏུ། མི་རྣམས་ཀྱིས་གསེར་དངུལ་གཡུ་བྱུར་གྱིས་བརྒྱན་པའི་གའུ་ཆེན་པོ་མགོ་འདྲ་བ་རེ་བཏགས་ཏེ། མཛེས་དཔྱོད་ཀྱི་རིན་ཐང་གཞལ་བར་ཁྲ་ཁྲ་སིལ་སིལ་གྱི་སྐེ་བརྒྱན་དང་རྣ་ལུང་རྣམས་གཞི་གཅིག་ཏུ་འཇོག་པ་ནམ་རྒྱུན་ང་ཚོས་མཐོང་དུ་ཡོད་པ་རེད།
འོན་ཀྱང་སྔོན་མར་གའུ་ནི་དགོས་པ་ཅིའི་ཕྱིར་བྱུང་བ་ཡིན་ཞེས་ན། དེ་ཡང་གའུ་ལ་མཚོན་སྲུང་ཞེས་མིང་འབོད་པ་ལས་ང་ཚོས་བསམ་གཞིག་ཞིག་བྱས་ན་འོས་པར་སྙམ་སྟེ། མཚོན་སྲུང་ངམ་སྲང་འཁོར་ནི་རྫས་སྔགས་དམིགས་རིམ་སོགས་ཀྱི་མཐུ་ལ་བསྟན་ནས་ཕྱི་དགྲའི་གནོད་པ་བཟློག་པར་བྱེད་པའི་ཡོ་བྱེད་ཅིག་ཡིན་པ་སྟེ། མང་ཚོགས་ཁྲོད་ན་ཀོ་བ་དང་རས་ཀྱིས་བཟོས་པའི་སྲུང་འཁོར་མང་པོ་ཡོད་པ་ལྟར། དེའི་ནུས་པ་ནི་འབྱུང་བ་བཞིའི་གནོད་པ་ཕྱིར་ལྡོག་པ་ཡིན་ནོ།།
འོན་ཀྱང་མཚོན་སྲུང་ཞེས་ན་དེར་ཡང་གོ་བ་གཞན་ཞིག་ཀྱང་འདུག་སྟེ། འཐབ་འཛིང་དང་ཇག་ལས་ཀྱི་བརྒྱུད་རིམ་ཁྲོད་དུ་མི་དང་མིའི་བར་དུ་མཚོན་འཛིང་འབྱུང་སྲིད་པ་བཞིན། མཚོན་གྱིས་མི་བཏུབ་པ་དང་། མཚོན་གྱིས་མི་ཕུག་མི་ཆོད་པའི་ལོ་རྒྱུས་མང་པོ་དམངས་ཁྲོད་དུ་གནས་པ་ལས་ཤེས་སོ།།
དེས་ན་གའུའི་ནང་དུ་མཚོན་གྱིས་མི་བཏུབ་པའི་རྫས་ཅི་ཞིག་ཡོད་ཅེས་ན། བླ་ཆེན་གྲུབ་ཆེན་གྱི་ཕྱག་མདུད་དང་ན་བཟའ། བསྟན་གསུམ་སོགས་བློ་ཡུལ་ན་ཁྱད་དུ་འཕགས་ཚད་ཀྱི་རྫས་སྔགས་དམིགས་རིམ་སོགས་ཡོད་ལ། ཆེད་དུ་མཚོན་གྱིས་མི་ཆོད་པའི་སྔགས་སྒོམ་པའང་ཡོད་པས་ན། དེའི་ལོ་རྒྱུས་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་ཁྲི་སྲོང་སྡེ་བཙན་གྱི་སྐབས་སུ་དམག་ཤུགས་དར་བ་དང་མཉམ་དུ་བྱུང་བ་ཡིན་ནམ། ཡང་ན་ཨོ་རྒྱན་པད་མ་འབྱུང་གནས་ཀྱིས་ཆོས་སྤེལ་བ་ལས་བྱུང་བ་ཡིན་ནམ།
སྤྱིར་ན་ལོ་རྒྱུས་དུས་ཡུན་རིང་ཙམ་ནས་གའུས་རྒྱན་ཆ་དང་སྲུང་འཁོར་གཉིས་ཀྱི་ཚབ་བསྐྱེད་དེ་བྱུང་བ་གསལ་མོད། འོན་ཀྱང་དེང་སང་གའུ་ནི་གསེར་དངུལ་གཡུ་བྱུར་གྱིས་བརྒྱན་ཞིང་ཆེ་ཚད་དང་བཟང་ཚད་འགྲན་པ་ལྟར་གའུ་རྟ་མགོ་མ་སོགས་རིགས་དང་དབྱིབས་སྣ་ཚོགས་བྱུང་ཞིང་། རྒྱན་ཆ་རྐྱང་རྐྱང་གི་ནུས་པ་དེ་ང་ཚོའི་སྤྱི་ཚོགས་སུ་ལུས་འདུག་གོ།