ཁྲི་ཀའི་བོད་རིགས་ཀྱི་རྒྱན་གོས།
རྩོམ་པ་པོ།:ཆུ་བཟང་པདྨ་ཚེ་རིང་གིས་ཕྱོགས་སྒ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-10-31
ཀློག་གྲངས།:
ཁྲི་ཀའི་བོད་རིགས་ཀྱི་རྒྱན་གོས་ངོ་སྤྲོད་མདོར་བསྡུས།
ཆུ་བཟང་པདྨ་ཚེ་རིང་གིས་ཕྱོགས་སྒྲིག་བྱས།
ཁྲི་ཀ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་རྒྱུད་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་རྒྱུད་དུ་ཆགས་ཡོད། ས་ཁོངས་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3504ཡོད་པ་དང་། ཁོངས་སུ་གྲོང་རྡལ4དང་ཡུལ་ཚོ3ཡོད། སྲིད་འཛིན་སྡེ་བ122དང་། སྡེ་ཁུལ་ཨུ་ཡོན་ལྷན་ཁང6དང་མི་གྲངས་ཁྲི11.09ཡོད། ས་ཁོངས་སུ་མཛེས་ཤིང་ལྟ་ན་སྡུག་པའི་རི་ཆུའི་ཉམས་འགྱུར་སྟོང་གིས་ཁྱབ་ཅིང་། སྣ་མང་སྤྱི་ཚོགས་རིག་གནས་མཉམ་འདྲེས་མཉམ་གནས་ཐུབ་པའི་རྣམ་པ་ཀུན་ནས་མངོན་པ། ཞིང་སྡེའི་མཛེས་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་པའི་གསོན་ཤུགས་དེ་སྟོབས་ཆེར་རྒྱས་པ་དང་། རྡོ་ཆས་གསར་མའི་དུས་རབས་ནས་བཟུང་མིའི་རིགས་དེ་གར་སྐྱེ་འཕེལ་བྱུང་བ་དང་། ཧན་ནུབ་མའི་དུས་སུ་ཧོ་ཀོན་རྫོང་བཙུགས་པ། ཡོན་རྒྱལ་རབས་སུ་ཁྲི་ཀ་ཀྲོའུ་བཙུགས་པ། མིན་གོ་སྐབས་སུ་ཁྲི་ཀ་རྫོང་བཙུགས། 1949ལོའི་ཟླ9པར་སྲིད་དབང་གསར་པ་བཙུགས། 1953ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པར་བྱས། ཁྲི་ཀ་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་དཔེ་མཚོན་ས་ཁུལ་ཞིག་ཡིན་ཞིང་། ཀྲུང་ཡོན་རྒྱལ་རབས་དང་། ཞན་པེ། ཐུ་བྷོད་སོགས་ཀྱིས་ཁྲི་ཀའི་གྲོང་ཁྱེར་དུ་ལོ་རྒྱུས་ཀྱི་རྗེས་ཤུལ་བཞག་ཡོད་པ་དང་། མངའ་ཁོངས་སུ“མ་ཅཱ་ཡོ”དང་། “ཁ་ཡའོ” “རྫོང་རི”སོགས་རིག་གནས་ཀྱི་རྗེས་ཤུལ་དང་། ཧན་ཐང་མཁར་རྫོང་། མིན་ཆིན་ཐོག་ཁང་བཅས་སུ་ཁྲི་ཀའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་རིག་གནས་བཀོད་ཡོད། དུས་ཡུན་རིང་པོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་རྒྱ་རིགས་དང་། བོད་རིགས། ཧུའེ་རིགས། ཧོར་རིགས། སཱ་ལ་སོགས་མི་རིགས20འཆམ་མཐུན་མཉམ་གནས་དང་ལས་བརྩོན་ཕྱུག་འགྱུར་སྒོས་འཚོ་གནས་བྱས་ཏེ་ཐུན་མོང་ཐོག་ཡར་རྒྱས་བྱུང་ཡོད། དེའི་ནང་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་མིན་ཆིན་གནའ་བོའི་བཟོ་སྐྲུན་སྐོར་གྱི་མི་ཉག་དགུ་ཐོག་ཏུ་ནང་བསྟན་དང་རུའུ་ལུགས་གཞི་གཅིག་ཁམས་སུ་གྱུར་ནས་གྲུབ་མཐའི་ལྟ་བ་དོར་བ་དང་མཉམ་གནས་བྱེད་པ། དེ་ནི་ཁྲི་ཀའི་རིག་གནས་སྣ་མང་ཅན་དང་། ཆོས་ལུགས་སྣ་ཚོགས་མཉམ་འདྲེས་བདེ་འཇགས་ཡོང་བ། ཞི་མཐུན་མཉམ་གནས་བཅས་ཀྱི་ལོ་རྒྱུས་ཀྱི་དཔང་རྟགས་ཡིན་ལ། ཡང་ན“གུས་ལྡན་སྤྱོད་ལེགས་ཁྲི་ཀའི”རིག་གནས་རྒྱུན་འཛིན་ཐུབ་པའི་སྒུལ་ཤུགས་ཀྱང་ཡིན་པ་གདོན་མི་ཟའོ།།
ཁྲི་ཀའི་བོད་རིགས་ཀྱི་རྒྱན་གོས་ལ་ཨ་མདོ་ས་ཁུལ་གྱི་རྨ་ཆུ་ཙོང་ཁའི་བོད་རིགས་རྒྱན་གོས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་། དེའི་ནང་ཆུ་ནུབ་དང་། ཆུ་ཤར། འཕྲང་དམར། ལ་ཟེ་བ། ཀབ་རོན་གཞོངས། དཀར་བརྗིད་སོགས་ས་ཁུལ་གྱི་བུད་མེད་ཀྱི་མགོ་རྒྱན་རིག་གནས་ལ་ཁྱད་ཆོས་ཆེན་པོ་ལྡན། ས་ཁུལ་དེ་དག་གི་བུད་མེད་རྣམས་ཀྱིས་སྐྲ་རིང་པོ་མང་པོ་བསླས་པ་དང་། ཆེད་དུ་བཟོས་པའི་སྐྲ་ལུང་དང་། དམར་ཟླུམ། རས་ལེ། སྐྲ་ཐུམ། སྐྲ་ཤུབས། རལ་ཤུབས། ཝ་རས་སོགས་ཀྱི་མགོ་རྒྱན་འདོགས་པ་མང་པོ་ཡོད་ལ། དེ་མིན་ད་དུང་བུད་མེད་ཀྱི་རྒྱན་ཆ་མང་པོ་ཡོད་པ་དཔེར་ན། དངུལ་གྱི་བཞོ་ལོང་དང་། ཉི་ཟླ་ཅན་གྱི་གློ་ཆ། དངུལ་གྱི་སྲུང་འཁོར་སོགས་དང་། དེ་བཞིན་མ་ན་ཧོའམ་རྟ་ཀླད་དང་བྱུ་རུ་སོགས་རྩ་ཆེའི་རྒྱུ་ཆ་ལས་གྲུབ་པའི་སྐེ་རྒྱན་དང་། གསེར་དངུལ་གྱི་ལག་གདུབ། མཛུབ་དཀྲིས་སོགས་དེ་དག་ཚང་མའི་ཐོག་ནས་ཁྲི་ཀའི་བོད་རིགས་བུད་མེད་ཀྱི་ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པ་དང་། དཔའ་ངར་ཆེ་ལ་ཡར་རྒྱས་འགྲོ་བའི་བསམ་པའི་ཉམས་འགྱུར་དང་ཁོ་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་མཚོན་ཡོད།
ཁྲི་ཀའི་ས་ཁོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁག་གི་བོད་རིགས་སྲོལ་རྒྱུན་གྱོན་ཆས་དེ་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་རིང་པོའི་ནང་ས་ཁམས་དང་། གནམ་གཤིས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཀྱི་རྐྱེན་པས་གཅིག་གྱུར་ཆེ་ཞིང་གཞན་འགྱུར་ཆུང་བའི་རྣམ་པ་ཞིག་ཆགས་ཡོད། མཚོ་སྔོན་གྱི་རྨ་ཆུ་རྒྱུག་ཁུལ་གྱི་རྒྱན་གོས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། རྨ་ཆུའི་རོང་ཕྱོགས་ས་ཁུལ་གྱི་རིག་གནས་ཁྱད་ཆོས་ཟབ་མོ་ལྡན་པ་དང་ཆབས་ཅིག ཁྲི་ཀའི་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་ཀྱི་འདོད་ཕྱོགས་དང་ཡིད་དབང་འཕྲོག་པའི་རྒྱན་གོས་ཀྱི་ཚོན་མདངས་མངོན་ཡོད། དེ་ནི་ལུས་སྟེང་དུ་གྱོན་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་ལ། རྒྱབ་ཏུ་བརྒྱན་པའི་ལོ་རྒྱུས་ཀྱི་དྲན་ཤེས་ཤིག་ཀྱང་ཡིན། ཁྲི་ཀའི་བོད་རིགས་ཀྱི་རྒྱན་གོས་དེ་སྲོལ་རྒྱུན་གྱི་རྒྱན་གོས་རིག་གནས་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་དེང་རབས་ཀྱི་དར་སྲོལ་གྱི་གཞི་རྒྱུ་དང་རྒྱུན་ཆད་མེད་པར་འདྲེས་ནས་ཁོར་ཡུག་དང་། དམངས་སྲོལ། ས་ཁོངས། ཐོན་སྐྱེད། འཚོ་བ་སོགས་ཐུན་མོང་ཐོག་གཏོད་པའི་སྒྱུ་རྩལ་གྱི་སྤུས་དག་ཅིག་ཏུ་གྱུར་ཡོད། ཁྲི་ཀའི་བོད་རིགས་ཀྱི་རྒྱན་གོས་ལ་དུས་ཚིགས་རང་བཞིན་གྱི་ཁྱད་ཆོས་དེ་བས་མངོན་གསལ་དོད་པོ་ཡོད་དེ། སྤྱིར་ན་དགུན་ཁ་དང་། དཔྱིད་ཁ། དབྱར་ཁ་བཅས་ཀྱི་རིགས་དང་ཉམས་འགྱུར་མི་འདྲ་བའི་རྒྱན་གོས་རིགས་གསུམ་ཡོད། ས་ཁམས་ཁོར་ཡུག་གི་རྐྱེན་པས་ཞིང་ལས་ཁུལ་དང་འབྲོག་ཁུལ་གྱི་ཉམས་འགྱུར་མི་འདྲ་བའི་རྒྱན་གོས་རིགས་གཉིས་སུ་དབྱེ་ཡོད། ལྟད་མོ་དང་། དངོས་སྤྱོད་རང་བཞིན། སྒྱུ་རྩལ་རང་བཞིན་བཅས་ལྡན་པའི་ཁྱད་ཆོས་ཡོད།
གཅིག ཁྲི་ཀའི་བོད་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས།
(གཅིག) པགས་པའམ་པགས་ལྭ། པགས་ལྭ་ནི་ལུག་དང་ར་མའི་པགས་པས་བཟོས་པའི་དགུས་དུས་སུ་གྱོན་ཤོས་ཆེ་པའི་པགས་ལྭ་གཙོ་བོ་ཞིག་ཡིན་ལ། ཁྱད་པར་དུ་ལུག་རྩེག་གྱོན་པ་ཤོས་ཆེ། གྱོན་ན་དྲོད་འཇམ་གྱི་ཉམས་སྣང་མཚར་པོ་ལྡན་པ་དང་། རིང་ཐུང་ཅི་རིགས་སྣང་ལ། འདིར་གྱོན་པར་དུས་ཚིགས་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ལ། དགུན་དུས་སུ་གྱོན་ངེས་ཡིན། སྔོན་ཆད་ཕོ་ལྭར་གཟིག་གི་པགས་པས་གོང་བ་བྱེད་པ་དང་། ཕོ་མོའི་ལྭ་རིང་འདབ་ཁ་རུ་སྣམ་བུ་སོགས་ཀྱིས་མཐའ་རྒྱན་འཐེན་པ། གཞན་ད་དུང་མོ་ལྭའི་འདབ་ཁ་རུ་རྟེའུའི་པགས་པས་མཐའ་རྒྱན་འཐེན་པ། ལུག་པགས་ནི་བོད་རིགས་ས་ཁུལ་དུ་ཡོངས་ཁྱབ་ཏུ་སྤྱོད་སྒོ་ཆེ་པའི་པགས་པའི་ཐོན་རྫས་ཤིག་ཡིན་ལ། གྱོན་གོས་བཟོ་སྐབས་པགས་པའི་སྤུས་ཚད་ལས་སྣོན་གྱི་གོ་རིམ་ལ་དོ་སྣང་ཆེན་པོ་བྱེད་པ་དང་བྱེད་སྟངས་ཀྱང་མི་འདྲ་བ་ཡོད། པགས་པར་མཉེན་ཤ་ལྡན་པར་ཐོག་མར་བརྡར་དུ་འཕེན་དགོས་པ་དང་། དེའི་འཕྲོ་པགས་མཉེད་ཡོ་བྱད་དང་ལག་པས་ཡང་དང་བསྐྱར་གྱིས་འཕུར་མཉེད་བྱེད་དགོས། ད་ལྟའི་མི་བཟོས་པགས་པར་ཡང་དར་གོས་སེར་པོ། དར་གོས་སྔོན་པོ་སོགས་ཀྱི་མཐའ་རྒྱན་འཐེན་ཡོད།(གཉིས) ཚ་རུ། ཚ་རུ་ནི་ལུ་གུ་ནར་མ་སོན་པར་ནད་སོགས་ཀྱི་རྐྱེན་དབང་དུ་ཤོར་ནས་ཤི་སོང་པའི་པགས་པས་བཟོས་པའི་ཕོ་མོ་དང་རྒན་གཞོན་ཅི་རིགས་ཀྱི་ཤོམ་ལྭ་སྟེ། གྱོན་ན་འཇམ་ཤ་ལྡན་ལ་མཛེས་ཉམས་དོད་པོ་ལྡན་པ་དང་། རིང་ཐུང་ཅི་རིགས་སྣང་ལ། སྤྱོད་སྒོ་ཆེ་བ་ནི་ལྭ་རིང་ཡིན། འདི་གྱོན་པར་དུས་ཚིགས་རང་བཞིན་ལྡན་ལ། དཔྱིད་དགུན་སྟོན་གསུམ་དུས་ལ་གྱོན་པ་དང་། ནང་སྒོས་ཁྱད་པར་དུ་དགུན་དུས་སུ་གྱོན་ངེས་ཡིན། སྔོན་ཆད་ཕོ་ལྭར་གཟིག་གི་པགས་པས་གོང་བ་བྱེད་པ་དང་། ཕོ་མོའི་ལྭ་རིང་འདབ་ཁ་རུ་སྣམ་བུ་དང་སྲམ་གྱི་པགས་པའི་མཐའ་རྒྱན་འཐེན་པ། པགས་པར་མཉེན་ཤ་ལྡན་པར་ཐོག་མར་བརྡར་དུ་འཕེན་དགོས་པ་དང་། དེའི་འཕྲོར་ལག་པས་ཡང་དང་བསྐྱར་གྱིས་འཕུར་མཉེད་བྱེད་དགོས། དེང་སྐབས་མིས་བཟོས་ཚ་རུ་སྟེ་སུའུ་ཚར་གྱི་ལྭ་རིང་ལྭ་ཐུང་ཡང་མང་པོ་སྣང་ལ། བཟོ་ལེགས་པའི་ཁྱད་མཚར་གྱི་ཚར་ལྭ་ཡང་མང་པོ་ནས་ཡོད།
(གསུམ) ཕྲུག་ལྭ། ཕྲུག་ལྭ་ནི་བོད་རིགས་སྤུན་ཟླའི་ལག་ཤེས་ཀྱིས་བཟོས་པའི་བལ་གྱིས་བཏགས་པའི་སྣུམ་བུ་སྟེ། གཙོ་བོ་བོད་ལྗོངས་ལྷ་ས་སོགས་ནས་དར་ཁྱབ་བྱུང་། སྣམ་བུའི་སྤུས་ཀ་ལེགས་ཤིང་ལག་པའི་ཚོར་བ་འཇམ་པ་དང་དྲོན་པོ་ཡིན་པ། ཆར་བ་འགོག་ཐུབ་ལ་མཛེས་ཉམས་དོད་པོ་ལྡན་པ། ཁ་མདོག་ནི་མང་དམར་ནག་ཤོས་ཆེ་བ། ལོ་གཅིག་གི་དུས་བཞི་ཚང་མར་གྱོན་ཆོག་པ་དང་། སྤྱིར་བཏང་དུ་ཞིང་འབྲོག་ཁུལ་གྱི་ཕོ་མོའི་སྟོན་དུས་ཀྱི་གྱོན་ཆས་ཡིན།
(བཞི) རས་ལྭ། རས་ལྭ་ནི་རས་སྣ་མང་པོས་བཟོས་པའི་རྒྱན་གོན་གྱི་ཕོ་མོའི་ལྭ་བ་ཞིག་ཡིན་ལ། དུས་ཚིགས་ཀྱི་ཐད་ནས་བཤད་ན་གཙོ་བོ་དབྱར་ཁའི་དུས་སུ་གྱོན་རྒྱུ་ཅུང་མང་། གྱོན་མཁན་ཐད་ནས་བཤད་ན་སྔོན་ཆད་དབུལ་ཕྱུག་གཉིས་ཀས་གྱོན་པ་ཞིག་ཡིན་མོད། འོན་ཀྱང་ཆ་རྐྱེན་ཡོད་མེད་ཀྱི་དབང་གིས་ཕྱུག་པོས་རས་ནོམ་པ་དགའ་བོས་ཕྱི་ནང་སྤྲད་ནས་བཟོ་བ་དང་། ཆ་རྐྱེན་ཅུང་ཞན་པའམ་མེད་པ་ཅན་ཚོས་ནོམ་པ་ཡིན་ཡང་ཅུང་མི་བཟང་པ་དང་ཕྱི་ནང་མི་སྤྲོད་པར་རས་རྐྱང་གིས་བཟོ་པ་ཞིག་ཡིན། སྔོན་ཆད་ཡིན་ན་རས་ཀྱི་རྒྱུ་ཆ་མང་པོ་རྒྱ་ནང་དང་རྒྱ་གར་སོགས་ནས་ནང་འདྲེན་བྱས་པ་ཡིན་པས་ཆ་རྐྱེན་མེད་ན་གོན་རྒྱུ་ཅུང་ཁག་པོ་འདུག ལྭ་བ་དེར་ཕོ་མོ་དང་རྒན་གཞོན་གང་གིས་གྱོན་ཡང་མཛེས་ཉམས་མཚར་པོ་ཐོན་པ་མ་ཟད། བསིལ་ཞིང་འཇམ་པ་དང་ལུས་སྟོབས་རྒྱས་པའི་ཉམས་འགྱུར་ཞིག་ཀྱང་ངང་གིས་ཐོན་ཡོང་། གཙོ་བོ་ས་བབ་ཅུང་དམའ་བ་དང་། གནམ་གཤིས་དྲོ་བའི་ཞིང་ལས་ས་ཁུལ་གྱི་ཞིང་བ་མང་ཚོགས་ཚོས་གྱོན་པ།
(ལྔ) བར་ཕྱིང་། བར་བྱང་ནི་སྲིང་བལ་དང་ལུག་བལ་སོགས་རྒྱུ་ཆ་གཙོ་བྱས་ནས་བཟོས་པའི་ལྭ་རིང་ལྭ་ཐུང་ཅི་རིགས་ལ་ཟེར་ཏེ། བཟོ་སྟངས་ནི་རས་སྣ་མང་པོས་ཕྱི་ནང་སྤྲད་དེ་དཀྱིལ་དུ་བལ་སོགས་འཇོག་དགོས་པ་ཞིག་ཡིན་ལ། གྱོན་མཁན་མང་ཆེ་བ་ཞིང་འབྲོག་ས་ཁུལ་གྱི་མི་ཡིན། སྤྱིར་བཏང་དུ་དཔྱིད་ཀ་དང་དགུན་ཁའི་དུས་སུ་གྱོན་པ་ཞིག་ཡིན།
(དྲུག) གོས་ལྭ། གོས་ལྭ་ནི་ཁ་དོག་སྣ་ཚོགས་དང་དར་གོས་སྤུས་ལེགས་ཀྱི་རྒྱུ་ཆ་བྱས་པའི་གྱོན་པ་རིང་ཐུང་ཅི་རིགས་ལ་བྱ་སྟེ། བཟོ་སྟངས་ནི་ཕྱི་གོས་གཙོ་ཡིན་པ་དང་ནང་མ་རས་སྤྲད་ཡོད་པ་དང་མེད་པ་ཅི་རིགས་བྱེད་པ་ཞིག་ཡིན། གྱོན་མཁན་ཐད་ནས་བྱེད་ན་སྔོན་ཆད་མང་ཆེ་བ་ཞིང་འབྲོག་ས་ཁུལ་དུ་གྱོན་པ་མང་ལ། དེང་སྐབས་ས་གནས་རང་བཞིན་བྱས་ཏེ་མེད་པར་གྲོང་ཁྱེར་སོགས་ཡོངས་ཁྱབ་ཏུ་གྱོན་རྒྱུ་དགའ་པོ་འདུག གྱོན་པའི་དུས་ཚིགས་ཀྱི་ཐད་ནས་བཤད་ན་དཔྱིད་སྟོན་གཙོ་ཤོས་ཆེ་ལ། ཕོ་མོ་རྒན་གཞོན་གང་གིས་གྱོན་ཡང་མཛེས་ཉམས་དོད་པོ་ཐོན་པ།
(བདུན) ཕྱིང་ལྭ། ཕྱིང་ལྭ་ནི་ལུག་གི་བལ་དང་ཁུལ་སོགས་གནོན་འཆག་བྱས་ནས་ཐགས་སྐུད་མེད་པར་བཟོས་པའི་ལྭ་བའི་རིགས་ཤིག་ཡིན། གཙོ་བོ་དབྱར་ཁ་དང་སྟོན་ཁའི་དུས་སུ་ཆར་བ་འབབ་པར་གྱོན་པའི་ཆུ་ལྭའི་རིགས་ཤིག་ཡིན་ལ། ཆུ་འགོག་གི་ནུས་པ་ཕུན་སུམ་ཚོགས་པ་ལྡན་པ་མ་ཟད། ད་དུང་གྱོན་བདེ་པ་དང་དྲོད་འཇམ་ལྡན་པའི་ཁྱད་ཆོས་སོགས་མང་པོ་ལྡན། གྱོན་མཁན་གྱི་ཐད་ནས་བཤད་ན་འབྲོག་ཁུལ་གྱི་སྐྱེས་ཕོ་མོ་རྒན་གཞོན་ཚང་མས་གྱོན་པ་ཞིག་ཡིན།
(བརྒྱད) སྟོད་ཐུང་། སྟོད་ཐུང་ནི་ཚོན་མདོག་སྣ་ཚོགས་དང་སྤུས་ལེགས་ཡིན་མིན་ཅི་རིགས་ཀྱིས་བཟོས་པ་དང་། བཟོ་དབྱིབས་སྣ་མང་ཡིན་པའི་ལུས་སྟོད་དུ་གྱོན་པའི་ཕྱི་ནང་སྤྲད་ནས་བར་དུ་བལ་སོགས་བཞག་ཡོད་པ་དང་མེད་པ་ཅི་རིགས། གོས་རྐྱང་གིས་བཟོས་ཡོད་པའི་ལྭ་བའི་རིགས་ཤིག་ཡིན་ལ། འདིར་དུས་ཚིགས་ཀྱི་རང་བཞིན་མེད་དེ་དཔྱིད་དབྱར་སྟོན་དགུན་ཀུན་ལ་གྱོན་པ་ཞིག་ཡིན། སྐྱེས་ཕོ་མོ་རྒན་གཞོན་ཀུན་གྱིས་གྱོན་ན་མཛེས་ཤིང་ཉམས་འགྱུར་ལྡན་པ་ཞིག་ཡིན།
གཉིས་པ། ཁྲི་ཀའི་བོད་རིགས་བུད་མེད་ཀྱི་སྲོལ་རྒྱུན་སྐྲ་མགོའི་རྒྱན་ཆ།
(གཅིག) སྐྲ་ལུང་། སྐྲ་ལུང་ནི་ཁྲི་ཀ་རྫོང་གི་ཆུ་ནུབ་དང་། ཆུ་ཤར། ཀབ་རོན་གཞོངས། ལ་ཟེ་བའི་ཆུ་བཟང་ས་ཁུལ་བཅས་ཀྱི་ཞིང་འབྲོག་ས་ཁུལ་གྱི་བུད་མེད་རྣམས་ཀྱི་མགོ་སྐྲའི་རྒྱན་ཆ་ཞིག་ཡིན། མགོ་རྒྱན་འདིར་མཚོན་ན་གཙོ་བོ་རོང་ཕྱོགས་ནས་དར་འོང་པ་ཞིག་ཡིན། བུད་མེད་རྣམས་ཀྱི་སྐྲ་སླས་པ་དང་འབྲེལ་བའི་རྒྱབ་ཀྱི་རྒྱན་ཆ་ཞིག་གམ་ཡང་ན་སྐྲ་ལོ་མི་འཛིང་པའམ་མི་ཐོར་བར་བྱེད་པའི་ཡོ་བྱད་ཅིག་སྟེ། མགོ་རྒྱན་འདིའི་བཟོ་སྟངས་ནི་བོད་རིགས་བུད་མེད་རྣམས་ཀྱི་ཆེས་རྩེར་ཐོན་ཡིན་པའི་འཚེམ་དྲུབ་བཟོ་རྩལ་ཁྱད་དུ་འཕགས་པ་ཞིག་ཡིན་པ་མ་ཟད། སྙན་པའི་གྲགས་པ་ཀུན་ལ་ཁྱབ་ཡོད། སྐྲ་ལུང་གི་བཟོ་སྟངས་ནི་གྲུ་བཞི་ནར་མོའི་ཆ་གཅིག་བྱེད་པ་དང་། ཞེང་ལ་ལི་སྨི་བཅུ་གཉིས་ཙམ་བྱེད་པ། རིང་ཚད་ལ་རྒྱབ་ཀྱི་རིང་ཚད་ལྟར་བྱེད་པ། གཞོགས་གཉིས་ཀྱི་སྟེང་གི་འཚེམ་དྲུབ་རི་མོ་དང་བྱུ་རུའི་ཕྲེང་རྒྱན། དངུལ་རྒྱན་སོགས་བཏགས་པ་གཅིག་འདྲ་བྱེད་པ། འདོགས་མཁན་གྱི་ཆ་ནས་བརྗོད་ན་སྐྲ་ཕབ་ཀྱི་ཆོ་ག་བསྒྲུབས་ཟིན་པ་ཡན་ཆད་ཀྱི་བུད་མེད་རྒན་གཞོན་ཡོད་ཚད་ཡིན། སྐྲ་ཕབ་ཀྱི་ཆོ་ག་མ་བསྒྲུབས་སྔོན་གྱི་བུ་མོ་ཆུང་ཆུང་ཚོར་ཡང་སྐྲ་ལུང་དང་འདྲ་བའི་ཚེས་རིས་ཞེས་པ་ཞིག་འདོགས་རྒྱུ་ཡོད་ལ། ཚེས་རིས་ནི་སྐྲ་ལུང་དང་བརྡར་ན་ཧ་ཅང་ཐུང་ལ་འདབ་ཏུ་ཅ་ལ་མང་པོ་འཕངས་ཡོད།(གཉིས) དམར་ཟླུམ། དམར་ཟླུམ་ནི་གཙོ་བོ་ཁྲི་ཀ་རྫོང་གི་འཕྲང་དམར་འབྲོག་ཁུལ་དང་ཆུ་ནུབ། ལ་ཟེ་བའི་ཆུ་ནགས་སོགས་ས་ཁུལ་དུ་དར་ཁྱབ་ཆེ་ལ། འདིའི་བཟོ་སྟངས་ནི་གྲུ་བཞི་ནར་མོའི་གསུམ་བྱེད་པ་དང་། ནར་མོ་རེ་ཡི་ཞེང་ལ་ལི་སྨི་བཅུ་གཉིས་ཙམ་བྱེད་པ། རིང་ཚད་ལ་རྒྱབ་ཀྱི་རིང་ཚད་ལྟར་བྱེད་པ། གཞོགས་གཉིས་ཀྱི་སྟེང་གི་འཚེམ་དྲུབ་རི་མོ་དང་དངུལ་རྒྱན་དཀར་ཡོལ་སོགས་བཏགས་པ་གཅིག་འདྲ་བྱེད་པ། འདབ་ཏུ་ཅ་ལ་མང་པོ་འཕེན་པ། རྒྱབ་ལ་བཏགས་ན་ཧ་ཅང་སྟབས་བདེ་པོ་ཡོད་པས་རྩྭ་ཐང་གི་འཚོ་བའི་ཆོས་ཉིད་དང་ཧ་ཅང་མཐུན། རྒྱབ་ཏུ་འདོགས་ཚུལ་ནི་གཞོགས་གཉིས་ཀྱི་སྐྲ་སླས་སྣེ་མོ་མང་པོ་མཐའ་མཐོ་ལ་དཀྱིལ་ཅུང་དམའ་བར་བྱས་ནས་ཐད་དུ་ཚེག་རྒྱན་སྟེང་བཏགས་ཏེ་སྒལ་གཞུང་དཀྱིལ་དུ་རལ་གཏོར་མར་འཕངས་ནས་རྐང་བའི་ཕྱི་རྟིང་མཚམས་སུ་རྒྱག་པ། སྔོན་ཆད་དེའི་སྟེང་དུ་བྱུ་རུ་ཇི་ལྟར་མང་ན་དངུལ་ཕོར་དེ་ལྟར་ཆེ་བ་དེས་ཁྱིམ་ཚང་དེ་ཇི་ལྟར་ཕྱུག་པོ་ཡིན་པ་དང་། ཕྱུག་པོའི་མཚོན་རྟགས་ཡོད་པ་མཚོན་ཡོད། དེར་བརྟེན། བྱུ་རུའི་གྲངས་འབོར་དང་དངུལ་ཕོར་གྱི་ཆེ་ཆུང་ཡང་མི་འདྲ། ལན་བུའི་དཀྱིལ་ངོས་སུ་དབྱིབས་ཀྱི་དངུལ་ཕོར8ཡོད་པ་དང་། མཐའ་འཁོར་དུ་དཀར་ཡོལ་དབྱིབས་ཀྱི་དངུལ་ཕོར8ཡོད། སྔོན་ཆད་འབྲོག་ཁུལ་གྱི་བུད་མེད་རྣམས་ལ་རས་ལེབ་དམར་ཟླུམ་ཞེས་པའི་སྐྲ་དབྱིབས་དེ་འདོགས་པའི་དར་སྲོལ་ཆེན་པོ་ཡོད་མོད། འོན་ཀྱང་རྗེས་སུ་སྤྱི་ཚོགས་འཕོ་འགྱུར་བྱུང་བའི་དབང་གིས་རིམ་བཞིན་རྩ་མེད་དུ་འགྲོ་ཉེན་ཡོད་པ་དང་། དེའི་ཚབ་བྱེད་པ་ནི་ད་ལྟའི་མི་རྣམས་ཀྱིས་རྒྱུས་མངའ་ཡོད་པའི་སྐྲ་དབྱིབས་སྣ་ཚོགས་ཡིན། རས་ལེབ་དམར་ཟླུམ་ནི་འབྲོག་ཁུལ་བུད་མེད་ཀྱི་ཁྱད་ཆོས་ལྡན་པའི་སྐྲ་བསླས་ཀྱི་རྒྱན་ཆ་ཞིག་ཡིན་ཞིང་། འབྲོག་ཁུལ་བུད་མེད་ཀྱིས་སྐྲ་སླས་ནས་ཡལ་ག་བརྒྱ་ལྷག་བརྒྱབ་སྟེ་ཕྲག་པའི་མཐའ་འཁོར་དུ་ཁ་ཐོར་དུ་བཏང་ནས་འོག་ཏུ་ཞེང10cmཙམ་ཡོད་པའི་སྐྲ་ཤུབས་ཀྱིས་ལྕང་ལོ་རྒྱབ་ངོས་ཀྱི་གཡས་གཡོན་ནས་སོ་སོར་དབྱེ་བ་དང་། དཀྱིལ་དུ་དབྱིབས་ཡོད་པའི་དངུལ་ཕོར་བཅུ་ཡོད་པ། མཐའ་འཁོར་དུ་དཀར་ཡོལ་དབྱིབས་ཀྱི་དུང་ཆུང་བ31བསྒྲིགས་ཡོད་པ་དང་། རང་གི་དཔུང་བའི་ངོས་སུ་རས་སྲ་མོ་ཁྲེ་ཙེ་གང་རེ་ཡོད་པ་དང་། ལུང་ཚིགས་དང་ལུང་ཚིགས་སུ་ཡོད་པ། དཀར་ཡོལ་དབྱིབས་ཅན་གྱི་དངུལ་རྫས་ཀྱི་རྒྱན་ཆ་དང་དངུལ་སྒོར། ཟངས་ཀྱི་སྒོར་ཕྲེང་གྲངས་མང་ཡོད་པ། དེ་མིན་འབྲོག་ཁུལ་གྱི་བུད་མེད་གཉེན་སྒྲིག་བྱེད་སྐབས་ཕྲག་ཐོག་གི་གཞོགས་གཉིས་སུ་ཁ་བཏགས་དཀར་པོ་ཞིག་བཏགས་ནས་དུས་ཡུན་ཟླ་བ་གཅིག་འགོར་གྱི་ཡོད་པས་གཉེན་སྒྲིག་བྱེད་པའི་རྟགས་མཚན་སྟོན་གྱིན་ཡོད།
(གསུམ) སྐྲ་ཐུམ་མམ་སྐྲ་བཏུམ། སྐྲ་ཐུམ་ནི་ཁྲི་ཀ་རྫོང་གི་སྒོ་མེ་ས་ཁུལ་དུ་དར་ཁྱབ་ཆེ་སྟེ། ལ་ཟེ་བའི་ས་ཁུལ་གྱི་བུད་མེད་ཀྱི་ཁྱད་ཆོས་གཙོ་བོ་ལྡན་པའི་སྐྲ་སླས་ཤིག་ཡིན་པ་དང་། གསེར་དང་། དངུལ། བྱུ་རུ། མ་ནའོ་སོགས་དངོས་པོ་རྩ་ཆེན་གྱིས་རྒྱན་ཆ་ཞིག་ཡིན། ལུས་ལ་བཏགས་ན་ཧ་ཅང་སྟབས་བདེ་བ་དང་ཞིང་འབྲོག་ས་ཁུལ་གྱི་འཚོ་བའི་ཉམས་འགྱུར་དང་འཚམ་པོ་ཡོད། སྐྲ་སླས་མ་མང་པོ་བྱས་ནས་སྐུད་པ་དམར་པོ་དང་ཁམ་མདོག་སྐུད་པ་སྦྲེལ་ཏེ་རྐང་བའི་ཕྱི་རྟིང་མཚམས་སུ་ཐོན། མགོ་ལ་གྲུ་བཞི་ནར་མོ་ཞིག་བཏགས་པའི་རས་ཀྱི་སྟེང་དུ་དངུལ་གྱི་དཀར་ཡོལ་དང་འཚེམ་དྲུབ་བརྒྱབ་ཡོད་པ་དང་། བོད་ཀྱི་འཚེམ་དྲུབ་ནི་གཙོ་བོ་བཀྲ་ཤིས་ཀྱི་རི་མོ་བརྒྱད་ཡིན་པ་དང་། གྲུ་བཞི་ནར་མོ་ཡིན་པའི་རས་ཀྱི་སྟེང་འོག་ཏུ་ཧ་ཅང་མཛེས་པ་དང་། དཀྱིལ་དུ་བཏགས་པའི་དངུལ་ཕོར་བཅུ་དང་། གཞོགས་གཉིས་སུ་དངུལ་ཕོར་ལྔ་བསྒྲིགས་ཡོད་པ་དང་། འདབ་ཏུ་ཅ་ལ་དམར་པོའི་ཙོར་ལོའི་ཕོན་པོ་བཞག་ཡོད།
(བཞི) སྐྲ་ཤུབས་དང་། ཝ་རས་མགོ་རྒྱན། དུང་རྒྱན་སྐྲ་ཤུབས་བཅས་ནི་ཁྲི་ཀ་རྫོང་དཀར་བརྗིད་ས་ཁུལ་གྱི་བུད་མེད་ཚོའི་ཁྱད་ཆོས་ལྡན་པའི་སྐྲ་སླས་ཤིག་ཡིན། སྐྱ་ཤུབས་ནི་དཀར་བརྗིད་ཡུལ་ཚོའི་གཡུ་རྩ་གྲོང་ཚོ་དང་། ཀབ་རོན་གཞོངས་ཡུལ་ཚོའི་སྐར་མ་ཐང་། སྦྲུལ་ལྕེ་གྲོང་ཚོའི་བུད་མེད་ཚོའི་རྒྱན་ཆ་གཙོ་བོ་ཡིན་པ་དང་། དེ་ནི་བོད་རིགས་བུད་མེད་ཀྱི་དམིགས་བསལ་གྱི་སྐྲ་རྒྱན་ཞིག་ཡིན་པ་དང་གོང་གསལ་གྱི་ས་ཁོངས་སུ་དར་ཁྱབ་ཆེན་པོ་ཡོད། སྤྱིར་བཏང་དུ་སྐྲ་སླས་མ་མང་པོ་ཤད་ནས་ཁག་གསུམ་དུ་དབྱེ་ཡོད། དཀྱིལ་གྱི་ཁག་གཅིག་ནི་སླས་མ་ཡིན་ལ། གཡས་གཡོན་གཉིས་སུ་ཆ་བསྒྲིགས་ནས་མར་དུ་འཕྱང་ཡོད། གཡོན་དང་། དཀྱིལ། གཡས་བཅས་ཁག་གསུམ་གྱི་སླས་མ་རྣམས་ཕྱོགས་གཅིག་ཏུ་སྦྲེལ་དེ་རྒྱབ་ཏུ་དཔྱངས་པ་དང་། དེའི་སྐྲ་རྒྱན་ནི་གཞུང་རིང་དབྱིབས་དང་། འདབ་སྣེ་ཟླ་བའི་དབྱིབས་ཡིན་པས་ཉི་མ་དང་ཟླ་བ་མཚོན་ཡོད། བོད་ཀྱི་འཚེམ་དྲུབ་ཁྲོད་ཀྱི་བཀྲ་ཤིས་རི་མོ་སྣ་ཚོགས་ལ་མཚོན་བྱ་སྣ་མང་ཡོད་ལ། དཔེར་ན་དུང་དཀར་དང་། བུམ་པ། པད་མ་སོགས་ལ་རེ་རེར་མཚོན་བྱ་རེ་ཡོད་པ་དེ་ལྟ་བུའོ།། སྐྲ་རྒྱན་གྱི་མཇུག་སོའི་དབྱིབས་སུ་མི་རྒན་མཐེབ་མོ་དང་བྱུ་རུ་སོགས་མང་པོ་བརྒྱན་རྗེས། ཁབ་སྐུད་དམ་ཡང་ན་ཁྱད་ཆོས་ལྡན་པའི་སྒྲོག་གུ་སྤྱད་དེ་སྐྲ་རྒྱན་དེ་ལན་བུའི་རྩེ་མོར་བཏགས་པ་དང་། རྐང་པ་རིང་པོ་དང་རྐང་པའི་ཕྱི་རྟིང་ལ་བཏགས་ནས་ལམ་དུ་བསྐྱོད་ན་སྙན་ཞིང་འཇེབས་པའི་སྒྲ་ལྡན ད་ལྟ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། སྒོར་དབྱིབས་དང་གྲུ་བཞི་མའི་དངུལ་ཕུབ་ཀྱིས་སྐྲ་སླས་མར་བརྒྱན་ཡོད། ཝ་རས་མགོ་རྒྱན་ནི་དཀར་བརྗིད་བྲ་ཤུར་་གྲོང་ཚོའི་བུད་མེད་ཀྱི་སྐྲ་སླས་གཙོ་བོ་ཡིན་པ་དང་། ཝ་རས་མགོ་རྒྱན་གྱི་དཀྱིལ་དུ་བུམ་པའི་དབྱིབས་བཟོས་པ་དང་། བུམ་པའི་ཐོག་པད་མ་འཚེམ་དྲུབ་བརྒྱབ་ཡོད་པ། པད་མའི་མཐའ་འཁོར་དུ་མེ་ཏོག་གི་རི་མོས་བརྒྱན་ཡོད། ཝ་རས་མགོ་རྒྱན་འོག་ཏུ་དུང་དཀར་གྱིས་བརྒྱན་ཡོད་པ་དང་། མཇུག་ཏུ་དར་སྐུད་དམར་པོས་བརྒྱན་ནས་ལྭ་བའི་མཐའ་རུ་དཔྱངས་ཡོད། ཁ་ཤས་ཀྱིས་ད་དུང་ཤེལ་དམ་གྱི་མཐའ་ལ་སྐོར་བ་གཅིག་ནས་གསུམ་བར་བརྒྱབ་པའི་མ་ནུ་དང་བྱུ་རུའི་ཕྲེང་བ་ཡོད་པ་དེ་དག་ལ་བོད་སྐད་དུ་རྟེན་ཤུལ་ཟེར། ཡུལ་སྲོལ་གོམས་གཤིས་ལ་གཞིགས་ན། སྤྱིར་བཏང་བུད་མེད་ལོ་ན་རྒས་རྗེས་རྗེས་རབས་པར་འབུལ་རྟེན་དུ་སྤྲོད་དགོས། ཝ་རས་མགོའི་རིན་པོ་ཆེའི་རྒྱན་ཆ་དང་སྦྲེལ་བའི་ལན་བུའི་མགོ་རྟིང་ཕྲག་པ་གཉིས་ཀྱི་སྟེང་དུ་འཁུར་དུ་འཇུག་དགོས་པ་དང་། མཆན་འོག་ནས་རྒྱབ་ཏུ་བསྐོར་ནས་འཕོངས་ཁག་ཕན་ཚུན་བསྣོལ་བ། སྨད་ཀྱི་མཐའ་འགྲམ་དུ་དཔྱངས་པ། སྨད་ཀྱི་སྣེ་མོར་དར་སྐུད་དམར་པོས་བརྒྱན་དགོས། མགོ་རྟིང་གི་སྟེང་དུ་ད་དུང་དུང་དཀར་གྱིས་བཟོས་པའི་སྒོར་དབྱིབས་ཀྱི་རྒྱན་ཆ་ཡོད། དུང་རྒྱན་སྐྲ་ཤུབས་ནི་དཀར་བརྗིད་ཡུལ་ཚོའི་བྲ་ཤུར་གྲོང་ཚོའི་བུད་མེད་ཀྱི་རྒྱན་ཆ་ཞིག་ཡིན་པ་དང་། ལན་བུ་གཉིས་སླས་ཏེ་གྲུ་བཞི་ནར་མོ་ཞིག་གི་རས་སྲ་མོ་ཞིག་བཏགས་པ་དང་། སྟེང་དུ་པད་མའི་འདབ་མ་ཡོད་པ་དང་དཀྱིལ་གྱི་པད་མའི་མཐའ་འཁོར་དུ་མེ་ཏོག་གི་རི་མོ་ཞིག་གིས་བརྒྱན་ཡོད། དེའི་འོག་ཏུ་དུང་དཀར་ཡང་ན་ཟངས་ཀྱི་པང་ལེབ་བརྒྱབ་ཡོད་པ་དང་། ངོས་གཅིག་ལ་མ་ནའོ་གྲལ་གཅིག་ནས་བཞི་དང་བྱུ་རུའི་ཕྲེང་བ་གཅིག་ཡོད་པ་དང་།མཇུག་ཏུ་དར་སྐུད་དམར་པོས་བརྒྱན་ནས་སྨད་ཀྱི་མཐའ་འགྲམ་དུ་འཕྱངས་ཡོད།
(ལྔ) རལ་གཏོར་རམ་རལ་ལུང། རལ་གཏོར་ནི་ཁྲི་ཀའི་འཕྲང་དམར་དང་སྟོང་ཆེ་ཡུལ་གྱི་དབྱིབས་ཟླུམ་པོའི་འདོགས་ཆ་གཙོ་བོ་ཞིག་སྟེ། བཟོ་ཚུལ་ནི་གོས་སྐུད་སྣ་མང་གིས་གཙག་དྲུབ་བྱས་ནས་བཟོས་པ་ཞིག་ཡིན་ལ། རྒྱབ་ཀྱི་གཡས་གཡོན་གཉིས་ཀྱི་སྐྲའི་ལན་བུ་མང་པོ་མཐོ་དམའ་གཏད་དེ་རིང་ཐུང་དང་མང་ཉུང་མེད་པར་སྒལ་བའི་དཀྱིལ་དུ་དཔྱངས་ནས་རལ་གཏོར་བཏགས་ཡོད། སྟེང་དུ་ཟླུམ་པོའི་རི་མོ་སྣ་མང་གཙག་དྲུབ་ཀྱིས་བཀོད་ཡོད་ཅིང་། གནའ་ནས་དར་པའི་འདོགས་ཆ་སྟབས་བདེ་ཞིག་ཡིན་ཞེས་སྐད།
(དྲུག) ཚེག་སྟར་རམ་ཚེག་རྒྱན། ཚེག་སྟར་རམ་ཚེག་རྒྱན་ནི་ཁྲི་ཀའི་འབྲོག་སྡེ་མང་ཆེ་བའི་བུད་མེད་རྣམས་ཀྱི་འདོགས་ཆ་གཙོ་ཞིག་ཡིན་ལ། དབྱིབས་ནི་གྲུ་བཞི་ནར་མོ་ཞིག་དང་། རྒྱུ་ཆ་ནི་གོས་མང་པོ་མཉམ་གཅིག་ཏུ་ཉིས་བལྟབས་གསུམ་བལྟབས་བྱས་ནས་གཙག་དྲུབ་ཀྱི་རས་ལེབ་ཞིག་ཡིན། སྟེང་དུ་རིན་པོ་ཆེ་སྣ་མང་གིས་རྒྱན་བཏིངས་ཡོད་དེ། སྐྲའི་ལན་བུ་མང་པོ་སླས་ནས་རས་ལེབ་དེའི་སྲིད་སྣེ་གནས་སུ་བཏགས་ཡོད་པའི་འདོགས་ཆ་ཡག་པོ་ཞིག་ཡིན། འདི་དར་བའི་ལོ་རྒྱུས་གསལ་ཆ་མི་འདུག་ལ། ཕལ་ཆེར་བཙན་པོའི་རྒྱལ་རབས་སུ་བྱུང་ཞེས་སྐད།
གསུམ། ཁྲི་ཀའི་བོད་རིགས་ཀྱི་སྲོལ་རྒྱུན་རྒྱན་ཆ།
(གཅིག) མགོ་རྒྱན་རིགས།1. ཝ་ཞྭ། ཝ་ཞྭ་ནི་ས་མཐོའི་གནམ་གཤིས་དང་འཚམ་པའི་དགུན་ཞྭ་ཞིག་ཡིན་ཞིང་། སྐས་ཀྱི་དབྱིབས་སུ་ཡོད་པ་དང་། རྒྱབ་ཏུ་ཆེ་ཆུང་གཏོད་པའི་ཧ་ཉག་གཅིག་བཞག་ཡོད་ལ། ཧ་ཉག་གི་ཕར་ཚུར་སྣེ་རུ་ཞྭ་ལུང་བཏགས་ཡོད། སྟོན་མཇུག་དང་དགུན་མགོའི་དམར་སེར་གྱི་གྲ་ཁ་ཧ་ཅང་མཛེས་པའི་ཝ་པགས་ཀྱིས་བཟོས་ནས་གྲུབ་པ་ཞིག་ཡིན་ལ། སྨུག་མདོག་དང་དམར་སྨུག་གི་གོས་ཆེན་གྱིས་ཕྱི་མ་སྤྲོད་པ། ནམ་རྒྱུན་ཁ་འབྱེད་སའི་མཐའ་རུ་སློག་པ་དང་། ཝ་སྤུ་ཕྱིར་མངོན་པ། རླུང་དང་བསྟུན་ནས་གྲང་འགོག་བྱེད་དུས་ཕྱིར་སློག་པ་དང་། ཝ་སྤུ་འགྲམ་ལ་འབྱར་ནས་དྲོད་འཇམ་ལྡན། ཕོ་མོ་རྒན་གཞོན་ཀུན་གྱིས་མཛེས་ཉམས་གཏོད་དུས་ཝ་སྤུ་ཡོད་པ་ཀུན་ཕྱིར་བསློགས་ནས་མགོའི་མཐའ་སྐོར་དུ་ཞྭ་འདབ་གྱེན་དུ་བསླངས་པ། གྲང་པའམ་འཁྱགས་པའི་དུས་སུ་ནང་དུ་ཕྱིར་བསློགས་ནས་དྲོད་སྲུང་བྱེད་ལ་མཐོང་ལམ་ལའང་མི་གནོད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོང་ཤུགས་ཆེན་བྱས་པ་དང་། མི་རྣམས་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཀྱང་དེ་དང་བསྟུན་ནས་འགྱུར་ལྡོག་བྱུང་བ་དང་། ཝ་ཞྭ་ཧ་ལམ་གྱོན་མཁན་མེད་པས་དེའི་ཚབ་ཏུ་ཚར་ཞྭ་བཟོ་པ། དེས་དུས་རབས་གསར་པའི་གྱོན་ཆས་འཕེལ་རྒྱས་ཀྱི་རྣམ་པ་མངོན་གསལ་དོད་པོའི་ངང་མཚོན་པར་བྱས་ཡོད།
2. ཕྱིང་ཞྭ། ཕྱིང་ཞྭ་ནི་ལུག་གི་བལ་དང་ཁུལ་སོགས་གནོན་འཆག་བྱས་ནས་ཐགས་སྐུད་མེད་པར་བཟོས་པའི་ཞྭ་རིགས་ཤིག་ཡིན། ཞྭ་མོའི་རྩེ་མོ་མཐོ་ཞིང་འདབ་ཁ་སྡེར་དབྱིབས་ཀྱི་རྣམ་པ་ཡིན་པ། ཞྭ་མོའི་རྩེ་མོ་དང་འདབ་ཏུ་རས་ནག་པོ་དང་དམར་པོས་མཐའ་རྒྱན་སྤྲོད་པ། མང་ཆེ་བར་ནག་པོས་བརྒྱན་པ། ཉི་འོད་དང་ཆར་པ་འགོག་ཐུབ། འོན་ཀྱང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཕྱིང་ཞྭ་གྱོན་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། དེའི་ཚབ་ཏུ་དེང་རབས་ཀྱི་མི་རྣམས་ཀྱིས་རྒྱུས་མངའ་ཡོད་པའི་ཕྱི་ནས་དར་འོང་པའི་ལི་མོ་ཞེས་པ་ཞིག་གྱོན་བཞིན་གདའ།
3. རྣ་ལུང་། རྣ་ལོང་ནི་གཙོ་བོ་བུད་མེད་ཀྱིས་འདོགས་པའི་གནའ་བོའི་རྒྱན་ཆ་ཞིག་ཡིན། སྐྱེས་པས་རྣ་ལུང་འདོགས་པ་ཧ་ཅང་ཉུང་། རྣ་ལོང་མང་ཆེ་བ་ནི་གསེར་དང་། དངུལ། ཟངས་བཅས་ཡིན་པ་དང་། ལྷག་པར་དུ་དངུལ་གྱི་རྣ་རྒྱན་དར་ཁྱབ་ཆེ་ཤོས་ཡིན་པ་མ་ཟད། ཁྱད་ཆོས་ཀྱང་ལྡན་ལ་མཛེས་ཉམས་ཐོན་པ། མང་ཆེ་བར་གཡང་ཊི་དང་། མ་ནོ། བྱུ་རུ། གཡུ་བཅས་ཀྱི་རྒྱན་ཆ་སོགས་ཡོད། ཆེ་བའི་ཚངས་ཐིག་ལ་ལི་སྨི་ལྔ་ཙམ་ཡོད་པ་དང་རིང་ཚད་ལ་ལི་སྨི་བཅུ་ཡོད་པ་དང་ཕྲག་པའི་བར་དུ་འཕྱང་ཡོད། བཟོ་དབྱིབས་མེ་ཏོག་སོགས་ཀྱི་རི་མོ་སྣ་མང་པ་དང་། དེའི་སྟེང་དུ་བྱུ་རུ་དང་མུ་ཏིག་སོགས་ཀྱི་རིན་པོ་ཆེ་ཡི་ཕྲ་རྒྱན་མང་པོ་ནས་བཏབ་ཡོད། དེ་བས་དེར་ཐུན་མོང་མ་ཡིན་པའི་མཛེས་ཉམས་མངོན་པར་གསལ་ལ་མི་རིགས་ཤིག་གི་རྒྱན་ཆ་ཡི་ཁྱད་ཆོས་ཟབ་མོ་ལྡན།
(གཉིས) རྐེད་རྒྱན་རིགས།
1. གློ་གཟུར། གློ་གཟུར་ནི་ཁྲི་ཀའི་ཞིང་འབྲོག་ས་ཁུལ་གྱི་བོད་རིགས་བུད་མེད་ཀྱི་ཁྱད་ཆོས་གཙོ་བོའི་རྒྱན་ཆ་ཞིག་ཡིན་པ་དང་། གོང་ནི་ཉི་མའི་དབྱིབས་ཡིན་པ་དང་། འོག་ནི་ཟླ་བའི་ཚེས་རིས་ཀྱི་དབྱིབས་ཡིན་པ་མ་ཟད། དེའི་ཞབས་ཀྱི་རྒྱན་ཆ་ཁག་གསུམ་ལས་གྲུབ་ཡོད། རྒྱུ་ཆ་གཙོ་བོའི་རྒྱུ་ཆ་ནི་དངུལ་གཙང་མ་ཡིན་པ་དང་། བཟོ་རྩལ་ནི་འབུར་བརྐོས་མཐོ་བ་དང་། འབུར་བརྐོས་ཐུང་བ། དར་སྐུད་རྒྱག་པ། བར་སྟོང་བཟོ་བ། ཕྲ་རྒྱན་སོགས་ཡིན། གློ་གཟུར་ཐོག་གི་རྒྱན་སྤྲས་རི་མོའི་ནང་དོན་ཧ་ཅང་མང་པོ་ཡོད་པ་དེའི་ནང་གི་རི་མོ་གཅིག་ནི་སྒོར་དབྱིབས་གསུམ་གྱིས་གྲུབ་པ་དང་། ལྟེ་བའི་ནང་གི་རིམ་པ་ནི་སངས་རྒྱས་ཀྱི་ལག་རིས་བརྒྱད་ཀྱིས་གྲུབ་པའི་ནང་སྐོར་ཞིག་ཡིན། ཐོག་བརྩེགས་གཉིས་པ་ནི་སྒོར་དབྱིབས་གྲུ་བཞི་གཉིས་ཀྱི་རྒྱུན་མཐུད་རི་མོ་ལས་གྲུབ་པ་དང་། ཕྱི་སྐོར་ནི་གཞུ་དབྱིབས་ཀྱི་རི་མོས་ཕྱོགས་གཉིས་རྒྱུན་མཐུད་དུ་གྲུབ་ཡོད། དཀྱིལ་དུ་བྱུ་རུ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲ་རྒྱན་བཏབ་ཡོད། སྐེ་རག་སྟེང་བཏགས་ཏེ་ལུས་ཀྱི་གཞོགས་ཟུར་དུ་འདོགས་པའོ།།
2. བཞོ་ལུང་། བཞོ་ལུང་ནི་ཐོག་མའི་ཐོན་སྐྱེད་ཡོ་བྱད་ནས་རིམ་འགྱུར་བྱུང་བའི་འདོགས་ཆ་ཞིག་ཡིན། ལས་ལ་བརྩོན་པའི་བོད་རིགས་བུད་མེད་ཀྱིས་འོ་མ་འཇོ་བའི་བརྒྱུད་རིམ་ཁྲོད་ངལ་རྩོལ་ཡོ་བྱད་འཁྱེར་བ་དེ་རྒྱན་ཆ་གྱོན་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། བཞོ་ནི་འོ་མ་འཇོ་བའི་དོན་ཡིན་ལ། ལུང་ནི་ལྕགས་ཀྱུ་ལྟ་བུའི་དོན་ཡིན།མ་གཞི་བཞོ་ལུང་ནི་ཆེས་སྟབས་བདེ་བའིTདབྱིབས་ཀྱི་འོ་མ་འཇོ་བའི་ཡོ་བྱད་ཅིག་ཡིན་ལ། སྣེ་གཅིག་བུད་མེད་ཀྱི་སྐེ་རགས་ལ་བཏགས་ཡོད་པ་དང་། སྣེ་གཞན་ཞིག་འོ་མ་འཇོ་བའི་སྐབས་སུ་བཞོན་མས་འོ་མ་འཇོ་བར་སྔོན་འགོག་བྱེད་ཐུབ། དེའི་གཟུགས་ནི་རྒྱ་ཡིག་གི་རི་བོ་དང་འདྲ་ཞིང་། ཆེ་ཆུང་མི་འདྲ་བ་དང་། མང་ཆེ་བ་ནི་ཚུན་ལྔ་དང་ཞེང་ཚད་ཚུན་གཉིས་རེ་ཡིན། རྒྱན་ཆའི་བཞོ་ལུང་ནི་དངུལ་དང་ཟངས་ཀྱིས་བཟོས་པའི་གྲུབ་ཆ་གཙོ་བོ་སྟེ། དངུལ་གྱི་མདོག་དཀར་པོ་ཡིན་པ་དང་། རིན་གོང་མཐོ་བའི་བཞོ་ལུང་ལ་བྱུ་རུ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲ་རྒྱན་བཏབ་ཡོད། པང་ལེབ་གཙོ་བོའི་ངོས་ལའང་བཀྲ་ཤིས་པའི་རི་མོ་དང་རི་མོ་བརྐོས་ཡོད། དེ་ནི་སྐེ་རགས་སྟེང་དུ་འདོགས་པའི་རྒྱན་ཆ་ཞིག་ཡིན། སྐྱེས་པའི་སྐེད་རྒྱན་ལ་གཙོ་བོ་བོད་གྲི་དང་། མེ་ཆ་སོགས་ཡོད།
3. རྐེད་བཅིང་། དངུལ་གྱི་སྐ་རགས་ཏེ། རྐེད་བཅིང་ནི་སྐ་རགས་བཞིན་འདོགས་པའི་རྒྱན་ཆ་ཞིག་ཡིན། ཆེ་ཆུང་ལ་སྐ་རགས་དང་མཚུངས་ལ། མ་གཞི་ནོར་ཀོ་ཡིན་པ་དང་། དེའི་སྟེང་དུ་དངུལ་ཕོར་དྲུག་བཅུག་གི་རྒྱན་བཏགས་ཡོད་པ། མང་ཆེ་བ་ཞེང་ཚད་ཚུན་ལྔ་ཡིན་པ་དང་། རིང་ཚད་ནི་མི་སྒེར་གྱི་རྐེད་པའི་རིང་ཚད་ལྟར་བཟོ་བ། དཀར་ཡོལ་གྱི་སྟེང་དུ་བྱུ་རུ་སོགས་ཀྱི་ཕྲ་རྒྱན་བཏབ་ཡོད་པ། པང་ལེབ་གཙོ་བོའི་ངོས་ཀྱང་བཀྲ་ཤིས་པའི་རི་མོ་དང་རི་མོ་བརྐོས་ཡོད།
4. ཨུར་ཆ། ཨུར་ཆ་ནི་ལོ་རྒྱུས་རིང་ཞིང་གདོད་མའི་མི་ཡི་གསར་གཏོད་ཁྱད་པར་བ་ཞིག་ཡིན་ལ། དེ་ནི་ནང་བསྟན་གྱི་མཁོ་ཆས་གཙོ་བོ་ཞིག་ཡིན། ཚན་རྩལ་དར་རྒྱས་མ་བྱུང་གོང་བོད་ཁུལ་མང་པོ་ནས་སེར་བ་འགོག་གནས་བཙུགས་ཡོད་པ་སྔགས་དགོན་དང་ཡང་ན་རི་རྩེ་ཞིག་དང་རི་རྒྱུད་ཅིག་ཡིན། སྔགས་དགོན་དུ་ལོ་ལྟར་སེར་བ་འགོག་པའི་སྔགས་པ་ཞིག་བདམས་ནས་སེར་བ་འགོག་ཉེར་བྱེད་དུ་འཇུག་པ། དེས་ནམ་རྒྱུན་དུ་ཨུར་ཆ་བཟུང་ནས་སེར་བ་འགོག་པར་གྲ་སྒྲིག་བྱས་ཡོད། ཕྱུགས་འཚོ་བའི་ཡོ་བྱད་དང་འཐབ་འཛིང་གི་ཡོ་བྱད་ཅིག་ཀྱང་ཡིན། རིམ་བཞིན་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་མི་རྣམས་ཀྱི་འཚོ་བར་ཡང་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ལྷག་པར་དུ་གྱོན་ཆས་ལ་འགྱུར་ལྡོག་ཆེན་པོ་བྱུང་། དཔེར་ན། ཨུར་ཆ་དང་། མདེའུ། བཞོ་ལུང་། སྐྲ་ཤུབས་སོགས་ལྟ་བུ་དེ་དག་ཡིན། དེར་ཁ་དོག་གི་ཕྱོགས་དང་བཟོ་རྩལ་ཕྱོགས། རྒྱུ་ཆའི་ཕྱོགས་ནས་མཚོན་པ་དགུ་རྒྱག་སོགས་རིགས་སྣ་འགའ་ཡོད།
(གསུམ།) རྒྱན་ཆའི་རིགས།
1. སྐེ་རྒྱན། སྐེ་རྒྱན་ནི་རིན་པོ་ཆེ་སྣ་ཚོགས་སྦྲེལ་ནས་གྲུབ་པ་ཞིག་ཡིན་ལ། རྒྱུ་ཆ་མང་ཆེ་བ་ཁ་དོག་མི་འདྲ་བའི་སྣ་ཚོགས་ཀྱིས་སྦྲེལ་ནས་ཡོད། བྱུ་རུའི་ཕྲེང་བ་དང་སྤོས་ཤེལ་རིལ་བུ་ཁེར་རྐྱང་དུ་འབྲེལ་བ་ལས་གཞན། ད་དུང་བྱི་ལའི་མིག་རྡོ་སོགས་ཕྲེང་བསྒྲིགས་ནས་བཟོས་ཡོད་དང་། བྱུ་རུའི་ཕྲེང་བ་ནི་ད་དུང་རྣ་རྡོ་དང་མུ་ནས་འབྲེལ་པར་བྱས་ཡོད། བོད་ཁྱིམ་གྱི་བུད་མེད་ཀྱི་སྐེ་རྒྱན་སྤྱིར་ན་ཆེ་ཙམ་ཡོད་པ་དང་གོང་སྨད་བྲང་ཁར་གླན་ཞིང་དཔྱངས་ནས་ཡོད། ལ་ལ་ནི་ཐད་ཀར་ལྭ་བའི་བྲང་ཁའི་ཕྱི་ལ་འཚེམ་འདོགས་བྱས་ཡོད་དེ། རྒྱན་སྤྲས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད།
2. དངུལ་གྱི་སྲུང་འཁོར། མིང་གཞན་ལ་དཀར་ཡོལ་ཡང་ཟེར། སྤྱིར་བཏང་དངུལ་དང་ཟངས་ཀྱིས་བཟོས་པའི་སྒམ་ཆུང་ཆུང་སྐེ་རྒྱན་བཞིན་སྐེ་ལ་བཏགས་ནས་ཡོད་པ། ཕྱིའི་ངོས་སུ་མེ་ཏོག་པདྨ་སོགས་བཀྲ་ཤིས་པའི་མཚོན་རྟགས་སུ་རི་མོ་སྣ་ཚོགས་ཕབ་སྟེ་ཧ་ཅང་མཛེས་པ། ད་དུང་བྱུ་རུ་དང་། ཕ་ལམ། མུ་ཏིག་སོགས་ཀྱི་ཕྲ་རྒྱན་བཏབ་ཡོད། དེའི་ནང་དུ་འཇམ་སྐུ་སོགས་སངས་རྒྱས་ཀྱི་སྐུ་ཆུང་ཆུང་དང་། བོད་སྨན་རིལ་བུ་སོགས་ལུས་སྲུང་ལུས་ཕན་གྱི་རིགས་རྫས་མང་པོ་ནས་བཞག་ཡོད།
(བཞི) ལག་རྒྱན་རིགས།
1. མཛུབ་གཅུའམ་མཛུབ་དཀྲིས། མཛུབ་གཅུ་ནི་སྐྱེས་པ་སྐྱེས་མ་རྒན་གཞོན་གང་ཡིན་རུང་ཚང་མའི་མཛུབ་དཀྲིས་མདུན་ངོས་ལ་མཐོ་ཚད་ལི་སྨི་གཅིག་ནས་གཉིས་བར་ཡོད་པའི་གསེར་དང་དངུལ་གྱི་རྨང་གཞི་ཡོད་པ་དང་། དེའི་སྟེང་དུ་གཡུ་དང་བྱུ་རུ། མུ་ཏིག་སོགས་ཀྱི་ཕྲ་རྒྱན་བཏབ་ཡོད། མཛུབ་གཅུའམ་མཛུབ་དཀྲིས་ཀྱི་བྱེད་ནུས་ནི་མཛེས་ཉམས་མངོན་གསལ་ཐོན་པ་མ་ཟད། ད་དུང་གནའ་དེང་གང་གི་མཚམས་སུ་ཕོ་མོའི་བརྩེ་བ་མཚོན་པའི་རྟགས་སུ་བྱེད་པ། འདིར་མི་རིགས་ཀྱི་རང་བཞིན་མེད་པ་དང་ས་ཐག་གི་རང་བཞིན་མེད་དེ། ཕལ་ཆེར་འཛམ་གླིང་ཧྲིལ་བོའི་རྒྱན་ཆ་ཞིག་ཡིན།
2. ལག་གཅུའམ་ལག་གདུབ། ལག་གཅུ་ནི་མང་ཆེ་བ་གསེར་དང་། དངུལ། བ་སོ་སོགས་རྒྱུ་ཆར་བྱེད་ཀྱི་ཡོད་པ་དང་། གསེར་དངུལ་ལག་གདུབ་ཀྱི་སྣེ་མགོ་གཉིས་སུ་སྦྲུལ་མགོ་དང་། ཁྱུང་མགོ། སྲོག་ཆགས་གཞན་དག་གི་རི་མོ་སོགས་མང་པོ་བཀོད་ཡོད་པ་དང་། མང་ཆེ་བར་རི་མོ་སྣ་ཚོགས་བརྐོས་ཡོད་པ་དང་། ལ་ལར་བྱུ་རུ་དང་མུ་ཏིག་སོགས་རྩ་ཆེའི་ནོར་བུ་མང་པོས་ཕྲ་རྒྱན་བཏབ་ཡོད་པ་དང་། འདིར་རྒྱུ་ཆ་དང་དབྱིབས་སོགས་ཐད་ནས་རིགས་མང་པོ་ནས་མཆིས་ལ། བཤད་སྲོལ་ལྟར་ན། ལག་གདུབ་འདོགས་དོན་ནི་མཛེས་ཉམས་གཏོད་པ་མ་ཟད། འོ་མ་འཇོ་བ་དང་མར་ལེན་པ་སོགས་ཀྱི་ལས་ཀ་བྱེད་སྐབས་ལག་གདུབ་དེ་ལག་མགོའི་སྟེང་དུ་བཏགས་ན་འོ་མ་ཕུ་ཐུང་ནང་དུ་མི་བཞུར་བའི་ནུས་པ་ཐོན་ཐུབ། རྒྱན་ཆ་གཞན་དང་འདྲ་བར་ལག་གདུབ་འདེམས་པ་དེའང་ཆོས་ལུགས་དད་མོས་དང་ཉེར་སྤྱོད་རིན་ཐང་ཟུང་འབྲེལ་དམ་ཟབ་བྱས་ཡོད། འདི་ཡང་མཛུབ་གཅུ་དང་འདྲ་བར་གནའ་དེང་གང་གི་མཚམས་སུ་ཕོ་མོའི་བརྩེ་བ་མཚོན་པའི་རྟགས་སུ་བྱེད་ལ། མི་རིགས་ཀྱི་རང་བཞིན་མེད་པ་དང་ས་ཐག་གི་རང་བཞིན་མེད་དེ། ཕལ་ཆེར་འཛམ་གླིང་ཧྲིལ་བོའི་རྒྱན་ཆ་ཞིག་ཡིན།
(ལྔ) ལྷམ་རྒྱན་རིགས།
1. འཇུར་རྟ། འཇུར་རྟ་ལ་འཇུར་རྟ་རིང་པོ་དང་འཇུར་རྟ་ཐུང་བ་གཉིས་ཡོད། དེ་ནི་ཀོ་བ་སྤུས་ལེགས་ཀྱིས་བཟོས་པ་ཞིག་ཡིན་པས་མཁྲེགས་ཤིང་གྱོན་ན་མཛེས་ཉམས་དོད་པོ་ཐོན་པ།
2. ཕྱིང་ལྷམ། བལ་དང་ནོར་གནག་གི་བལ་རྒྱུ་ཆ་བྱས་ཏེ། ཕྱིང་ཞྭ་ནི་ལུག་གི་བལ་དང་ཁུལ་སོགས་གནོན་འཆག་བྱས་ནས་ཐགས་སྐུད་མེད་པར་བཟོས་པའི་ལྷམ་རིགས་ཤིག་ཡིན། རླན་བཤེར་དང་ཚ་བ། བགྲུད་གནོན་སོགས་དངོས་ལུགས་ཀྱི་ནུས་པ་བརྒྱུད་ནས་བཟོས་པའི་ལེབ་དབྱིབས་ཀྱི་འཐག་དངོས་ཤིག་ཡིན་ལ། དེར་རླན་བཤེར་དང་ཚ་བ། དྲོད་སྲུང་པ་བཅས་ཀྱི་ནུས་པ་ལྡན།
ཁྲི་ཀའི་བོད་རིགས་ཀྱི་རྒྱན་གོས་དེ་རྨ་ཆུའི་རོང་སའི་གནའ་བོའི་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཁྲི་ཀའི་བོད་རིགས་ཀྱི་མེས་པོ་རྣམས་ཀྱིས་དུས་ཡུན་རིང་པོར་སྤྱི་ཚོགས་ཀྱི་ཐོན་སྐྱེད་ངལ་རྩོལ་བྱེད་པའི་རིག་གནས་ལ་གྲུབ་འབྲས་ཐོབ་པ་དང་། དེ་ཉིད་བྱུང་བའི་ཉིན་ནས་བཟུང་གཞི་རྩའི་རྒྱུ་རྐྱེན་གཉིས་ཡོད་པ་སྟེ། དངོས་སྤྱོད་རང་བཞིན་དང་མཛེས་དཔྱོད་རང་བཞིན་ལྡན་པ། དེ་གཉིས་གཙོ་བོ་དབྱེ་བ་གསལ་པོ་ཡོད་པ་དང་། གཅིག་རམ་གཅིག་འདེགས་ཡིན་པ། སྔ་མ་གཙོ་བྱས་ཕྱི་མ་དེ་དང་མཉམ་དུ་བྱུང་པ་ཡིན། དེའི་ངོ་བོ་དང་བཟོ་དབྱིབས། རི་མོའི་ཟུར་གཏོགས་རྒྱན་ཆ་སོགས་དུས་སྐབས་སོ་སོའི་མི་རྣམས་ཀྱི་དངོས་ཡོད་བཀོལ་སྤྱོད་དང་མཛེས་དཔྱོད་དགའ་ཕྱོགས་དང་བསྟུན་ནས་འགྱུར་ལྡོག་འབྱུང་བཞིན་ཡོད་པ་གདོན་མི་ཟ་ལ། དེའི་བཟོ་རྩལ་དང་། རྒྱུ་སྤུས། བཟོ་དབྱིབས། རི་མོའི་རྒྱན་ཆ་སོགས་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་ལ་ཁྲི་ཀ་བོད་རིགས་ཀྱི་ཐོན་སྐྱེད་ངལ་རྩོལ་དང་། གནམ་གཤིས་ཁོར་ཡུག ས་ཁམས་སྐྱེ་ཁམས། རིག་གནས་སྤེལ་རེས་སོགས་ཀྱི་རྒྱུ་རྐྱེན་གྱིས་ད་ཆ་སྣ་མང་ཕུན་སུམ་ཚོགས་པ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཁྲི་ཀའི་བོད་རིགས་ཀྱི་རྒྱན་གོས་རིག་གནས་ཤིག་ཏུ་གྲུབ་ཡོད།
འབྲེལ་ཡོད་འོས་སྦྱོར།