logo

༄༅།།བོད་སྟོད་པའི་ཤོན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-06-08 ཀློག་གྲངས།:
“ཤོན”ཞེས་པ་ནི་ཞང་ཞུང་གི་སྐད་དང་། གླུ་གར་གྱི་དོན་ཡིན། གནའ་བོའི་བོད་མིའི་གླུ་གར་གྱི་བྱེ་བྲག་ཅིག་ཡིན་ཞེས་བཤད་ཀྱང་ཆོག   ཤོན་འདི་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི། ཚོན་མདོག་སྣ་ཚོགས་ལས་གྲུབ་པའི་ཆེད་སྤྱོད་ཀྱི་འཁྲབ་ལྭ་ཡོད་པ་མ་ཟད།ཡིད་སེམས་འགུག་པའི་གཞས་གདངས་སྙན་མོ། མཛེས་ཤིང་བབ་ཆགས་ཀྱི་གོམ་སྟབས་ཡང་མོའི་འཁྲབ་སྟངས་བཅས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། ཡིན་ཡང་བོད་སྟོད་པའི་ཤོན་ནི་ཆོས་ལུགས་བྱེད་སྒོ་དང་། གལ་་ཆེའི་དུས་ཆེན་སྐབས་མ་གཏོགས་འཁྲབ་ཀྱི་མེད། དེ་བས་ཤོན་གྱི་ཞབས་བྲོ་དུས་རྒྱུན་མཐོང་དཀོན་པོ་ཞིག་ཡིན་པས་ས་དེ་གའི་མི་དམངས་ཀྱིས་གླུ་གར་འདི་ལ་དགའ་བསུ་དང་མཐོང་ཆེན་བྱེད་ཀྱི་ཡོད། 
བོད་སྟོད་པའི་ཤོན་འཁྲབ་པ་ལ་གཏན་ཁེལ་གྱི་དུས་ཚོད་དང་། ས་གནས་སོགས་ཡོད། འབྲི་གུང་སྤྲུལ་སྐུ་གདན་ས་ལ་འགོད་སྐབས་དང་། དགོན་པའི་རབ་གནས་སོགས་བྱེད་པའི་ཆོས་ལུགས་དུས་ཆེན་ལ་མ་གཏོགས་འཁྲབ་ཆོག་གི་མེད། འཁྲབ་མཁན་གྱི་མི་སྣ་དང་འཁྲབ་ལྭ་སོགས་ལའང་ངེས་གཏན་གྱི་ཁྱད་ཆོས་འཛོམས་དགོས། འཁྲབ་ལྭའང་ཧ་ཅང་རྩ་ཆེན་དག་དགོས་པས། ཁྱིམ་ཚང་གི་དཔལ་འབྱོར་ཞན་པ་ཞིག་ལ་མཚོན་ན་བོད་སྟོད་པའི་ཤོན་འཁྲབ་རྒྱུ་ནི་ལས་ཁག་པོ་ཞིག་ཡིན། ཡིན་ཡང་བོད་སྟོད་པའི་ཤོན་གྱི་འཁྲབ་སྟངས་བབ་ཆགས་ཤིང་གསོན་ཉམས་ལྡན་པས། ལྟད་མོ་བ་རྣམས་སྤྲོ་སྣང་འཕེལ་ཞིང་། བག་ཕེབས་བཅས་ཀྱི་ཚོར་བ་འགོག་མེད་དུ་གཏེར་བཞིན་ཡོད། ད་དུང་འཁྲབ་མཁན་པས་གླུ་དབྱངས་ལེན་ཞོར་དང་བྲོ་འཁྲབ་ཞོར་བྱེད་པའི་རྣམ་པ་དེ་ཧ་ཅང་མཛེས་ཤིང་། གླུ་སྐད་སྙན་མོས་ཡིད་སེམས་ཅིག་ཅར་ཏུ་འགུགས་པར་བྱེད་པ་ནི་དངོས་སུ་སོང་ནས་མྱངས་ན་མ་ཟད། ཚིག་ངོས་ནས་བརྗོད་པ་ཙམ་གྱིས་ཚོར་བ་གསོན་པོ་ཞིག་སྟེར་དཀའ་བ་རེད། 
དོན་ངོ་མས་བོད་སྟོད་པའི་ཤོན་ནི་བོད་རིགས་དམངས་ཁྲོད་ཀྱི་སྲོལ་རྒྱུན་གླུ་གར་རིགས་ཤིག་ཡིན་པས། གླུ་གར་འདི་ནི་བོད་ཁམས་ཡོངས་ཀྱི་གླུ་གར་ཉིང་བཅུད་ཡིན་ཞེས་བཤད་ཆོག་ལ། བོད་མི་རིགས་ཀྱི་ཆོས་ལུགས་ལྟ་བ་དང་། མི་ཆོས་ཡ་རབས་གུས་སྲོལ། དུས་ཆེན་དགའ་སྟོན། བོད་ཀྱི་སྲོལ་རྒྱུན་རིག་གནས་སྣ་ཚོགས་ཀྱི་ནང་དོན་མཚོན་པས།ཕུན་སུམ་ཚོགས་པའི་རིག་གནས་ཀྱི་བང་མཛོད་ཅིག་ཡིན་པ་རེད། གླུ་ཡི་ནང་དོན་ལ་བླ་མ་ཁྲི་འགོད་ཀྱི་དགའ་བསུའི་གླུ་དབྱངས། དགོན་གནས་རི་ཁྲོད་དང་། ཕ་ཡུལ་གྱི་རི་ར་བ་ཁང་ཁྱིམ། བླ་སྤྲུལ་གྲྭ་བཙུན་བཅས་ལ་བསྟོད་པའི་གླུ་སོགས་ཀྱང་ཡོད་པ་རེད། 
ཤོན་འདི་ལ་ལོ་རྒྱུས་རིང་ཞིང་ནང་དོན་ཕུན་སུམ་ཚོགས་པོ་ལྡན་པ་ཞིག་རེད། སྨན་རིའི་བསྟན་འཛིན་རྣམ་དག་གིས་མཛད་པའི《གནའ་བོའི་ལོ་རྒྱུས》ནང་འདི་ལྟར་བཀོད་ཡོད། “སྟོན་པ་གཤེན་རབ་མི་བོ་ཆེ་གདན་འདྲེན་སྐབས་མང་ཚོགས་ཤོན་འཁྲབ།”སྟོན་པ་གཤེན་རབ་མི་བོ་ཆེ(སྤྱི་ལོ་སྔོན་གྱི་དུས་རབས་དང་པོའི་མི)ནི་བོན་པོའི་སྟོན་པ་ཡིན་ཞིང་། འདི་ལ་གཞིགས་ན་བོད་སྟོད་པའི་ཤོན་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་ཡར་སྔོན་དུ་དར་ཡོད་པ་ཞིག་ཡིན་པ་གསལ་བོར་ཤེས་ཐུབ་པ་རེད། མང་ཚོགས་ཁྲོད་དུ་བོད་སྟོད་པའི་ཤོན་ནི་ཨ་ཅེ་ཆོས་སྐྱིད་སྒྲོལ་མས་གསར་གཏོད་གནང་བ་ཡིན་ཞེས་བཤད་སྲོལ་ཡང་ཡོད་པ་རེད། ཨ་ཅེ་ཆོས་སྐྱིད་སྒྲོལ་མ་ནི་འབྲི་གུང་བཀའ་བརྒྱུད་པའི་སྲོལ་གཏོད་མཁན་སྐྱོབ་པ་འཇིག་རྟེན་མགོན་པོའི་ཨ་ཕྱི་ཡིན་ཞིང་། བློ་གྲོས་ཀྱིས་ཕྱུག་པའི་མཁའ་འགྲོ་མ་ཞིག་ཡིན་པས་འབྲི་གུང་བཀའ་བརྒྱུད་ཀྱི་གྲུབ་མཐའ་ལ་སྲུང་སྐྱོབ་བྱེད་པར་ཁས་ལེན་བྱས་ཡོད་ཅེས་པའི་ཤོད་རྒྱུན་ཡོད། ཡིན་ཡང་བོད་སྟོད་པའི་ཤོན་ནི་ཆེས་སྔ་མོ་ཞིག་ནས་དམངས་ཁྲོད་ནས་བྱུང་བ་དང་། དམངས་ཁྲོད་དུ་ཁྱབ་ཡོད་པའི་གར་འཆམ་ཁྱད་དུ་འཕགས་པ་ཞིག་རེད། དམངས་ཁྲོད་ཀྱི་བཤད་རྒྱུན་ཞིག་ལ། “བོད་སྟོད་པའི་ཤོན། ཡ་རུ་སྒང་གི་ལྷ་མོ། སྦྲང་མདའི་བྲོ ”ཞེས་པའི་བརྗོད་ཚུལ་ལ་བརྟག་ན་བོད་སྟོད་པའི་ཤོན་ནི་དམངས་ཁྲོད་དུ་ཧ་ཅང་དར་ཁྱབ་ཆེ་བ་ཞིག་ཡིན་པ་ཤེས་ཐུབ། འབྲི་གུང་བསྟན་འཛིན་པད་མ་རྒྱལ་མཚན་གྱིས་བརྩམས་པའི《འབྲི་གུང་གདན་རབས》སུ་འབྲི་གུང་གདན་རབས་བཅུ་གཉིས་པ་དོན་གྲུབ་རྒྱལ་པོས(སྤྱི་ལོ་སྔོན་གྱི་དུས་རབས་བཅུ་བཞི)སྔོན་གྱི་བོད་སྟོད་པའི་ཤོན་གྱི་ནང་དོན་དང་། འཁྲབ་སྟངས། འཁྲབ་ལྭ་སོགས་འཐུས་ཇེ་ཚང་དུ་བཏང་སྟེ། ས་ཕྱོགས་ཀུན་དུ་ཁྱབ་པ་དང་། སྒྱུ་རྩལ་རང་བཞིན་དང་ལྟད་མོའི་རང་བཞིན་དེ་ཕུན་སུམ་ཇེ་ཚོགས་སུ་སོང་སྟེ་བོད་སྟོད་པའི་ཤོན་དེ་འཕེལ་རྒྱས་ཀྱི་ཡང་རྩེར་སོན་ཏེ་རྒྱལ་དབང་ལྔ་པའི་སྐབས་སུ་བསམ་ཡས་སུའང་དར་བས་དར་ཁྱབ་ཆེན་པོ་སོང་བ་རེད། 
རྗེས་སུ་བོད་སྟོད་པའི་ཤོན་འདི་ལ་འཁྲབ་སྟངས་སོགས་ཀྱི་ཕྱོགས་ནས་སྔར་ལས་བབ་ཆགས་ཤིང་མཛེས་ཉམས་ལྡན་ལ། སྒྲིག་སྟངས་སྣ་ཚོགས་ཤིག་ཆགས་ཡོད་པ་རེད། གླུ་གཞས་ཀྱི་ནང་དོན་དེ་སྤྲོ་སྣང་ཆེ་རུ་སོང་བ་དང་མཉམ་དུ་གར་གྱི་སྟངས་སྟབས་ཀྱང་ཇེ་མགྱོགས་ནས་ཇེ་མགྱོགས་ཏུ་འགྲོ། འཁྲབ་སྟངས་ལ་ཕྱག་ཟུང་ཐལ་མོ་སྦྱོར་བ་དང་། གུས་ཕྱག་འབུལ་བ་སོགས་གོང་མ་ལྷ་ལ་མཆོད་པ་བྱེད་སྟངས་དང་། མི་འགྱུར་པའི་དད་པ་བྱེད་སྟངས་སོགས་ཡོད་པ་མ་ཟད། ནམ་རྒྱུན་གྱི་ཐོན་སྐྱེད་འཚོ་བའི་རྣམ་པ་ཡང་མངོན་ཡོང་པ་རེད། གླུ་གཞས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་ཡིད་འགུལ་ཐེབས་པ་ཞིག་ཏུ་གྱུར་ཡོད་པ་རེད། འཁྲབ་མཁན་གྱིས་གླུ་དབྱངས་ལེན་ཞོར་དང་བྲོ་འཁྲབ་ཞོར་བྱེད་པའི་རྣམ་པ་དེས་ལྟད་མོ་བ་རྣམས་ལ་སྔར་ལས་ལྷག་པའི་ཡིད་དབང་འགུགས་ངེས་རེད། གཞས་དཔོན་གྱིས་ཚོན་མདོག་སྣ་ལྔ་ཅན་གྱི་མདའ་བཟུང་སྟེ་མགོ་ཁྲིད་པ་ཡིན། གཞན་དག་འཁྲབ་མཁན་ཕོ་མོ་རྣམས་ཀྱིས་ཁྲ་ཁྲ་རིག་རིག་གི་གྱོན་པ་དང་། སྐེ་རགས་སྣ་ཚོགས་དཀྲིས་ཏེ་གར་འཁྲབ་ངེས།འཁྲབ་ཆས་དེ་བོད་འབྲོག་ཁུལ་གྱི་གྱོན་ཆས་ཀྱི་ཁྱད་ཆོས་ལྡན་ལ། ཞབས་བྲོ་ལ་རམ་འདེགས་ཀྱི་རོལ་དབྱངས་མེད་ལ། རང་འགར་ཏུ་འཁྲབ་སྟོན་བྱེད་པའི་སྲོལ་ཡང་མེད། 
དེ་བས་བོད་སྟོད་པའི་ཤོན་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན་ལ། གནའ་བོའི་བོད་ཀྱི་དམངས་ཁྲོད་གླུ་གར་ཞིབ་འཇུག་བྱེད་པའི་སྲོག་ཤིང་ལྟ་བུ་ཞིག་ཀྱང་ཡིན། བོད་སྟོད་པའི་ཤོན་གྱི་གླུ་ཚིག་དང་། གྱོན་ཆས་སོགས་ལ་གཞིགས་ན་སྐབས་དེའི་བོད་ཀྱི་དམངས་སྲོལ་རིག་གནས་ལའང་རྒྱས་ལོན་ཆེན་པོ་བྱེད་ཐུབ། བོད་སྟོད་པའི་ཤོན་གྱི་རོལ་དབྱངས་ནི་ཆོས་ལུགས་རོལ་དབྱངས་དང་དམངས་ཁྲོད་རིག་གནས་མཉམ་འདྲེས་ཀྱི་ཉིང་བཅུད་ལྟ་བུ་རེད། ཡ་རབས་གུས་ཞབས་ཀྱི་རང་བཞིན་ལྡན་པའི་གླུ་གར་ཞིག་ཀྱང་ཡིན་པས་བོད་སྟོད་པའི་ཤོན་ནི་རིན་ཐང་བྲལ་ཞིང་མྱུར་སྐྱོབ་བྱེད་དགོས་པའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྩ་ཆེན་ཞིག་ཡིན་པ་རེད། 
དེ་བས་མལ་གྲོ་གུང་དཀར་རྫོང་ཨུ་དང་། རྫོང་སྲིད་གཞུང་གིས་བཀོད་འདོམས་འོག  ༡༩༨༦ལོ་ནས་ཐོག་མར་བོད་སྟོད་པའི་ཤོན་ལ་མྱུར་སྐྱོབ་དང་སླར་གསོ་བྱས་པ་རེད། སྒྱུ་རྩལ་པ་བློ་རྒྱལ་གྱིས་བཀོད་འདོམ་འོག་ས་དེའི་བོད་སྟོད་པའི་ཤོན་གྱི་སྒྱུ་རྩལ་པ་རྒན་རབས་འགའ་ལ་བསྟེན་ནས་སླར་གསོ་དང་མྱུར་སྐྱོབ་བྱས་པ་མ་ཟད། འབྲི་གུང་མཐིལ་དགོན་སླར་གསོ་འགྲུབ་སྟོན་གྱི་ཉིན་མོ་བོད་སྟོད་པའི་ཤོན་ཡང་འཁྲབ་པ་རེད། གཞན་ཡང་བློ་རྒྱལ་ལགས་ནས་འདོན་སྤྲོད་བྱས་པའི་བོད་སྟོད་པའི་ཤོན་གྱི་ཡིག་ཆ་དང་རྩོམ་ཡིག《རིག་གནས་སྒྱུ་རྩལ་བོད་ཤོག་སྒྲིལ》ཏུ་བཀོད་དེ་ཉར་ཚགས་བྱས་ཡོད། 
བོད་སྟོད་པའི་ཤོན་གྱི་གླུ་ཚིག་རྣམས་བློ་རྒྱལ་གྱིས་དག་སྒྲིག་བྱས་ཏེ《ཨ་ཅེ》ཞེས་པའི་དུས་དེབ་སྟེང་བཀོད་ཡོད་པ་རེད། སྒྱུ་རྩལ་པ་ཆོས་གོ་ལ་བཅར་འདྲི་བྱས་ཏེ་བརྙན་སོགས་ཀྱང་བླངས་ནས་ཉར་ཚགས་བྱས་ཡོད་པ་རེད། 
མདོར་ན་བོད་སྟོད་པའི་ཤོན་ཉག་ཕྲ་བའི་སྐབས་འདི་ལ་རྒྱལ་ཁབ་རིམ་པས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་གཏོང་དགོས་པ་ནི་ཀུན་ཕན་བསམ་བློར་ལྷད་མ་འདྲིས་པའི་རྣམ་གྲངས་ཤིག་ཡིན་ལ། ངེས་པར་བསྒྲུབ་དགོས་པའི་དོན་དག་གལ་ཆེན་ཞིག་ཀྱང་ཡིན་ནོ།།
འབྲེལ་ཡོད་འོས་སྦྱོར།