logo

རྒྱན་བཤད་པ།

རྩོམ་པ་པོ།:cbnnyt ཡོང་ཁུངས།:བོད་ལྗོངས་རིག་གནས་དྲ་བ། དུས་ཚོད།:2008-02-17 ཀློག་གྲངས།:

  རྒྱན་ནི་མིའི་རིགས་ལ་གོས་དར་བའི་རྗེས་ནས་བྱུང་ཞིག་ཡིན་ལ། རྒྱན་གྱི་འབྱུང་ཁུངས་ནི་སྤྱིར་མིའི་རིགས་ན་ཚོད་ཕྲ་བའི་སྐབས་ཀྱི་ཐོན་སྐྱེད་ཡོ་ཆས་ནས་བྱུང་བར་མངོན་ཏེ། དཔེར་ན་སྐྱེས་པའི་གྲི་ལ་མཚོན་ན་དང་པོ་ཕ་རོལ་དགྲ་འགོག་ཀྱི་ནུས་པའི་ཆེད་དུ་བཏགས་ན་ཡང་། རྗེས་སུ་ཐོན་སྐྱེད་འཕེལ་རྒྱས་བྱུང་བ་ལ་བརྟེན་ནས་རྒྱན་དུ་བྱེད་དེ། དཔེར་ན་ཨ་མདོའི་དམངས་གཞས་སུ། སྟག་ཤར་བའི་རྒྱན་ཆ་གྲི་ཆུང་ཡིན།། གྲི་ཆུང་དཔའ་ལོང་རིན་ན་རྒྱན།། མ་བུ་མོའི་རྒྱན་ཆ་གཡུ་བྱུར་ཡིན།། གཡུ་བྱུར་རུའི་ཁ་གྲངས་མང་ན་རྒྱན།། ཟེར་བ་སོགས་ཀྱིས་མཚོན་ཐུབ།

  བོད་མི་རིགས་ནི་རྒྱན་ཆ་ལ་མཐོང་ཆེན་བྱེད་པའི་མི་རིགས་ཤིག་ཡིན་ལ། རྒྱན་ཆའི་རྒྱུ་དང་འདོགས་སྲོལ་གྱི་ཐད་ནས་མི་རིགས་གཞན་དག་དང་ཁྱད་པར་ཆེན་པོ་ཡོད། དེ་ཡང་རྒྱན་ཆའི་རྒྱུ་ལ་མཐོང་ཆེན་བྱེད་ཚུལ་ནི་འཛམ་གླིང་འདིར་རིན་ཐང་ཆེ་ཞིང་དངོས་གྱུར་སྦྱར་གསུམ་གྱི་དུག་རིགས་མཐའ་དག་གི་ནུས་པ་ལུས་ལ་མི་འཛིན་པར་འཇོམས་པ་དང་། དུས་མིན་གྱི་འཆི་བ་ཟློག་ཅིང་ཚེ་རིང་བར་འཕེལ་བའི་ནུས་པ་དང་ལྡན་པར་གྲགས་པ་སུ་ཝར། དུས་གསུམ་དུ་མདོག་མི་འདྲ་བ་སོ་སོར་སྟོན་ཅིང་ཡོན་ཏན་མཐའ་ཡས་པ་ལངྐའི་གསེར། གཉིས་སྐྱེས་མེ་ཟན་གྱི་བྲུན་ལས་སྐྱེས་པར་གྲགས་པའི་གསེར་དམར། རྒྱ་མཚོའི་བྱེ་གསེར། སྟོད་གསེར། ཁམས་གསེར། རྡོ་བཞུ་བ་ལས་བྱུང་བ་སོགས་གསེར་གྱི་རྣམ་གྲངས་མང་པོ་དང་། ཛམ་བུ་པྲྀཀྵའི་ཐང་ཆུ་མཚོར་ལྷུང་བ་ལས་སྨིན་པར་གྲགས་པ་སྤོས་ཤེལ། རྒྱ་མཚོའི་བྲག་སེར་པོ་ལས་བྱུང་བར་གྲགས་པ།  གྲུ་གུའི་བས་མཐའི་བྱེ་མའི་གསེབ་ཏུ་རྡོ་རིགས་ཤིང་སྡོང་གི་དབྱིབས་ཅན་སྐྱེ་བར་འདོད་པ་ཟས་གོས་འཕེལ་བའི་ཡོན་ཏན་ཅན་བྱུ་རུ་དཀར་དམར། མ་དྲོས་པའི་ཆུ་རྒྱུན་གངས་ལྡན་འདིར་མང་ཡུལ་ལ་སོགས་པར་ཟླ་བ་བདུན་པའི་དུས་སུ་བབས་པས་རྐྱེན་བྱས་ཏེ་བྲག་ལས་སྐྱེས་པར་གྲགས་པ་རྡོའི་རྒྱལ་པོ་གཡུ། དེ་ལ་གཡུ་སྤྱང་། དྲུག་དཀར། དྲུག་དམར། བར་གཡུ་སོགས་དང་། རྡོ་རིགས་རྙིང་མའི་རིན་པོ་ཆེ་རྟ་ཀླད་དམ་མ་ན་ཧུ། དཀར་སྔོའི་མདངས་ལྡན་ལུག་ཚིལ། གྲ་བོ་ལ་སོགས་པ་རི་མོ་ཅན་གཟི། ཁ་མདོག་སྨུག་པོ་མཆོང་། ཁ་མདོག་ཤིན་ཏུ་དྭངས་ཤེལ། གཞན་ཡང་ནོར་བུ་དང་། མུ་ཏིག་དང་། དུང་དང་། མན་ཤེལ་དང་། དངུལ་དང་། སྤུག་དང་། པདྨ་རཱ་དང་། ཟངས་དང་།  འཁར་བ། ལྕགས་དང་། ད་དུང་འབྱོར་བའི་ཆེ་ཆུང་ལྟར་ཙན་དན་དང་། གྱ་རྟ་སོགས་ཤིང་རིགས་རྒྱན་ཆའི་རྒྱུར་བྱེད་པ་ཡང་ཡོད་དོ།།

  རྒྱན་འདོགས་ཚུལ་གྱི་དབང་དུ་བཏང་ན། མགོ་དང་། སྐྲའི་ལན་བུ། རྣ། རྒྱབ། སྐེ། མཁྲིག་མ། མཛུབ་མོ། ལྭའི་གོང་བ། ལྭའི་འདབས། སྐ་རགས་སོགས་སུ་འདོགས་པ་དང་། རྒྱན་ཆའི་རིགས་ལ་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་སོ་སོར་རྣམ་པ་རིགས་མི་འདྲ་བ་མང་པོ་ཞིག་དར་ཡོད་ན་ཡང་། དེ་དག་ལས་རགས་རིམ་ཙམ་ཞིག་སྨྲས་ན།

ཧོར་མོའི་གཙུག་རྒྱན་འདོགས་སྲོལ་ལས་དར་བའི་གཙུག་གཡུ། ལྷ་ལྕམ་གྱི་མགོ་རྒྱན་གཙུག་གཡུ་ཐག་པ། ཞྭ་མོའི་རྒྱན་གཙུག་སྒྲོ། ཏོག ལྷ་ལྕམ་སྤ་ཕྲུག  སྤ་ལུང་། སྤྱི་གུ། གསེར་རྣ། དངུལ་རྣ། རྣ་རྒྱན་ཨ་ལོང་། སོག་བྱིལ། ཨེ་ཀོར། སྐེའི་གའུ། སྐེ་ཕྲེང་། གའུ་སུམ་སྒྲོམ། མེ་ཏོག     རལ་ཤུབས། སྐྲ་ལིང་། རལ་ཆུང་། སྐེད་འཆིང་། བཞོ་ལོང་། གསབ་ཐག  སྲམ་ཁ། གཟིག་གོར། གློ་གྲི། འབའ་ཁུག ཆབ་མ། སྡིག་རྭ་གློ་ཕྲེང་། ནོར་བུ་དགའ་འཁྱིལ། གློ་གཟུར། པང་གདན་སོགས་ཡོད་ལ། གཟབ་ཆས་སྤྲས་པའི་བུད་མེད་འབྱོར་བ་ཅན་གཅིག་གི་ལུས་ན་སྒོར་ས་ཡ་བརྒལ་བའི་རིན་ཐང་ཡོད་མཁན་ཡང་ཤིན་ཏུ་མང་ཞེས་གླེང་ངོ་།།

 


འབྲེལ་ཡོད་འོས་སྦྱོར།