མདོ་སྨད་བྲག་དཀར་རྗོང་སྔགས་ས་ཚོ་བའི་བུད་མེད་ཀྱི་སྨར་གདན་སྐོར་གླེང་བ།
རྩོམ་པ་པོ།:འཆི་མེད་རྡོ་རྗེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-12-31
ཀློག་གྲངས།:
ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་སྔགས་ས་ཚོ་བར་དར་ཁྱབ་ཆེ་བའི་བུད་མེད་ཀྱི་རྒྱན་ཆས་ལས་དམར་གདན་ནམ་སྨར་གདན་ཞེས་པའི་མིང་གི་ཐོགས་ཚུལ་དང་དེའི་བྱུང་ཚུལ། གྲུབ་ཆ། འདོགས་ལུགས་སོགས་བརྗོད་ཡོད།
བརྡ་ཆད་གཙོ་བོ། བྲག་དཀར་རྫོང་། སྔགས་ས། སྨར་གདན། རྒྱན་ཆ།
འདིར་གླེང་བར་བྱ་བའི“སྔགས་ས་ཚོ་བའི་བུད་མེད་ཀྱི་རྒྱན་ཆ་ལས་སྨར་གདན་སྐོར་ངོ་སྤྲོད་ཅུང་ཙམ་བྱེད་པ”ཞེས་པའི་སྔགས་ས་ཚོ་བ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཁོངས་སུ་ཆགས་ཡོད་ལ། རྫོང་ཐོག་ནས་ཤར་ལྷོའི་མཚམས་སུ་སྤྱི་ལེ་བརྒྱ་དང་ཉི་ཤུ་ཡས་མས་སམ། ཡང་ན་རྨ་ཆེན་གངས་འདབས་ནས་བྱང་ཕྱོགས་སུ་སྐྱ་མིའི་ཉིན་ལམ་གཅིག་ཙམ་སོང་བའི་ས་ཆར་ཆགས་ཡོད་ལ། དགོན་གོང་མ་དགེ་འཕེལ་བྱང་ཆུབ་གླིང་གི་ལྷ་སྡེ་ཡིན། སྔགས་སའི་མཚམས་ཐོག་གོང་མ་སྒྲུབ་སྡེ་དགེ་འཕེལ་བྱང་ཆུབ་གླིང་ནི་རབ་བྱུང་བཅོ་ལྔ་བའི་ཆུ་ཕོ་བྱི་བ་སྟེ། སྤྱི་ལོ༡༩༡༢ལོར་ཡབ་རྗེ་བླ་མ༧འཇམ་དབྱངས་དོན་ཡོད་དཔལ་བཟང་བོ(༡༨༧༩-༡༩༥༩)མཆོག་གིས་ཕྱག་འདེབས་གནང་། དགེ་ལྡན་པའི་ཕྱག་བཞེས་སྤྱི་དང་ཁྱད་པར་དུ་ཐུན་མོང་མ་ཡིན་པ་བྱ་རྒྱུད་ལས་བཀག་པའི་ཟས་རིགས་སོགས་ཉེ་འཁོར་ཙམ་དུ་ཡང་བླང་མི་ཆོག་པ་དང་། འགྲིག་འོག་ཏུ་གཏོགས་པ་ཚང་མས་སྨྱུང་གནས་རྒྱུན་སྐྱོང་དགོས་པ་སོགས་ཡིན།
དེ་ཡང་སྔགས་ས་ཞེས་པ་ནི་རྗེ་དེ་ཉིད་ཀྱི་གསུང་མགུར་ལས“རོང་སངས་རྒྱས་འབུམ་གྱི་བུ་རྒྱུད་ལ། །ལྷ་རྟ་མཆོག་གར་གྱི་རྣམ་རོལ་བ། །དཔོན་རོང་སྔགས་ཁྲ་མོ་སིལ་སིལ་འཁྲུངས། །སྲས་ཕ་ཤུལ་ཆོད་པ་རྣམ་གསུམ་ཡོད། །དུས་ད་ལྟ་སྔགས་ས་ཕ་ཚོ་གསུམ། །དེ་གསུམ་གྱི་བུ་རྒྱུད་འཁྲུལ་མེད་ཡིན། །དཔོན་མི་ཆེན་ཚེ་འབུམ་རྒྱལ་གྱི་དུས། །ས་མང་འབའ་བྱ་གསུམ་བརྒྱུད་ནས་འཁྱར”[1]ཞེས་གསུངས་པ་ལྟར་རོང་བོ་ས་ཆ་ནས་སྟོད་དུ་འཆར་བའི་རོང་སྔགས་ཁྲ་མོ་སིལ་སིལ་གྱི་རྗེས་རབས་པ་རྣམས་ལ་སྔགས་ས་ཚོ་བ་ཟེར། དེ་ཡང་ཡིན་ཏེ་མཐུ་ངན་སྔགས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པའི་སྔགས་རིང་ཉེར་གཅིག་སོགས་ཀྱི་མཐུ་ནུས་པས་ལྷོ་གཡུ་འབྲུག་ཐང་ལ་འབེབ་པ། གླག་རག་མོ་མཁའ་ནས་འཆང་བ། སྤྱང་དར་མ་ས་ནས་འཁང་བ་ལ་སོགས་པའི་སྔགས་ཀྱི་ནུས་པ་བརྗོད་ཀྱིས་མི་ལང་བས་གནའ་མིའི་ངག་རྒྱུན་དུའང་། “་་་་་་་་གནས་དབེན་པའི་ཆོས་ལུང་རི་སྒང་འགྲིམ་ནས། །སྒར་ཁྲ་མོ་བཀྲ་ཤིས་ཆོས་རྫོང་བཏབ་ནས་ཟེར་གི །ལྷའི་དཀྱིལ་འཁོར་ས་ལ་ཆགས་འདྲ་ཡིན་ནས་ཟེར་གི །ཕྱི་ལྷ་ཤིང་བྲག་རི་བརྩིགས་འདྲ་ཡིན་ནས་ཟེར་གི །ནང་ལྷ་རྟེན་ཉི་འོད་ཤར་འདྲ་ཡིན་ནས་ཟེར་གི །ཚོགས་དགེ་འདུན་ལྷ་ཚོགས་བསྡུས་འདྲ་ཡིན་ནས་ཟེར་གི །ཡེ་་་་སྒར་ཁྲ་མོ་འདི་ཡི་མཐའ་ན་གནས་པའི། །ཁྲ་འཁྱིལ་ལེ་རུ་སྡེ་ཁྲ་མོ་འདི། །སྡེ་ཚོ་ཆེན་སྔགས་ས་ཕ་ཚོ་ཡིན་ནས་ཟེར་གི །ཕ་སྔགས་ཐོགས་པའི་དོན་སྒོ་བཤད་ན། །སྔགས་ཕུར་བུ་ཅན་གྱི་གདན་ས་ཡིན་ནས་ཟེར་གི །མཐུ་གཉན་པོ་སྒྲུབ་པ་ཐོབ་ས་ཡིན་ནས་ཟེར་གི”ཞེས་ངན་སྔགས་མཐུ་ལ་མངའ་བརྙེས་པའི་ཕུར་ཐོགས་སྔགས་པའི་གདན་ས་ཡིན་པའི་ཆ་ནས་སྔགས་ས་ཞེས་ཐོགས་པ་ནི་གདོན་མི་ཟའོ། །
དེའི་ཕྱིར་བདག་གིས་ཀྱང་ས་དེ་གའི་ལུགས་སྲོལ་གཙོར་བྱས་ནས་བུད་མེད་རྒྱན་ཆ་ལས་སྨར་གདན་གྱི་སྐོར་ཅུང་ཟད་གླེང་བར་བྱ་སྟེ། སྤྱིར་ང་ཚོ་བོད་མི་རིགས་ནི་གནའ་སྔ་མོའི་དུས་ནས་བཟུང་མདོ་དབུས་མཐོ་སྒང་འདི་ནས་འཚར་ལོངས་བྱུང་ཞིང་། གངས་རི་དང་རྫ་རི་སྔས་སུ་བྱས་ལ་སྤང་ལྗོངས་དང་ན་གཞོང་གདན་ཆར་བཤམས་པའི་དྲི་མེད་སེམས་གཙང་གི་རིགས་ཤིག་གམ། ཡང་ན། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་སྲོལ་རྒྱུན་གྱི་རྫོང་མཐུག་པ། ཤེས་རིག་གི་འོད་འཚེར་ལ་བྱམས་སེམས་ཀྱི་རྒྱུད་དུལ་བའི་གཞུང་དྲང་གཤིས་འཇམ་གྱི་མི་རིགས་ཤིག་ཡིན་ཞེས་འུར་གྱིས་སྒྲོག་བཞིན་ཡོད། ཡིན་ནའང་གནའ་མིའི་ཁ་དཔེར། “རི་མཐོན་པོ་རེ་ལ་ངག་རྒྱུན་རེ། །ཆུ་གཙང་བོ་རེ་ལ་བཤད་པ་རེ། །”ཞེས་པ་ལྟར། རི་མཐོན་པོ་གནམ་གྱི་ཀ་བ། ཆུ་གཙང་བོ་དར་སྐུད་རིང་མོ། ཐང་བདེ་མོ་གཡུ་ཡི་མཎྚལ་སོགས་དེ་ལ་དེ་མཚུངས་ཀྱི་ངག་རྒྱུན་དང་བཤད་སྟངས་རེ་ཡོད་པར་མ་ཟད། ནམ་མཁའ་ནས་སྤྲིན་འཁྲིགས་པ་དང་། སྤྲིན་གསེབ་ནས་གློག་འཁྱུགས་པ། འབྲུག་གྲགས་པ། ཐོག་རྒྱག་པ་སོགས་རང་བྱུང་གི་སྣང་ཚུལ་མཐའ་དག་ལ་ངོས་འཛིན་ཚུལ་གྱི་ངག་རྒྱུན་འདྲ་མིན་སྣ་ཚོགས་རེ་ཡོད་ལ། དེ་བཞིན་བོད་མིའི་རྒྱན་གོས་གྱོན་གསུམ་ལའང་ས་ཁུལ་སོ་སོར་ངོས་འཛིན་སྟངས་དང་ངག་རྒྱུན་ནམ་བཤད་སྲོལ་སོགས་འདྲ་མིན་སྣ་ཚོགས་རེ་ཡོད་དུ་སྲིད་དེ། འདིར་སྔགས་ས་ཚོ་བའི་ཡུལ་སྲོལ་གོམས་གཤིས་ལྟར་སྨར་གདན་གྱི་བྱུང་ཚུལ་དང་དེའི་མིང་ཐོགས་སྲོལ། སྨར་གདན་གྱི་གྲུབ་ཆ་དང་འདོགས་ལུགས་སོགས་ཡུལ་ཕྱོགས་ཀྱི་ལོ་ལོན་བསམ་ཤེས་རྣམས་ལ་དྲིས་ཤིང་ངག་རྒྱུན་དག་འཚོལ་སྡུད་བྱས་ནས་ཅུང་ཟད་བརྗོད་པར་བྱའོ། །
དང་པོ། སྨར་གདན་གྱི་བྱུང་ཚུལ་བཤད་པ།
སྔོན་གྱི་ལོ་རྒྱུས་ཡིག་ཚང་ཕལ་མོ་ཆེ་ནི་དམ་པ་ཆོས་ཀྱི་བྱུང་འཕེལ་གཙོ་བོར་བཟུང་སྟེ། ཐོ་འགོད་བྱས་པ་ལས་རང་མི་རིགས་ཀྱི་རྒྱན་གོས་བྱུང་རིམ་ཆ་ཚང་བྲིས་ཡོད་པའི་དམངས་སྲོལ་ལོ་རྒྱུས་ནི་ཧ་ཅང་དཀོན་པས། བོད་མིའི་རྒྱན་གོས་ཀྱི་བྱུང་བ་དང་མཚོན་དོན་སོགས་ལོ་རྒྱུས་ཁུངས་བཙུན་དག་ལ་གཏུག་རྒྱུ་ནི་དེ་བས་ཀྱང་དཀའ་མོ་རེད། ང་ཚོའི་བོད་དུ་དམངས་སྲོལ་ཞིབ་འཇུག་ལས་སྒོ་སྤེལ་མཁན་ནི་ཕལ་ཆེར་མཁས་དབང་དགེ་འདུན་ཆོས་འཕེལ་ནས་ངོས་འཛིན་གྱི་ཡོད་མོད། འོན་ཀྱང་བོད་མི་རིགས་འདི་ལའང་མི་རིགས་གཞན་དང་འདྲ་བར་སྡོད་གནས་དང་། ཡུལ་སྲོལ་གོམས་གཤིས། རྒྱན་གོས་ཆ་ལུགས། རིག་གནས་འཚོ་བ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་གསལ་ལ། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་མིའི་བསམ་བློའི་འདུ་ཤེས་འཛིན་སྟངས་མི་འདྲ་བའི་དབང་གིས་རིམ་བཞིན་འགྱུར་ཏེ། འཐུས་སྒོ་ཇེ་ཚང་དང་། ཕུན་སུམ་ཇེ་ཚོགས་སུ་འགྲོ་ངེས་ལ་ཡང་ན་ཉམས་རྒུད་དུ་འགྲོ་བའང་སྨོས་མེད་ཡིན།དེའི་ཕྱིར་འབྲོག་ཁུལ་དུ་བུ་མོའི་སྨར་གདན་གྱི་བྱུང་ཚུལ་ཐད་ལ་ཡང་བཤད་ཚུལ་རིགས་གཉིས་མཆིས་ཏེ། ཟོ་གདན་དང་འཐབ་ཆས་ཀྱི་འཕེལ་འགྱུར་རོ། །
༡ ཟོ་གདན་ལས་བྱུང་བར་འདོད་ཚུལ།
འབྲོག་ཁུལ་བུ་མོ་ཚོས་སྔོན་ཆད་ཆུ་ལེན་སྐབས་ཆུ་སྣོད་ཟོ་བ་ཡིན་ཞིང་ཟོ་བའི་ནང་དུ་ཆུ་བཅུས་ཏེ་འཁུར་སྲོལ་ཡོད་པས། ཟོ་བ་དང་རྒྱབ་གཉིས་ཀྱི་བར་དུ“ཟོ་གདན”ཞེས་རྒྱུ་ཕྱིང་བ་ལས་གྲུབ་པ་ཞིག་བཞག་ནས་འཁུར་སྲོལ་ཡོད་ལ། དེ་ལྟར་བྱས་ནས་ཁུར་ན་རྒྱབ་ལ་བདེ་ཞིང་ལུས་པོར་མི་གནོད་ཟེར་བ་དང་། རྗེས་སོར་རང་རང་གི་འཛོམས་ཚོད་ཀྱིས་དེ་ལའང་གཙགས་དྲུབས་སྣ་ཚོགས་བྱས་པས་རིམ་བཞིན་དུས་ཀྱི་འཕེལ་འགྱུར་གྱི་དབང་གིས་འདོགས་ཆ་དེ་སྟེ་དེང་སྐབས་ང་ཚོའི་རྒྱན་ཆར་སྤྱོད་བཞིན་པའི“སྨར་གདན”དུ་གྱུར་བ་ཡིན་ཟེར་རོ། །
༢ འཐབ་ཆས་ལས་བྱུང་བྱུང་བར་འདོད་ཚུལ།
སྔོན་གྱི་དུས་རབས་ནམ་ཞིག་ཡིན་པར་གསལ་ཁ་མེད་ནའང་། ཐོག་མའི་དུས་ནས་བོད་མི་རིགས་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ལས་རིམ་བཞིན་འཕེལ་ཏེ། ཚོ་བ་དང་ཚོ་བ་བྱས་ནས་ཁ་ཐོར་དགུ་ཐོར་གྱི་ངང་ནས་ཡུལ་ལུང་སོ་སོར་བཀྲམས་ནས་ཡོད་པར་བཤད་ལ། དེ་བཞིན་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་གྱི་དབང་གིས་ཚོ་ཁག་སོ་སོའི་བར་དུའང་མི་མཐུན་པའི་རྐྱེན་སྣ་ཚོགས་བྱུང་ཞིང་། རྐྱེན་དེ་ལ་བརྟེན་ནས་ཕན་ཚུན་གྱི་བར་དུ་མི་གསོད་རེས་དང་ཇག་བཅའ་རེས་བྱས་ཏེ། རང་རང་གི་ཁ་གསོ་བྱེད་དུ་ཚོ་བའི་གཡང་ར་བ་སྒོ་བཞི་རྣམས་འཕྲོག་པའི་སྲོལ་ངན་ཞིག་རིམ་བཞིན་དར་ཁྱབ་དུ་སོང་ཕྱིར་ཕན་ཚུན་གྱི་འཐབ་ཆས་ཀྱང་འཚོ་བའི་ཆུ་ཚད་དང་བསྟུན་ནས་མདའ་གྲི་མདུང་གསུམ་སོགས་ཀྱི་དྲག་ཆས་དར། དེ་དག་འཁྱེར་བདེ་བའི་ཕྱིར་དུ་སོ་སོར་འཇུག་བྱེད་ཀྱི་སྣོད་རེ་བཟོས་ཤིང་དེ་དག་སོ་སོའི་མིང་ལ་མདའ་ཤུབས་དང་གཞུ་ཤུབས་སོགས་ཟེར་། དེ་དག་གི་ལོང་བུའམ་འདོགས་ཐག་ལ་སག་ཐག་ཟེར་ལ་སྤྱི་ཚོགས་འཕེལ་འགྱུར་གྱི་དབང་གིས་ཚང་མ་རྒྱན་ཆར་གྱུར་པ་ཡིན་ཞེས་མེས་པོའི་ངག་རྒྱུན་དུ་གྲགས་འདུག
གོང་གསལ་གྱི་འདི་དག་ཚང་མ་གྲགས་པའི་རྗེས་འབྲང་ལས་ལོ་རྒྱུས་ཀྱི་བདེན་རྟགས་མེད་ཟེར་ན། དེ་ཡང་སྐྱོན་མེད་དེ“མང་པོའི་དེ་ལྟར་བཤད་པ་ལ། །བདེན་པའི་དོན་གཅིག་མེད་པ་མིན། །”ཞེས་པ་ལྟར་བོད་ལ་ཡི་གེ་མ་བྱུང་གོང་གི་ངག་རྒྱུན་ལོ་རྒྱུས་མགུར་གླུ་མཐའ་དག་ངག་ནས་ངག་ཏུ་བརྒྱུད་དེ་གྲགས་པ་ཡིན་པས། ལོ་རྒྱུས་ཀྱི་དན་རྟགས་མེད་པས་སོ། །
ཡང་མདའ་གྲི་མདུང་གསུམ་ནི་སྐྱེས་པ་ཚོའི་མཚོན་ཆ་ཡིན་པས་བུད་མེད་རྣམས་དེ་ལ་འབྲེལ་བ་མེད་པར་མ་ཟད། དེ་སྐྱེས་པའི་རྒྱན་ཆ་ལས་བུད་མེད་ཚོའི་རྒྱན་ཆར་འགྱུར་དོན་མེད་ཟེར་ན། ཉེ་བའི་ལོ་འགའ་ཤས་ཤིག་གི་སྔོན་དུ་ང་ཚོའི་དམངས་ཁྲོད་དུ་སྐྱེ་ཕོ་མོ་གཉིས་ཀའི་སྟག་གཟིག་གི་ལྤགས་པའི་གོང་སྐོར་དང་འདབས་རྒྱན་སོགས་བྱས་ཡོད་དེ། བོད་བཙན་པོའི་སྐབས་ཀྱི“རྒྱལ་ཁྲིམས་བཅོ་ལྔ”གཏན་ལ་ཕབས་པའི་དོན་ཚན་གསུམ་པའི“བསྟོད་པ་གསུམ”ཞེས་པ་ལས“དཔའ་ལ་སྟག་གིས་མ་བསྟོད་ན། །དཔའ་ངར་བྱས་པའི་རུ་མ་མེད”[2]ཞེས་དང་། ཡང་དེའི་དོན་ཚན་བཞི་བ“དམད་པ་གསུམ”ལས“སྡར་མ་ཝ་ཞུས་མ་དམད་ན། །དཔའ་དང་སྡར་མ་ཤམ་མི་ཕྱེད”[3]ཞེས་བ་སྟེ། “གཡུལ་ངོར་དགྲ་བོ་ལས་རྣམ་པར་རྒྱལ་བའི་དཔའ་བོ་བྱས་རྗེས་ཅན་ལ་སྟག་སློག་དང་གོས་སོགས་ཀྱི་བྱ་དགའ་བྱིན་ནས་བསྟོད་དགོས་བ་རྣམས་མ་བསྟོད་ན། ཕྱིན་ཆད་དཔའ་བོ་ཐོན་པའི་རུ་མ་སྟེ་གཞི་རྟེན་མེད་པར་འགྱུར་བས་ངེས་པར་དཔའ་བོར་རྟགས་ཀྱིས་བསྟོད་དགོས་པ་དང་།”[4]ཡང་དེ་ལས“འགག་རྩར་ཐུག་སྐབས་དགྲ་བོར་མགོ་སྒུར་བའམ་ཕྱིར་བཤོལ་བ་ལ་སོགས་པ་མི་སྡར་མ་ཀླད་མེད་རྣམས་ལ་ཝ་མོའི་གཞུ་གུ་མགོ་ལ་བསྐོན་ནས་དམད་པ་སྟེ་དམའ་མ་ཕབ་ན། དཔའ་བོ་དང་སྡར་མའི་དབྱེ་བ་མི་ཕྱེད་པས་ངེས་པར་དུ་ཝ་ཞུས་དམད་དགོས”[5]ཞེས་པ་ལྟར་སྐབས་དེར་དཔའ་བོའི་བཟང་ངན་གྱི་དབྱེ་བ་སྟག་ལྤགས་དང་ཝ་ལྤགས་ཀྱིས་འབྱེད་ཕྱིར། རྗེས་སོར་དུས་ཡུན་རིང་བོའི་འཕེལ་འགྱུར་གྱི་དབང་གིས་དེ་དག་ཐམས་ཅད་རྒྱན་ཆར་གྱུར་བ་ནི་མཁས་པ་རྣམ་པ་དང་ཞིབ་འཇུག་པ་ཚང་མས་མ་གྲོས་གཅིག་མཐུན་དུ་འདོད་པར་མ་ཟད་སྐྱེས་ཕོ་མོ་གཉིས་ཀའི་རྒྱན་ཆར་བྱས་ཡོད་པ་ང་ཚོའི་མིག་མཐོང་ལག་ཟིན་ཡིན།
དེ་བཞིན་དཔའ་རིས་ས་ཆ་ནི་སྔོན་གྱི་བཙན་པོའི་རྒྱལ་རྒྱུད་ཡིན་ཟེར་ལ། ས་དེ་གའི་བུད་མེད་ཚོས་ད་དུང་སྐེ་རུའང་དེང་གི་སྐེ་དཀྲིས་དང་ཅུང་འདྲ་བའི་དངོས་པོ་ཞིག་གིས་དཀྲིས་ཡོད་ལ། སྔོན་ཆད་དེ་མདའ་མཚོན་འགོག་བྱེད་ཡིན་ཟེར་བ་བདག་གིས་དངོས་སུ་ཐོས་མྱོང་ལ། ད་ལྟའི་སྐེ་དཀྲིས་དེ་ཕྱིང་བའམ་རས་སོགས་རྒྱུ་གང་ལས་གྲུབ་མིན་གསལ་ཆ་མ་མཆིས་མོད་དེའི་མིང་ལ“གྱག་ཕྱིང”ཟེར་བ་ཡིན་ཟེར། རྒན་པ་རྣམས་ཀྱིས་ཀྱང“ང་ཚོས་བུད་མེད་ཚོའི་སྨར་གདན་རྒྱབ་དུ་བཏགས་ཡོད་ལ་དཔའ་རིས་ས་ཁུལ་གྱི་བུད་མེད་ཚོའི་སྔན་དུ་བཏགས་ཡོད་ཟེར།” གླིང་སྒྲུང་དུའང་། “གཡས་སྟག་དུང་ནང་ནས་མདའ་དང་གཡོན་གཞུ་ཤུབས་ནང་ནས་གཞུ་བླངས”ཞེས་པའི་གཡས་སྟག་དུང་ཞེས་མདའ་འཇོག་སའི་མདའ་སྣོད་དང་གཞུ་སྣོད་གཉིས་སོ་སོར་བཏགས་ཡོད། དེ་ཡང“དམར་ཡག་སྟག་གི་ཁ་ར་ཅན། །ཆུ་སྲམ་ནག་པོའི་འདབས་ར་ཅན”ཟེར་བ་ལ་སོགས་པའི་ཁ་དཔེའང་ཡོད་ཕྱིར། དེ་དག་གིས་མཛེས་རྒྱན་སྤྲས་སྲོལ་ཡོད་ཟེར་བ་སོགས་ལ་གཞིགས་ན་སྔོན་ཆད་ཀྱི་དམག་ཆས་རྒྱན་ཆར་གྱུར་སོང་བ་ནི་གདོན་མི་ཟའོ། །
གཉིས་པ། སྨར་གདན་གྱི་མིང་གི་ཐོགས་ཚུལ་ཐད་ཀྱི་དཔྱད་པ།
ཡར་ཆབ་གཙང་བོའི་འགྲམ་རྒྱུད་ནས་འཕེལ་ཞིང་། ཆུ་བཞི་སྒང་དྲུག་གི་རི་སུལ་ན་འཚོ་བའི་གདོང་དམར་བོད་པ་ཚང་ནི་ཤེས་རིག་གི་རྔམ་ཁ་མཐུག་ཅིང་། སྲོལ་རྒྱུན་གྱི་གཏིང་རུམ་ཟབ་པའི་མི་རིགས་ཤིག་ཡིན་ཕྱིར་གླིང་སོ་སོའི་མི་བུ་ཤེས་ལྡན་པ་དག་གིས་ཀྱང་ང་ཚོའི་གོམས་སྲོལ་དང་ལུགས་སྲོལ་སོགས་འཚོལ་སྡུད་དང་དག་སྒྲིག་བྱེད་དང་བྱེད་བཞིན་ཡོད་པས། བདག་གིས་ཀྱང་སྨར་གདན་གྱི་མིང་ཐོགས་སྲོལ་ལ་རང་བློའི་ལྕོག་ཚོད་ཀྱིས་ཅུང་ཙམ་ཞུས་ན།
སྤྱིར་བོད་མི་རིགས་ནི་ཡུལ་ལུང་སོ་སོར་རུ་སྡེ་ཁ་ཐོར་དུ་ཡོད་རྐྱེན། གོན་པ་གྱོན་ལུགས་དང་། རྒྱན་གོས་འདོགས་སྟངས་སོགས་ཀྱི་ཐད་ལ་རྩ་བའི་ཆ་ནས་ཁྱད་པར་མེད་ཀྱང་། ས་བབ་ཆགས་ལུགས་དང་། འཚོ་བའི་གོམས་སྲོལ། གནམ་གཤིས་དྲོད་གྲང་སོགས་ཀྱི་དབང་གིས་མདོ་དབུས་གཙང་གསུམ་གྱི་རྒྱན་གོས་ཐམས་ཅད་ཀྱི་བཟོ་སྟངས་དང་གཅོད་ཁོག་མི་འདྲ་བ་ཡོད་པར་མ་ཟད་རྒྱན་་ཆའི་སྐོར་ལའང་མིང་འདོགས་ལུགས་དང་ངོས་འཛིན་ཚུལ་སོགས་མི་འདྲ་བ་མང་བོ་ཡོད་པའོ། །དེའི་ཕྱིར་འདིར་གླེང་བར་བྱ་བའི་མཚོ་སྔོན་པའི་ལྷོ་རྒྱུད་དེ་བྲག་དཀར་རྫོང་གི་ཡ་ཀྱལ་ཕ་ཡུལ་སྔགས་ས་ཚོ་བར་དར་ཁྱབ་ཆེ་བའི་སྨར་གདན་གྱི་མིང་གི་རྣམ་གྲངས་དང་མིང་གི་ཐོགས་ཚུལ་སྐོར་ལ་བསམ་གཞིགས་ཤིག་བྱས་ན། མི་ལ་ལས་བདག་ལ་སྨར་གདན་ཐོག་མར་ཇི་ལྟར་བྱུང་བ་ཡིན་ཞེས་དྲིས་ཚེ། དེ་ལ་མཛུབ་མོའི་རི་སྟོན་ཙམ་ལས་ག་རེད་འདི་རེད་ཞེས་ལན་གསལ་བོ་ཞིག་གདབ་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན་ཏེ། གཏན་ནས་མིན། དྲང་མོར་བཤད་ན་དེ་ནི་ཐེངས་འདིར་བདག་ལ་ཕྲད་པའི་དཀའ་ཁག་ཀྱང་ཡིན། གནད་དོན་འདི་ནི་དམངས་སྲོལ་ཞིབ་འཇུག་པ་ཚོས་ཀྱང་ཞིབ་འཇུག་བྱས་མྱོང་མེད་ལ་བོད་ཀྱི་གནའ་རབས་ལོ་རྒྱུས་ཡིག་ཐོག་ན་དེ་བས་ཀྱང་གསལ་ཁ་བཏོད་མེད། རྒྱུ་མཚན་དེའི་དབང་གིས་ཕ་ཡུལ་གྱི་ལོ་ལོན་བསམ་ཤེས་རྣམས་གཙོ་བྱས་ནས་ཕྱོགས་སོ་སོར་འདི་དང་འདིའི་རིགས་ཅུང་ཟད་འདྲ་བའི་རྒྱན་ཆའི་སྐོར་མང་པོ་ཞིག་རྩད་གཅོད་དང་བཅར་འདྲི་བྱས་མོད། ཁོ་ཚོས་ཀྱང་དུས་ནམ་ཞིག་ལ་བྱུང་བ་མི་ཤེས་ལ། དེའི་མིང་ཇི་ལྟར་ཐོགས་ཚུལ་དེ་བས་ཀྱང་བཤད་རྒྱུ་མེད།
སྨར་གདན་ནི་བོད་ཀྱི་བུ་མོའི་རྒྱན་ཆའི་རྣམས་གྲངས་ཤིག་ཡིན་ལ། དེ་ནི་ས་ཆ་འདིར་མ་གཏོགས་གཞན་ན་མེད་དམ་ཞེ་ན། དེ་ནི་གཏན་ནས་མ་ཡིན་ཏེ། བྲག་དཀར་རྫོང་གི་འབྲོག་ཁུལ་སོ་སོ་ན་ཡོད་པར་མ་ཟད། མཚོ་སྔོན་པོའི་གཡས་རུ་གཡོན་རུའི་འབྲོག་སྡེ་སོ་སོ་དང་རྨ་ཕ་རུ་ཚུར་རུའི་འབྲོག་སྡེ་སོགས་སུ་ཡོད་པ་དང་རོང་ཁུལ་ཁ་ཤས་ནའང་སྨར་གདན་དང་ཆ་འདྲ་བ་ཡོད་པ་རེད། དེ་བས་ང་ཚོའི་ཁ་དཔེ་ལའང་། “ཕོ་རེ་གམ་ན་མོ་རེ། མོ་རེ་གམ་ན་ཐབ་རེ”ཟེར་བ་ལྟར། སྟོད་ཀྱི་མངའ་རིས་སྐོར་གསུམ། བར་གྱི་དབུས་གཙང་རུ་བཞི། སྨད་ཀྱི་མདོ་ཁམས་སྒང་དྲུག་བཅས་ལ་ཐུན་མོང་མ་ཡིན་པའི་བོད་པ་རང་གི་གཉེན་སྲོལ་དང་། རྒྱན་གོས་ཕུན་སུམ་ཚོགས་པ་ཞིག་ཡོད་མོད། འོན་ཀྱང་། ལུང་བ་རེ་ལ་ཆུ་མིག་རེ། ས་ཆ་རེ་ལ་ལུགས་སྲོལ་རེ། སྡེ་བ་རེ་ལ་བཤད་ལུགས་རེ། ཁྱིམ་ཚང་རེ་ལ་འགྲོ་ལུགས་རེ་ཟེར་བ་ལྟར། སྨར་གདན་གཅིག་པུ་ལའང་ས་ཆ་རེ་རེའི་ལུགས་ལྟར་བཟོ་སྲོལ་དང་མིང་དུ་མ་ཞིག་ཡོད་དེ། དཔེར་ན། རོང་ཕྱོགས་ནས་སྐྲ་ལོང་ཟེར་བ་དང། ཀན་ལྷོ་ཀླུ་ཆུ་དང་བསང་ཆུའི་མཛོད་དགེ་ཕྱོགས་ཀྱི་འབྲོག་སྡེ་སོ་སོས་དེའི་མིང་ལ་ཅོ་ཏོ་དང་། ད་དུང་སི་ཁྲོན་རྔ་བ་ཁུལ་མཛོད་དགེའི་འབྲོག་ཕྱོགས་སོགས་སུ་རྒྱབ་དང་། རེབ་གོང་མགར་རྩེ་ཕྱོགས་ནས་མིང་ལ་ར་བ་དང་། མཚོ་ལྷོ་འབའ་རྫོང་ས་ཆས་མིང་ལ་ར་ཆུང་ངམ་སྐྲ་ལུང་སོགས་ས་ཁུལ་རེ་རེའི་ངོས་འཛིན་སྟངས་ཀྱི་ཐད་ནས་མིང་རེ་བཏགས་ཡོད།
ཡིན་ནའང་། ཡིག་ངོས་འགའ་ཤས་སུ་སྨར་གདན་ལ“དམར་གདན”དང“དམར་ལྡེམ”ཞེས་རེ་འགའ་འདུག་ཅིང་། ང་ཚོའི་ཁ་སྐད་ལྟར་ན“དམར་ལྡན”ཟེར་བ་ལས“སྨར”དང“ལྡེམ”ཞེས་མི་ཟེར།
གཅིག །ཁ་དོག་གི་ཆ་ནས་བཏགས་པར་འདོད་པ།
སྤྱིར་བཏང་དམར་གདན་ཞེས་ཟེར་དོན་ནི་ཁ་དོག་གི་ཆ་ནས་བཏགས་པའམ། ཡང་ན་དེའི་སྟེང་དུ་བཏགས་ཡོད་པའི་དངོས་པོའམ་འདོགས་ཆའི་ཆ་ནས་བཏགས་པ་གང་ཡིན་གསལ་བོར་བཤད་རྒྱུ་མེད་མོད། སྔོན་ཆད་དེའི་སྟེང་དུ་དཀར་པོ་དྲུག་དུང་དང་དམར་པོ་སུམ་ཤོག་ཞེས་རྡོ་དུང་དྲུག་གི་ཕན་ནས་དམར་ཆག་གམ་དམར་པོ་སྟེང་དུ་སྒྲིག་སྲོལ་ཡོད་པས། ཁ་དོག་གི་ཆ་ནས་བཏགས་པ་ཡིན་ཟེར་བའང་རྒྱུ་མཚན་མེད་པ་ཞིག་མིན་ཏེ། འོན་ཀྱང་རོང་ཕྱོགས་ཀྱི་སྐྲ་ལོང་གི་མདོག་དམར་པོ་ཡིན་ལ་དེའི་སྟེང་དུའང་བྱུ་རུ་དང་། བྱུར་འདྲ། སྐྲུག་བྱུར་སོགས་བསྒྲིགས་ཡོད་ཀྱང་དེ་ལ་སྐྲ་ལོང་ལས་དམར་གདན་མི་ཟེར་བར་གཞིགས་ན་ཁ་དོག་གི་ཆ་ནས་བཏགས་པ་ཞིག་མིན་པར་སེམས།
གཉིས། གདག་བྱའི་དངོས་པོའི་ཆ་ནས་བཏགས་པརའདོད་པ།
སོ་སོར་ཡིག་ངོས་ནས་གོ་བ་བླང་ན“སྨར”དང“དམར”གཉིས་ལ་ཁྱད་པར་ཡོད། དཔེར་ན། «མདོ་སྨད་ཡུལ་གྱི་ངག་རྩོམ་པདྨའི་ཆུན་པོ»ཞེས་པ་ལས“་་་་་རྒྱབ་ཅི་འདོག་གསེར་དངུལ་རྩ་ཆེན་ཡིན། །རྡོ་རྩུབ་མོས་བརླག་པར་མཉམ་རེ་ཞོག །དུང་པ་ཏྲ་ཆགས་ན་གཏུམ་མོ་ཟེར”[6]ཞེས་དང་། ཡང་དེ་ལས“ཁྱོད་གནས་ལ་སོང་བའི་ཕྱི་ཉིན་ནས། །རྒྱབ་གོན་པ་ལུག་ཆུང་ཚ་རུ་ཡིན། །དབྱར་ཆར་ཆུ་བབས་ན་མཉམ་རེ་ཞོག །གོས་ཚ་རུ་སྦངས་ན་རུལ་མ་ཟེར། །རྒྱབ་འདོགས་རྒྱན་དངུལ་དང་དོང་ཙེ་ཡིན། །དབྱར་སྨིག་པ་འཐིབས་ན་མཉམ་རེ་ཞོག །དངུལ་བཙའ་ཡིས་ཟིན་ན་རུལ་མ་ཟེར”[7]ཞེས་པ་སོགས་ལ་དཔགས་ན་སྨར་གདན་གྱི་སྟེང་དུ་དམར་པོའམ་རྡོ་དུང་ལས་གཞན་དངུལ་དུང་དང་དོང་ཙེ་སོགས་བཏགས་ཡོད་པ་ཤེས་ཐུབ་ལ། «དག་ཡིག་གསར་བསྒྲིགས»ལས་སྨར་དང་དམར་གཉིས་ཀྱི་གོ་དོན་འདི་ལྟར་འགྲེལ་ཡོད་དེ། “སྨར་ཞེས་པ་ནི་དངོས་སུ་དངོས་རྫས་ཉོ་བའི་རིན་གོང་རྩི་བྱེད་ཀྱི་སྡེ་ཚན་བྱེད་ཆོག་པའི་དངོས་རྫས་ཁྱད་པར་བ་སྒོར་མོ་སོགས་ཀྱི་མིང་སྟེ། དཔེར་ན། སྔོན་ཆད་གསེར་དངུལ་དུང་ཙེ་དང་། ད་ལྟའི་དམངས་སྒོར་ལྟ་བུའི་ཚོང་རྫས་ཁྱད་པར་བ་རྣམས་ནི་སྨར་ཡིན”[8]ཞེས་པ་དང་། “དམར་ནི་རང་རེའི་རྒྱལ་དར་གྱི་མ་གཞི་དར་གྱི་མདོག་གམ་བྱུ་རུའི་མདོག་ལྟ་བུ”[9]ཡིན་པས། སྨར་དང་དམར་གཉིས་ལས་སྨར་ཡིན་པར་འདོད། གདན་ཞེས་བ་ཡང་དེ་ལས“ལུས་འོག་ཏུ་གདིང་རྒྱུའི་ཉལ་ཆས་ཀྱི་མིང”[10]ཞེས་དོང་ཙེ་སོགས་ཀྱི་འོག་ཏུ་གདང་བས་ན་སྨར་གདན་ཞེས་གྲགས་པ་ཡིན་ལ། སྨར་དང་དམར་གཉིས་ཀྱི་སྒྲ་ཅུང་ཟད་འདྲ་བའི་རྒྱུ་མཚན་གྱིས“དམར་གདན”ཞེས་ཐོགས་པ་ལས་དོན་དངོས་སུ“སྨར་གདན”ཡིན་པར་འདོད།
དེ་བས་གཉེན་སྟོན་གྱི་སྐབས་སུའང་ཨ་ཞང་ཚང་གིས་གཉེན་ཚང་ཚང་ལ། “ངེད་ཚང་གི་བུ་མོ་འདི་སྐྲ་ཐོད་ལོག་ཐོད་ནས་བཤིག་མ་མྱོང་། དུང་སྒོར་མོ་རྒྱབ་ཏུ་བཏགས་མ་མྱོང”ཞེས་པའི་དུང་སྒོར་མོ་ཞེས་པ་ལས་ཀྱང་ཅུང་ཙམ་རྟོགས་ཐུབ་པས། ཁོང་ཚང་གི་བུ་མོ་འདི་གནས་ཡུལ་འགྲིམ་མ་མྱོང་བར་མ་ཟད་མོ་ལོ་བཅུ་དྲུག་གི་ལང་ཚོ་ཡོངས་སུ་སྨིན་པའི་གནས་ལུགས་གསལ་བཤད་བྱས་ཡོད་པ་རེད།
གསུམ་པ། སྨར་གདན་གྱི་གྲུབ་ཆ་བཤད་པ།
བཞི། དངུལ་དུང་གི་སྒྲིག་ཚུལ།
དུས་ཀྱི་འཕེལ་འགྱུར་རམ་དཔལ་འབྱོར་གྱི་ཆ་རྐྱེན་དང་བསྟུན་ནས་སྔོན་གྱི་མཛེས་འཛིན་གྱི་ལྟ་བ་རིམ་བཞིན་འགྱུར་ནས་རྡོ་དུང་གི་རྗེས་སུ་དངུལ་དུང་དར་ཞིང་། ད་ལྟ་རྡོ་དུང་བཏགས་ཡོད་པའི་སྨར་གདན་ཧ་ཅང་དཀོན། དངུལ་དུང་ལའང་དྲུག་དུང་། དགུ་དུང་། བཅུ་གཉིས་བཅས་འདོགས་སྲོལ་ཡོད་པར་གྲགས་ལ། དགུ་དུང་ནི་རྒྱུན་འདོགས་ཀྱི་དམར་གདན་ཡིན་ལ། བཅུ་གཉིས་འདོགས་སྲོལ་ནི་ཤོམ་འགྲན་ནམ་མི་མང་འཚོགས་ས་དང་། ཡང་ན་དགའ་སྟོན་དང་དུས་སྟོན་སོགས་སུ་འདོགས་པར་གྲགས་ཀྱང་། བུ་མེད་གང་དེའི་སྐྱེ་གཟུགས་ཀྱི་རིང་ཐུང་ལ་བལྟོས་ནས་དགུ་དུང་དང་བཅུ་གཉིས་བཅས་འདོགས་པའང་ཡོད་པ་རེད།
གཞན་ཡང་དེ་དག་གི་འོག་ཏུ་སྐྲ་རྔ་ཡོད་ལ། དེ་ལ་རྔ་ལེབ་ཞེས་རྒྱུན་མ་གཅིག་ཅན་དང་རྔ་ཐོར་ཞེས་སོ་སོར་ཡོད་པ་བཅས་རིགས་མི་འདྲ་བ་གཉིས་ཡོད་པས། རིང་ཐུང་ལ་གོང་མཐོ་གཉིས་ཙམ་དང་ཞིང་ཚད་ནི་གོང་གི་དཀྱིལ་ར་སོགས་དང་འདྲ་འདྲ་ཡིན་དགོས། དེ་ལའང་སྟོད་སྨད་གཉིས་སུ་ཕྱེས་པའི་སྟོད་དུ་གསེར་སྐུད་ཀྱིས་གཙགས་དྲུབས་བྱས་པའི་ལཉྫ་དང་། དཔལ་བེའུ་ཧོར་ཡིག་སོགས་ཕབས་སྲོལ་ཡོད་ཟེར་ལ་ཧོར་ཡིག་ཕབས་མཁན་ཉུང་ཤས་ཡིན། རྔ་ཐོར་ཡིན་པའི་སྐབས་སུ་མཐའ་ར་གཉིས་ཀྱི་སྐྲ་རྔའི་སྟེང་དུ་ཕབས་པའི་རི་མོ་ཆ་མཉམ་ཡིན་དགོས་ཤིང་། དཀྱིལ་རའི་སྐྲ་རྔ་ཐ་དད་ཡིན་ལ་རས་སྣ་ཚོགས་ཀྱིས་ཏུའུ་སྒྲིག་ཞེས་གཙགས་དྲུབས་བྱས་ཡོད་པ་ཞིག་ཀྱང་ཡོད། དེ་བཞིན«ངག་རྩོམ་པདྨའི་ཆུན་པོ»ལས“རྒྱབ་དམར་གདན<སྨར་གདན>ལེབ་མོ་གྲུ་བཞིའི་ཐོག །དཀྱིལ་དུང་གཡུ་འབྲུག་ཁ་སྤྲོད་འདོགས། །མཐའ་དུང་བཀྲ་ཤིས་རྟགས་བརྒྱད་འདོགས། །དེའི་རྔ་མར་སྟོང་སྐོར་ཅ་ལ་འཕེན། །”[13]ཞེས་དེའི་སྨད་དུ་ཅ་ལ་གཏོར་ནས་ཡོད་ལ་ཅ་ལའི་འོག་གི་རས་དམར་པོ་ཡིན། སྔོན་ཆད་ང་ཚོའི་ས་ཁུལ་དུ་མང་ཆེ་བའི་སྨར་གདན་གྱི་སྐྲ་རྔ་རྔ་ཐོར་ཅན་བཏགས་པ་ཤུགས་ཆེ་སྟེ། སྨར་གདན་ལ་རྔ་ཐོར་དང་རྔ་ལེབ་ཟེར་བའང་ཡོད་པ་རེད།
བཞི་པ། སྨར་གདན་གྱི་འདོགས་ལུགས་བཤད་པ།
བླ་མ་རེ་ལ་ཕྱག་ལེན་རེ། ས་ཆ་རེ་ལ་ལུགས་སྲོལ་རེ། སྡེ་བ་རེ་ལ་གོམས་སྲོལ་རེ་ཞེས་པའི་དཔེ་ལྟར། ས་ཆ་རེ་ལའང་གོན་པ་གྱོན་སྟངས་དང་རྒྱན་ཆ་འདོགས་སྲོལ་སོགས་ཐུན་མོང་མ་ཡིན་པ་རེ་ཡོད་དུ་སྲིད་ལ། ཐུན་མོང་མ་ཡིན་པ་དེ་ནི་ས་དེ་གའི་ཐུན་མོང་མ་ཡིན་པའི་ཡུལ་གོམས་གཤིས་ལུགས་རེད། དེའི་ཕྱིར་མདོ་དབུས་ཁམས་གསུམ་གྱི་ལྭ་བ་བཟོ་སྟངས་དང་གྱོན་སྲོལ་མི་འདྲ་བར་མ་ཟད། ཨ་མདོ་ས་ཆའི་རོང་འབྲོག་གཉིས་ལའང་སྐ་རགས་འཆིང་ཕྱོགས་སོགས་ཀྱི་སྟེང་ནས་ཁྱད་པར་ཡོད་པ་སྟེ། དཔེར་ན། འབྲོག་ཕྱོགས་ནས་རྩེ་ཁོག་དང་རྨ་ལྷོ། འབའ་རྫོང་། མགོ་ལོག་སོགས་ཀྱི་སྐ་རགས་འཆིང་སྟངས་ཅུང་འདྲ་བ་དང་། མཚོ་སྔོན་པོའི་གཡས་རུ་གཡོན་རུ་གཙོ་བྱས་མཚོ་ལྷོའི་རྫོང་ཁག་འགའ་ཤས་ཀྱི་སྐ་རགས་འཆིང་སྲོལ་སོགས་འདྲ་བ་རེད།
དེ་བས་རྒྱན་ཆའི་འདོགས་སྟངས་སོགས་ཀྱང་དེ་ལས་མ་འདུས་ཏེ། འདིར་སྔགས་ས་ནང་ལུང་གི་སྨར་གདན་འདོགས་ལུགས་ཅུང་ཟད་ངོ་སྤྲོད་བྱས་ན། དེའི་འདོགས་ལུགས་ལ་ཆེ་ཕྱོགས་ནས་གཉིས་ཡོད་དེ། རྒྱུན་འདོགས་དང་འདུན་འདོགས་གཉིས་སོ། །
གཅིག །རྒྱུན་འདོགས་ནི་སྔོན་ཆད་ཀྱི་ལུགས་སྲོལ་གཞིར་བྱས་བརྗོད་ན། བུད་མེད་གང་དེའི་སྐྲ་ཕབས་པའམ་གཉེན་བསྒྲིགས་པའི་ཉིན་དེ་ནས་བཟུང་འདོགས་དགོས་ཏེ་ཐ་ན་དུས་ཚོད་སྐར་ཆ་འགའ་ལའང་བུད་མེད་དེའི་སྐེ་ནས་ལེན་མི་རུང་བར་མ་ཟད། མཚན་མོར་གཉིད་དུས་སུ་ཡང་འདོགས་ལོང་ཇེ་རིང་དུ་བཏང་ནས་སྔས་འགྲམ་དུ་འཇོག་པ་ལས་དེ་དང་གཏན་ནས་ཁ་འབྲལ་མི་རུང་ཟེར་ལ། དེ་ལྟར་མ་བྱས་ན་རང་གི་ཕོ་སྐྱེས་ལ་དམོད་བོར་བ་ཡིན་ཟེར། ལྷག་པར་དུ་རིག་གནས་གསར་བརྗེའི་ཡར་སྔོན་དུ་སྲོལ་འདི་གཙོ་བོར་འཛིན་པ་རེད། དེའི་ཕྱིས་སུའང་རྒན་པ་འགའི་རྒྱུན་འདོགས་བྱས་ཡོད་པ་བདག་གིས་ཀྱང་མཐོང་མྱོང་།
སྤྱིར་བཏང་འབྲོག་ཕྱོགས་སུ་སྐྲ་ཕབས་པའི་ཉིན་ནས་བཟུང་སྟེ་སྨར་གདན་འདོགས་དགོས་ལ། དེ་ནི་བུ་མེད་གནས་སྨའམ་གཉེན་བསྒྲིགས་བྱས་ཟིན་པའི་རྟགས་མཚན་ཡིན་པས་ངེས་པར་དུ་འདོགས་པ་རེད། འོན་ཀྱང་གནས་ལ་མ་སོང་བར་རང་ཁྱིམ་དུ་གནས་པའི་བུད་མེད་དེའི་ཡང་སྨར་གདན་འདོགས་སྲོལ་ཡོད་མོད་རྒྱུན་འདོགས་མ་བྱས་ནའང་ཆོག་པ་རེད། དེའི་སྨར་གདན་དང་གཉེན་བསྒྲིགས་ཟིན་པའི་སྨར་་གདན་གཉིས་མི་འདྲ་སྟེ། གཉེན་བསྒྲིགས་བྱས་ཟིན་པའི་སྨར་གདན་གྱི་མཐའ་རའི་མགོ་གཉིས་ནི་ཐོམ་མགོའམ་མདའ་མགོ་ལྟར་དབྱིབས་ཟུར་གསུམ་ཡིན། གཞན་པ་དེའི་མཐའ་རའི་མགོ་གཉིས་གྲུ་བཞི་ཡིན་ལ་དེའི་མིང་ལ་ཐོད་ལོག་སྨར་གདན་ནམ་ཡང་ན་གོ་གདན་ཟེར་ལ་དེའི་སྟེང་དུ་བཏགས་ཡོད་པའི་ཕྲག་དུང་སོགས་ལ་སྲང་དུང་ཟེར་བ་རེད། གོ་གདན་ཟེར་བ་ནི་གནས་ཡུལ་མ་རྙེད་པར་ཁྱིམ་དུ་ལུས་ཡོད་པའི་བུད་མེད་རྣམས་ལ་གོ་རྒས་ཟེར་ཞིང་དེའི་གདགས་བྱའི་སྨར་གདན་ལ་གོ་གདན་ཟེར། ང་ཚོའི་འབྲོག་ཕྱོགས་སུ་གནས་ལ་མ་སོང་ན་སྐྲ་ཕབ་པའི་སྲོལ་མེད་ལ་རོང་ཕྱོགས་སུ་དེ་ལྟ་མ་ཡིན་པར་བུ་མོའི་ན་ཚོད་སྨིན་པ་ན་གནས་ཡུལ་མ་རྙེད་ཀྱང་སྐྲ་ཕབ་པའི་སྲོལ་ཡོད་ཟེར་ལ་དེའི་འདོགས་ཆ་དེ་ལ་ཐོད་ལོག་ཟེར་ཞིང་། འདི་ལའང་ཡི་གེ་འབྲི་སྲོལ་རིགས་འགའ་མཆིས་ལ“ཐོབ་ལོག”དང་“ཐོར་ལག” “ཐོ་ལོག”སོགས་ཡོད་པས་དེ་དག་ལས་གང་ཞིག་དག་མིན་ནི་དཔྱོད་ལྡན་རྣམས་ཀྱི་ལས་སྐལ་དུ་ལྷག་གོ །
གཉིས། འདུན་འདོགས་ཞེས་པ་ནི་རང་གི་ཡུལ་ཕྱོགས་ཀྱི་བླ་དཔོན་དང་གཉེན་ཉེ་དུ། ཆེ་རྒན་གཞོན་སོགས་འཇིག་རྟེན་མི་ཡུལ་དང་བྲལ་རྗེས་འདོགས་པའི་ལུགས་སྲོལ་ཞིག་ལ་འདུན་འདོགས་ཟེར་ཞིང་འདི་ལ་ས་དེ་གར་གཅིག་མཐུན་གྱི་འདོགས་ལུགས་ཤིག་མེད་མོད། འོན་ཀྱང་གཙོ་ཆེ་བའི་དབང་དུ་བྱས་ནས་ཅུང་ཟད་བརྗོད་ན། གོང་དུ་ཞུས་ཟིན་པ་ལྟར་ཕྲག་དུང་གཉིས་རང་གི་ཕོ་སྐྱེས་ཀྱི་སྐལ་ཡིན་པ་དང་དཀྱིལ་དུང་ནི་མིང་བོའི་སྐལ་ཡིན་ཟེར་ལ་ད་དུང་རལ་བའང་མིང་བོའི་སྐལ་ཡིན་པ་རེད། དེའི་ཕྱིར་རང་གི་མིང་བོ་མ་འཚམས་ན་རལ་བ་སྟོང་བར་ཕུད་པ་དང་དཀྱིལ་དུང་ལེན་དགོས་ཟེར། གཞན་ད་དུང་རལ་བ་དང་དཀྱིལ་ར་གཉིས་སྟོང་བར་ཕུད་ནས་སྐྲ་རྔ་བླས་ཡོད་པའང་ཡོད། རང་གི་ཕ་མ་མ་འཚམས་ནའང་རལ་བ་དང་དཀྱིལ་ར་སྟོང་བར་ཕུད་སྲོལ་ཡོད་ལ། ཨ་ཁུ་དང་ཨ་ཞང་ཡིན་ན་རལ་བའི་སྟོད་དང་དཀྱིལ་རའི་སྟེང་ནས་དུང་ལེན་པར་མ་ཟད་དཀྱིལ་རའི་སྐྲ་རྔའང་བླས་ནས་ཡོད་པ་རེད། ཡང་འགའ་ཤས་ཤིག་གིས་རལ་བ་དང་དཀྱིལ་ར་གཉིས་ཀ་བླངས་རྗེས་མཐའ་ར་གཉིས་ཀ་དང་འཐེན་ཐག་གོང་ཐག་སོགས་ཕྱོགས་གཅིག་ཏུ་བསྡུས་ནས་བར་དུ་སྐུད་དྲ་བྱས་ནས་འདོགས་པ་ལས་རང་གི་ཕོ་སྐྱེས་འཚམས་ན་སྨར་གདན་ལེན་པའི་སྲོལ་མེད་པ་རེད། རང་གི་ཕོ་སྐྱེས་མ་འཚམས་པ་ཡིན་ན་ཕྲག་དུང་གཉིས་ལེན་དགོས་པར་མ་ཟད་སྨར་གདན་ཡང་འདོགས་མི་རུང་བས་ཕོ་སྐྱེས་མ་འཚམས་པའི་ཉིན་དེ་ནས་བཟུང་སྨར་གདན་རྒྱབ་ནས་ལེན་དགོས་ལ་མི་ཚེ་དེར་སྨར་གདན་འདོགས་པའི་ཉིན་དེ་ཚར་བ་རེད།
དེ་དག་ནི་རིག་གསར་ཡར་སྔོན་གྱི་ལུགས་སྲོལ་ཡིན་ཟེར་ཞིང་རིག་གསར་རྗེས་ནས་བཟུང་སྟེ་ལོ་ལོན་རྒན་པ་འགས་བཏགས་ཡོད་པ་ལས་གཞན་པས་རྒྱུན་འདོགས་བྱས་ཡོད་པ་ཧ་ཅང་དཀོན་པར་འདུག །ཡིན་ནའང་བུ་མོ་གནས་ལ་འགྲོ་སྐབས་དང་ལོ་གསར་ཚེ་གཅིག་གི་ཉིན་གང་བོར། གཉེན་སྟོན་གྱི་སྐབས་སུ་ཇ་སྐོལ་ནས་ཇ་མཆོད་སོགས་འཕེན་པའི་དུས་སོགས་སུ་སྨར་གདན་འདོགས་པ་ལས་སྨར་གདན་འདོགས་པའི་ལུགས་སྲོལ་ཉམས་ཚར་འདུག ལྷག་པར་དུ་ད་ལྟའི་དུས་འདིར་བུ་མོ་རྣམས་བག་གསར་བཅའ་བའི་སྐབས་དང་ཇ་སྐོལ་མཆོད་འཕེན་གྱི་སྐབས་སུ་མ་གཏོགས་སྨར་གདན་མི་དགོས་པ་རེད།
མཇུག་བསྡུ་བ།
དེ་ཡང་ཇི་སྐད་དུ། ལྷ་ཆོས་ལ་ཤེས་གལ་ཆེ། མི་ཆོས་གོམས་གལ་ཆེ། ལོ་རྒྱུས་ལ་ཞིབ་གལ་ཆེ་ཞེས་པ་ལྟར་ནུས་ཚོད་དང་ལྕོག་ཚོད་ཀྱིས་བོད་མི་རང་གི་ཡུལ་གོམས་གཤིས་ལུགས་ལ་རྒྱུས་ལོན་དང་། སྔོགས་འདོན། དག་སྒྲིག་བྱེད་རྒྱུ་ནི་མ་མཐའི་འོས་འགན་ཡིན་ཕྱིར་མི་རིགས་ཤིག་གི་གོན་པ་གྱོན་སྟངས་དང་། རྒྱན་ཆ་འདོགས་ལུགས། གཞིས་ཀ་བསྐྲུན་སྲོལ། བཟའ་བཅའ་བཏུང་བ། འགྲོ་འཆག་ཉལ་འདུག གླུ་གར་གཞས་གསུམ་སོགས་མཐའ་དག་ཡུལ་གོམས་གཤིས་ལུགས་ཀྱི་ཁོངས་སུ་བསྡུ་འོས་བར་སེམས་ཏེ། འདི་དག་ནི་དུས་ཀྱི་འགྱུར་བ་དང་བསྟུན་ནས་འཕེལ་འགྲུབ་འབྱུང་ནི་གདོན་མི་ཟ་བས། འཕེལ་འགྲིབ་རེ་རེ་ནི་ལོ་རྒྱུས་ཀྱི་ཆགས་འཇིག་རེ་རེ་ཡིན་ཞིང་། ཆགས་འཇིག་རེ་རེ་ནི་མི་རིགས་གང་དེའི་རིག་གནས་ཀྱི་གོད་ཆག་རེ་རེ་ཡིན་པས། དམངས་སྲོལ་རིག་གནས་ནི་འཛམ་གླིང་འདིར་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས་སུ་འགྲོ་བའི་སྐབས་འདིར་ང་ཚོས་ཀྱང་། ཕྱོགས་ཡོངས་ནས་དམངས་སྲོལ་རིག་གནས་འདི་ཉམས་པ་སླར་གསོ་དང་། མ་ཉམས་གོང་འཕེལ་དུ་གཏོང་དགོས་ཏེ། དུས་རབས་རེ་རེའི་གླུ་ཚིག་རེ་རེས་དང་འཚོ་བའི་ཡོ་བྱེད་རེ་རེས་དུས་རབས་དེའི་འཚོ་བའི་ཆུ་ཚད་དང་བསམ་པའི་དཔལ་ཡོན་ལ་ཚོད་དཔག་བྱེད་ཐུབ་པས་དམངས་སྲོལ་རིག་གནས་ནི་མིའི་རིགས་ལོ་རྒྱུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ཅེས་བཤད་ནའང་མི་ཆོག་རྒྱུ་མེད་པར་སེམས།
རྒྱུ་མཚན་དེའི་དབང་གིས་རྒན་བཀྲ་བྷོ་ལགས་ཀྱིས་ཀྱང། “སྤྱིར་དམངས་སྲོལ་ནི་བོད་མི་རིགས་ཀྱི་གདོད་མའི་སྤྱི་ཚོགས་ནས་ད་ལྟ་བར་གསར་གཏོད་ཀྱི་རིག་གནས་དང་། བསམ་བློའི་གནས་ཚུལ། འཚོ་བའི་དཔེ་རིས། སྤྱི་ཚོགས་ཀྱི་འབྲེལ་འདྲིས་སོགས་གསལ་བར་བྱེད་པའི་མེ་ལོང་ཡིན་ལ། དེས་བོད་མི་རིགས་ཀྱི་སེམས་ཁམས་དང་། འཇིག་རྟེན་ལྟ་ཚུལ། རིན་ཐང་ལྟ་ཚུལ། མི་ཚེའི་ལྟ་ཚུལ། ཀུན་སྤྱོད་འདུ་ཤེས་བཅས་མངོན་པར་མཚོན་ཡོད”[14]ཅེས་པ་ལྟར། ཕྱི་སྐོར་གངས་རི་ར་བའི་ཡོངས་སུ་སྐོར་ཞིང་། ནང་སྐོར་རྫ་ཆུ་བསིལ་མ་ལྷུང་ལྷུང་བཞུར་བའི་རི་མཐོ་ས་གཙང་གི་ཡུལ་གྲུ་འདིར་འཚོ་ཞིང་གནས་བའི་བོད་མི་རང་ལ་མཚོན་ནའང་། གནའ་སྔ་མོའི་དུས་ནས་རང་བྱུང་ཁོར་ཡུག་གི་གནས་བབ་དང་བསྟུན་ནས་རི་དྭགས་རྣམས་སྒོ་ཕྱུགས་སུ་ཕབ་ཚུལ་དང་། འཚོ་བའི་སྤྱོད་སྟངས་དང་རོལ་ཕྱོགས། རྒྱན་གོས་གཙགས་དྲུབས་དང་འདོགས་ལུགས་སོགས་མི་རིགས་རང་གི་ཁྱད་ཆོས་སུ་འཐིམས་ཡོད་ལ། དེ་ཡང་ཁ་ཇེ་གསལ་དང་། འཐུས་ཇེ་ཚང་། སྟབས་ཇེ་བདེ་རུ་སླེབས་ཡོད་མོད། ཡ་རབས་ཀྱི་ཞལ་ཏ་ཐུར་ལ་སྟོན་ཞིང་མ་རབས་ཀྱི་རྐང་བ་འགོ་རུ་གེར་བའི་ཉེར་གཅིག་དུས་ཀྱི་ཙ་རླབས་དྲག་པོས་བསྲེགས་དང་སྲེག་བཞིན་པའི་སྐབས་འདིར། ང་ཚོས་ངེས་པར་དུ་འབད་པ་ཆེར་བསྐྱེད་ཀྱིས་འདི་དང་འདིའི་རིགས་ཀྱི་ཡུལ་སྲོལ་རྣམས་རྩད་གཅོད་དང་སྡུད་སྒྲིག་གང་ལེགས་བྱ་དགོས་པར་སེམས་སོ། །
ཟུར་མཆན།
[1] སྔགས་ས་དགེ་བཤེས་འཇམ་དབྱངས་དོན་ཡོད་ཀྱི«མགུར་འབུམ» ཤིང་དཔར།
[2][3][4][5] ཐུབ་བསྟན་ཕུན་ཚོགས་ཀྱི«བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག» སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༡༣༡དང༡༣༢ན་གསལ།
[6][7] གཅོད་པ་དོན་གྲུབ་དང་སངས་རྒྱས་རིན་ཆེན་སོགས་ཀྱིས་བསྡུས་ཤིང་འདེམ་སྒྲིག་བྱས་པའི«མདོ་སྨད་ཡུལ་ངག་རྩོམ་པདྨའི་ཆུན་པོ» ཀྲུང་གོ་དམངས་ཁྲོད་རིག་རྩལ་ཞིབ་འཇུག་ཁང་མཚོ་སྔོན་ཡན་ལག་ཚོགས་པ། ཤོག་ངོས༨༥-༨༦ དང་། ༩༦ན་གསལ།
[8][9][10] «དག་ཡིག་གསར་བསྒྲིགས» མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༦༠༧ ༥༩༩ ༣༨༣སོགས་སུ་གསལ།
[11] ༢༠༡༡ལོའི«མང་ཚོགས་སྒྱུ་རྩལ» དེབ་བཞི་པའི་ཤོག་ངོས༡༠༩ན་གསལ།
[12] དགའ་བ་རྡོ་རྗེས་བརྩམས་པའི«འཁྲུང་དཔེ་དྲི་མེད་ཤེལ་གྱི་མེ་ལོང» ཆབ་མདོ་སྨན་རྩིས་ཁང་གིས་བསྒྲིགས། ཤོག་ངོས༢༧ན་གསལ།
[13] གཅོད་དོན་གྲུབ་དང་སངས་རྒྱས་རིན་ཆེན་སོགས་ཀྱིས་བསྡུས་ཤིང་འདེམ་སྒྲིག་བྱས་པའི«མདོ་སྨད་ཡུལ་ངག་རྩོམ་པདྨའི་ཆུན་པོ» ཀྲུང་གོ་དམངས་ཁྲོད་རིག་རྩལ་ཞིབ་འཇུག་ཁང་མཚོ་སྔོན་ཡན་ལག་ཚོགས་པ། ཤོག་ངོས༡༡༤ན་གསལ།
[14] གཅན་ཙ་བཀྲ་བྷོས་བརྩམས་པའི«དམངས་སྲོལ་འཚོལ་སྡུད་དང་ཞིབ་འཇུག»ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༧༧-༧༨ན་གསལ།
ཟུར་ལྟའི་དཔེ་ཐོ།
[1] «བོད་ཀྱི་ཡུལ་སྲོལ་རིག་གནས་གཅེས་བསྡུས།» ཚེ་དབང་རྡོ་རྗེ་སོགས་ཀྱིས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
[2] «བོད་མའི་ཡུལ་སྲོལ་གོམས་གཤིས།» ཚེ་བརྟན་རྒྱལ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་།
[3] «ཨ་མདོའི་གོམས་སྲོལ་ཉུང་བསྡུས།» ས་གོང་དབང་འདུས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
[4] «དམངས་སྲོལ་རིག་པའི་སྤྱི་དོན།» གཅན་ཚ་བཀྲ་བྷོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
[5] «བཅར་འདྲི་ངག་གི་སྙེ་མ།» «མང་ཚོགས་སྒྱུ་རྩལ»རྩོམ་སྒྲིག་ཁང་གིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
[6] «དམངས་སྲོལ་བློ་གསལ་མགུལ་རྒྱན།» «མང་ཚོགས་སྒྱུ་རྩལ»རྩོམ་སྒྲིག་ཁང་གིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
[7] «དམངས་སྲོལ་འཚོལ་སྡུད་དང་ཞིབ་འཇུག» གཅན་ཚ་བཀྲ་བྷོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
གསལ་བཤད། རྩོམ་འདི་ཐོག་མར་ཉིས་སྟོང་བཅུ་གཉིས་ལོར་དངོས་གཞིའི་མཐར་ཕྱིན་དཔྱད་རྩོམ་དུ་བྲིས་ཤིང་། རྗེས་ནས་ཉིས་སྟོང་བཅོ་བརྒྱད་ལོའི«བོད་ཀྱི་དམངས་སྲོལ་རིག་གནས»དུས་དེབ་དང་པོ་རུ་བཀོད།
རྩོམ་མཁན་ངོ་སྤྲོད།
འཆི་མེད་རྡོ་རྗེ། ཕ་ཡུལ་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་གི་ཡིན། ཉིས་སྟོང་བཅུ་གཉིས་ལོར་མཚོ་སྔོན་མི་རིགས་སློབ་དངོས་རིམ་པ་ནས་སློབ་མཐར་ཕྱིན་ཞིང་། ལོ་དེར་དགེ་རྒན་གྱི་ལས་ཀར་ཞུགས། ཉིས་སྟོང་བཅུ་དགུ་ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་གྲུང་གོའི་གནའ་སྲོལ་ཡིག་ཆ་རིག་པའི་ཞིབ་འཇུག་ཆེས་ལས་ཀྱི་སློབ་མཐར་ཕྱིན། ད་ལྟ་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད།

ལོ་རྒྱུས་འཕེལ་འགྱུར་གྱི་དབང་གིས་སྨར་གདན་གྱི་མིང་དང་བཟོ་དབྱིབས་ལ་འགྱུར་བ་བྱུང་ཡོད་པར་མ་ཟད། དཔལ་འབྱོར་བཟང་ངན་གྱིས་ཀྱང་དེའི་གྲུབ་ཆ་དང་མཛེས་སྤྲས་བྱེད་སྲོལ་སོགས་ཀྱི་ཐད་ལ་སྔ་ན་མེད་པའི་འགྱུར་ལྡོག་བྱུང་ཡོད་པ་ནི་སྨོས་མེད་ཡིན།

གཅིག །སྨར་གདན་གྱི་གྲུབ་ཆ་དང་བཟོ་དབྱིབས།
དེའི་ཕྱིར་འདིར་བརྗོད་ཀྱི་ཡང་སྙིང་ནི་སྨར་གདན་གྱི་གྲུབ་ཆ་ཡིན་ལ། སྔགས་ས་ཚོ་བའི་ལུགས་ལྟར་སྨར་གདན་གྱི་གྲུབ་ཆ་གཙོ་བོར་བཟུང་ནས་བརྗོད་ན། ཐོག་མར་དེ་ལ་སྨར་གདན་གྱི་གདན་དང་དུང་བསྒྲིགས་པ་གཉིས་ལས་གདན་གྱི་གྲུབ་ཆ་ནི། ཆེ་ཕྱོགས་ནས་སྟོད་སྨད་གཉིས་སུ་བྱས་ནས་གྲུབ་ཡོད་དེ། དེའི་སྟོད་ཕྱོགས་སུ་ཞིང་ཚད་ལ་སོར་བཞི་ཙམ་དང་། རིང་ཚད་ལ་གོང་མཐོ་གཉིས་དང་ཕྱེད་ཙམ་ཡོད་པའི་རས་ལེབ་ཤར་མ་ལྔ་ལ་ནང་མ་བརྒྱབ་ཞིང་བསྒྲིགས་ཏེ་ཡོད་པའི་ནང་ནས། ར་བ་དཀྱིལ་དུ་ཡོད་ལ་དེ་ནི་རང་གི་མིང་བོའི་སྐལ་ཞེས་ཁ་ཐུམ་ནག་པོའི་སྟེང་དུ་གཡུང་དྲུང་ཕབས་ཤིང་འགྲམ་དུ་དར་ཚོན་སྣ་ལྔའི་སྐུད་པའི་འཇའ་སྒྲིག་བྱས་ཏེ་གཞན་པ་བཞི་ལས་ལེགས་པ་ཞིག་ཡིན་དགོས། དེའི་གཡས་གཡོན་གཉིས་སུ་སོ་སོར་རིམ་པ་བཞིན་གོང་ཐག་རེ་དང་འཐེན་ཐག་རེ་བྱས་ནས་ཕན་ཚུན་གཤིབ་དེ་བཙེམས་ཡོད། དེ་རྣམས་ཀྱི་སྨད་དུ་རས་ཤར་ལེབ་མ་གསུམ་ཡོད་ལ་སོ་སོར་གོང་མཐོ་གསུམ་དང་ཕྱེད་ཙམ་ཡོད་ལ་རིང་ཐུང་ཆ་མཉམ་ཡིན། དཀྱིལ་རའི་གཡས་གཡོན་གཉིས་སུ་མཐའ་ར་གཉིས་ཡོད། མཐའ་ར་གཉིས་ཀྱི་བཟོ་དབྱིབས་འདྲ་འདྲ་ཡིན་ལ་དཀྱིལ་ར་ནི་དེ་གཉིས་ལས་ཡན་གར་བ་ཞིག་ཡིན། དེ་བཞིན་མཐའ་ར་གཉིས་ནི་རང་གི་ཕོ་སྐྱེས་ཀྱི་སྐལ་ཡིན་ཟེར་ལ་དེའི་མགོའི་དབྱིབས་ནི་མདའ་མགོ་དང་འདྲ་ཞིང་མིང་ལ་ཐོམ་བུའི་མགོ་དང་འདྲ་ཟེར་ནས་ཐོམ་མགོ་ཟེར། དེའི་མགོ་གྲུ་བཞི་ཡིན་ན་གཉེན་སྒྲིག་བྱས་མེད་པའི་སྨར་གདན་ཡིན་ཟེར། དཀྱིལ་རའི་མགོ་གྲུ་བཞི་ཡིན་ལ་དེའི་གཡས་གཡོན་གཉིས་སུ་རྣ་ཞེས་ཕར་ཚུར་ཅུང་བརྐྱངས་ནས་ཡོད་ལ་དེ་ནི་སྨར་གདན་སྒྲིག་སྐབས་འགྲིག་ཆ་ཡོང་ཕྱིར་བཞག་པ་ཡིན་ཟེར། དེ་དག་ཐོག་མར་བཟོ་དུས་རས་སུམ་བརྩེགས་སམ་ཡང་ན་བཞི་བརྩེགས་བྱས་ནས་སོ་སོའི་ངོས་བག་ཆུའི་སྦྱར་རྗེས་ཉི་མར་སྐེམ། དེའི་ངོས་ནི་རས་དམར་པོ་ཡིན་དགོས་ལ་དེ་ལ་སྨར་གདན་གྱི་ལྐུ་ཟེར།

གཉིས། སྟེང་དུ་གསེར་སྐུད་སོགས་ཀྱི་གཙགས་དྲུབས་བྱེད་སྲོལ།
དེ་དག་གྲུབ་རྗེས་ད་གཟོད་ཇེ་མཛེས་དང་ཇེ་ལེགས་སུ་གཏོང་དགོས་ལ། ཐོག་མར་ཁ་ཐུམ་རྒྱག་དགོས་ཏེ་ཁ་ཐུམ་གྱི་སྟེང་དུ་གསེར་སྐུད་ཀྱི་གཡུང་དྲུང་ཕབས་པ་རེད། གཡུང་དྲུང་ལ་རིགས་འགའ་མཆིས་ཏེ། གཡུང་དྲུང་ཁ་སྤྲོད་དང་། གཡུང་དྲུང་ལུ་གུ་མ་ཞེས་ལུ་གུའི་ཚ་རུ་བཞིན་འཁྱིལ་དབྱིབས་ཅན་ཞིག་དང་། སྤྱིར་བཏང་གི་གཡང་དྲུང་བཅས་ཕབས་སྲོལ་ཡོད། དེའང་མཐའ་ར་གཉིས་ཆ་མཉམ་ཡིན་དགོས་ལ་དཀྱིལ་རའི་རི་མོ་དེ་གཉིས་ལས་ཐ་དད་ཡིན་དགོས། ཁ་ཐུམ་གྱི་རྩར་དར་མཚོན་སྣ་ལྔའི་སྐུད་པའི་འཇའ་སྒྲིག་བྱས་ཡོད་ལ་དེ་དག་སོ་སོའི་བར་དུ་གསེར་སྐུད་ཀྱིས་འབུར་མ་ཕབས་པའང་ཡོད། དེ་ནི་ཧ་ཅང་རྒྱས་པའི་ལས་སྟངས་ཤིག་ཡིན་ཟེར། དར་མཚོན་སྣ་ལྔའི་སྐུད་པ་རེ་རེ་ལའང་མཚོན་དོན་ངེས་ཅན་རེ་ཡོད་དེ“སྐུད་མདོག་དཀར་པོས་བུ་མོའི་ལྷག་བསམ་མཚོན་ཡོད་ལ། སྔོན་པོས་བདེན་ལུགས་ཀྱི་དོན་དུ་དཔའ་མི་ཞུམ་པ་མཚོན། སེར་པོས་ཕྱི་ཐག་རིང་བ་དང་གཉེན་ཚང་ནས་ཁ་ལས་རླུང་རྟ་དར་བ་མཚོན་ཡོད། དམར་པོས་ལས་ལ་བརྩོན་པ། ལྗང་ཁུས་བློ་སེམས་དཀར་བ”[11]སོགས་མཚོན་ཏེ། མདོར་ན་འཇའ་སྒྲིག་ཞེས་པའི་དར་མཚོན་སྣ་ལྔའི་སྐུད་པ་རེ་རེའི་བོད་ཀྱི་བུ་མོའི་གཤིས་རྒྱུད་ཆུ་མིག་ལྟར་དྭངས་ཤིང་། བལ་དཀར་ལྟར་འཇམ་པ། ངང་རྒྱུད་ཆུ་བོ་ལྟར་རིང་ཞིང་། ལྷག་བསམ་འོ་མཚོ་བཞིན་དཀར་བའི་ལྷད་མེད་གཤིས་བཟང་གི་སྤྱོད་པ་མཚོན་པར་མ་ཟད། ལས་ལ་བརྩོན་ཞིང་ཁྱིམ་ཐབས་ལ་མཁས་པའི་རང་གཤིས་དེ་མཚོན་པར་བྱས་ཡོད།

གསུམ། རྡོ་དུང་སོགས་ཀྱི་འདོགས་ཚུལ།
དེ་བཞིན་དུ་སྐྲ་བཤད་བྱེད་པའི་སྐབས་སུའང“སྨན་ཁྱེད་ཀྱི་མགོ་རྔ་བཤད་རྒྱུ་ན། །སྨར་གདན་དགུང་གི་འཇའ་ཕྲུག་རེད། །ཐ་ན་ལུག་ཆུང་འཚོགས་འདྲ་རེད། །ཅ་ལ་གློག་ཞག་འཁྱུག་འདྲ་རེད། །ཕྲག་དུང་གཡུ་འབྲུག་ཚང་ཉལ་རེད། །དཀྱིལ་དུང་དུང་དཀར་ཁ་སྤོར་རེད། །རྒྱབ་དར་དར་ཚོན་སྣ་ལྔ་རེད”ཞེས་བ་ལྟར་སྔོན་ཆད་རལ་བ་དང་གོང་ཐག་སོགས་ཀྱི་སྟེང་དུ་དམར་པོའམ་དམར་ཆགས་དང་། དུང་ཞེའུའམ་དུང་ཕྲུག །རྡོ་དུང་། དོང་ཙེ་སོགས་འདོགས་སྲོལ་ཡོད་ཟེར་ལ། རྗེས་སོར་ཁྱིམ་ཚང་རང་ཉིད་ཀྱི་ཆ་རྐྱེན་འཛོམས་མིན་ལ་ལྟོས་ནས་དངུལ་གྱི་ཐ་ན་སོགས་འདོགས་ལ་ཐ་ན་ཆེ་ཆུང་བཅོ་ལྔ་ཡས་མས་འདོགས། རལ་བའི་སྟེང་གི་དེ་ཐ་ན་གཞན་དག་ལས་ཅུང་ཆེ་བ་བཞིའམ་ཡང་ན་ལྔ་འདོགས་པ་རེད། དམངས་ཁྲོད་ངག་རྩོམ་དུའང“སྟོད་དབུས་གཙང་ཡུལ་ནས་དུང་ཞིག་བུད། །དུང་གཅིག་བུད་ནས་དབུས་ལ་སོང་། །སྟོད་དབུས་གཙང་བླ་མའི་ཚོགས་དུང་བྱས། །དུང་རེ་རེ་བུས་དུས་ཚོགས་རེ་འཚོགས། །དུང་གཅིག་གི་བསམ་དོན་དེ་ནས་འགྲུབ། །དུང་གཅིག་བུད་ནས་བོད་ལ་སོང་། །བོད་ཀྱི་བུ་མོའི་ཕྲག་དུང་བྱས། །དུང་རེ་རེ་བཞག་དུས་སྐྲ་རེ་ཕབས། །དུང་གཅིག་གི་བསམ་དོན་དེ་ནས་འགྲུབ། །དུང་གཅིག་བུད་ནས་རྒྱ་ལ་སོང་། །རྒྱ་ནག་རྒྱལ་བོའི་ཁྲིམས་དུང་བྱས། །དུང་རེ་རེ་བུས་དུས་ཁྲིམས་རེ་བཅད། །དུང་གཅིག་གི་བསམ་དོན་དེ་ནས་འགྲུབ”ཞེས་པ་ལྟར། མཐར་ར་གཉིས་དང་དཀྱིལ་རའི་སྟེང་དུ་དུང་འདོགས་སྲོལ་ཡོད་དེ། དེའང་ཁྱིམ་ཚང་གི་ཆ་རྐྱེན་ལྟར་དྲུག་དུང་དང་། དགུ་དུང་། བཅུ་གཉིས་བཅས་འདོགས་སྲོལ་ཡོད། སྔོན་ཆད་རྡོ་དུང་ཞེས་དུང་དཀར་གྱི་ཕྱེད་ཀ་གཤགས་ནས་འདོགས་པ་དང་། མཐའ་ར་གཉིས་ཀྱི་མགོར་བཏགས་ཡོད་པའི་དུང་དེ་ལ་ཕྲག་དུང་ཟེར་ལ་དཀྱིལ་རའི་མགོར་བཏགས་ཡོད་པ་དེ་ལ་དཀྱིལ་དུང་ཟེར། ཕྲག་དུང་གཉིས་ནི་རང་གི་ཕོ་སྐྱེས་ཀྱི་སྐལ་ཡིན་ལ་དེར་སྐྲ་དུང་ཟེར་བའང་ཡོད་དེ། དེ་འདོགས་དུས་གཉེན་བསྒྲིགས་ཟིན་པའི་བུ་མེད་ཁ་རྒྱས་དབང་ཐང་དར་ཡོད་པའམ་སྐྲ་གཙང་ཞིག་གིས་འདོགས་དགོས། དཀྱིལ་དུང་ནི་མིང་བོའི་སྐལ་ཡིན་ཞེས་རང་ཡུལ་ནས་འཁྱེར་དགོས། ཕྲག་དུང་གཉིས་ཀ་དང་དཀྱིལ་དུང་གསུམ་ནི་སྨར་གདན་གྱི་སྟེང་ནས་མེད་དུ་མི་རུང་བའི་དུང་གསུམ་ཡིན་ཞིང་། དེ་གསུམ་དམིགས་སུ་བཀར་ནས་དུང་གཞན་ལས་ཆེ་བ་ཞིག་ཡིན་དགོས་ཏེ་མ་བཏགས་པའམ་མེད་ན། རང་གི་ཕོ་སྐྱེས་དང་མིང་བོ་སོགས་ལ་དམོད་བོར་ཡིན་ཞེས་བཤད་ལ། རྒྱུ་མཚན་དེའི་དབང་གིས་སྔོན་ཆད་སྨར་གདན་གྱི་གསར་སྙིང་བརྗེ་སྐབས་སྨར་གདན་འདོགས་པ་པོ་ཙོག་པུར་བསྡད་ནས་མྱུར་མོར་ཕྲག་དུང་དང་དཀྱིལ་བརྗེས་མ་ཐག་སྐེ་ལ་མ་བཏགས་ན་ཐན་ལྟས་ཤིག་ཏུ་བརྩི་བས་རྒྱུན་དུ་དེ་གསུམ་གྱི་འདོགས་ཐག་གི་བཟང་ངན་ལ་ལྟ་བ་རེད།
དཀར་བོ་དྲུག་ཤོག་དང་དམར་པོ་སུམ་ཤོག་ཟེར་བ་ཞིག་ཀྱང་ཡོད་དེ། དཀར་པོ་དྲུག་ཤོག་ཟེར་དུས་མཐའ་ར་གཉིས་ཀྱི་མགོ་རྔ་རུ་རྡོ་དུང་རེ་བྱས་ནས་དྲུག་འདོགས་པ་རེད། དམར་པོ་སུམ་ཤོག་གམ་དམར་པོ་འབྲི་རིན་ཟེར་བའང་ཡོད་ལ་ཕ་ཕྱུག་པོ་ཚང་གི་མཚོན་རྟགས་ཡིན་ཟེར་དེ། དེ་ནི་སོ་སོའི་མགོ་རྔའི་རྡོ་དུང་རེ་རེའི་བར་དུ་སུམ་ཤར་རེ་འདོགས་སྲོལ་ཡོད། དམར་པོ་སུམ་ཤོག་ཅེས་པའི་དམར་པོ་ནི་གོང་དུ་བརྗོད་ཟིན་པའི་དམར་པོའམ་དམར་ཆག་དང་། སྐྲུག་བྱུར། བྱུར་འདྲ་སོགས་ཡིན་ལ། དམར་ཆག་གམ་དམར་པོ་ནི«འཁྲུངས་དཔེ་དྲི་མེད་ཤེལ་དཀར་མེ་ལོང»དུ་དེ་ནི“པདྨ་ར་ག་གཙོ་ཕལ་གཉིས་ཡོད་པའི་ནང་ནས་ཕལ་བ་ཡིན་ཏེ་མིང་ལ་སོག་པའི་པད་རག་ཟེར་ལ་བསྡུས་མིང་པད་རགས་ཟེར”[12]ཞེས་སོ། །དེ་བཞིན་དུ་སྐྲ་བཤད་བྱེད་པའི་སྐབས་སུའང“སྨན་ཁྱེད་ཀྱི་མགོ་རྔ་བཤད་རྒྱུ་ན། །སྨར་གདན་དགུང་གི་འཇའ་ཕྲུག་རེད། །ཐ་ན་ལུག་ཆུང་འཚོགས་འདྲ་རེད། །ཅ་ལ་གློག་ཞག་འཁྱུག་འདྲ་རེད། །ཕྲག་དུང་གཡུ་འབྲུག་ཚང་ཉལ་རེད། །དཀྱིལ་དུང་དུང་དཀར་ཁ་སྤོར་རེད། །རྒྱབ་དར་དར་ཚོན་སྣ་ལྔ་རེད”ཞེས་བ་ལྟར་སྔོན་ཆད་རལ་བ་དང་གོང་ཐག་སོགས་ཀྱི་སྟེང་དུ་དམར་པོའམ་དམར་ཆགས་དང་། དུང་ཞེའུའམ་དུང་ཕྲུག །རྡོ་དུང་། དོང་ཙེ་སོགས་འདོགས་སྲོལ་ཡོད་ཟེར་ལ། རྗེས་སོར་ཁྱིམ་ཚང་རང་ཉིད་ཀྱི་ཆ་རྐྱེན་འཛོམས་མིན་ལ་ལྟོས་ནས་དངུལ་གྱི་ཐ་ན་སོགས་འདོགས་ལ་ཐ་ན་ཆེ་ཆུང་བཅོ་ལྔ་ཡས་མས་འདོགས། རལ་བའི་སྟེང་གི་དེ་ཐ་ན་གཞན་དག་ལས་ཅུང་ཆེ་བ་བཞིའམ་ཡང་ན་ལྔ་འདོགས་པ་རེད། དམངས་ཁྲོད་ངག་རྩོམ་དུའང“སྟོད་དབུས་གཙང་ཡུལ་ནས་དུང་ཞིག་བུད། །དུང་གཅིག་བུད་ནས་དབུས་ལ་སོང་། །སྟོད་དབུས་གཙང་བླ་མའི་ཚོགས་དུང་བྱས། །དུང་རེ་རེ་བུས་དུས་ཚོགས་རེ་འཚོགས། །དུང་གཅིག་གི་བསམ་དོན་དེ་ནས་འགྲུབ། །དུང་གཅིག་བུད་ནས་བོད་ལ་སོང་། །བོད་ཀྱི་བུ་མོའི་ཕྲག་དུང་བྱས། །དུང་རེ་རེ་བཞག་དུས་སྐྲ་རེ་ཕབས། །དུང་གཅིག་གི་བསམ་དོན་དེ་ནས་འགྲུབ། །དུང་གཅིག་བུད་ནས་རྒྱ་ལ་སོང་། །རྒྱ་ནག་རྒྱལ་བོའི་ཁྲིམས་དུང་བྱས། །དུང་རེ་རེ་བུས་དུས་ཁྲིམས་རེ་བཅད། །དུང་གཅིག་གི་བསམ་དོན་དེ་ནས་འགྲུབ”ཞེས་པ་ལྟར། མཐར་ར་གཉིས་དང་དཀྱིལ་རའི་སྟེང་དུ་དུང་འདོགས་སྲོལ་ཡོད་དེ། དེའང་ཁྱིམ་ཚང་གི་ཆ་རྐྱེན་ལྟར་དྲུག་དུང་དང་། དགུ་དུང་། བཅུ་གཉིས་བཅས་འདོགས་སྲོལ་ཡོད། སྔོན་ཆད་རྡོ་དུང་ཞེས་དུང་དཀར་གྱི་ཕྱེད་ཀ་གཤགས་ནས་འདོགས་པ་དང་། མཐའ་ར་གཉིས་ཀྱི་མགོར་བཏགས་ཡོད་པའི་དུང་དེ་ལ་ཕྲག་དུང་ཟེར་ལ་དཀྱིལ་རའི་མགོར་བཏགས་ཡོད་པ་དེ་ལ་དཀྱིལ་དུང་ཟེར། ཕྲག་དུང་གཉིས་ནི་རང་གི་ཕོ་སྐྱེས་ཀྱི་སྐལ་ཡིན་ལ་དེར་སྐྲ་དུང་ཟེར་བའང་ཡོད་དེ། དེ་འདོགས་དུས་གཉེན་བསྒྲིགས་ཟིན་པའི་བུ་མེད་ཁ་རྒྱས་དབང་ཐང་དར་ཡོད་པའམ་སྐྲ་གཙང་ཞིག་གིས་འདོགས་དགོས། དཀྱིལ་དུང་ནི་མིང་བོའི་སྐལ་ཡིན་ཞེས་རང་ཡུལ་ནས་འཁྱེར་དགོས། ཕྲག་དུང་གཉིས་ཀ་དང་དཀྱིལ་དུང་གསུམ་ནི་སྨར་གདན་གྱི་སྟེང་ནས་མེད་དུ་མི་རུང་བའི་དུང་གསུམ་ཡིན་ཞིང་། དེ་གསུམ་དམིགས་སུ་བཀར་ནས་དུང་གཞན་ལས་ཆེ་བ་ཞིག་ཡིན་དགོས་ཏེ་མ་བཏགས་པའམ་མེད་ན། རང་གི་ཕོ་སྐྱེས་དང་མིང་བོ་སོགས་ལ་དམོད་བོར་ཡིན་ཞེས་བཤད་ལ། རྒྱུ་མཚན་དེའི་དབང་གིས་སྔོན་ཆད་སྨར་གདན་གྱི་གསར་སྙིང་བརྗེ་སྐབས་སྨར་གདན་འདོགས་པ་པོ་ཙོག་པུར་བསྡད་ནས་མྱུར་མོར་ཕྲག་དུང་དང་དཀྱིལ་བརྗེས་མ་ཐག་སྐེ་ལ་མ་བཏགས་ན་ཐན་ལྟས་ཤིག་ཏུ་བརྩི་བས་རྒྱུན་དུ་དེ་གསུམ་གྱི་འདོགས་ཐག་གི་བཟང་ངན་ལ་ལྟ་བ་རེད།
བཞི། དངུལ་དུང་གི་སྒྲིག་ཚུལ།
དུས་ཀྱི་འཕེལ་འགྱུར་རམ་དཔལ་འབྱོར་གྱི་ཆ་རྐྱེན་དང་བསྟུན་ནས་སྔོན་གྱི་མཛེས་འཛིན་གྱི་ལྟ་བ་རིམ་བཞིན་འགྱུར་ནས་རྡོ་དུང་གི་རྗེས་སུ་དངུལ་དུང་དར་ཞིང་། ད་ལྟ་རྡོ་དུང་བཏགས་ཡོད་པའི་སྨར་གདན་ཧ་ཅང་དཀོན། དངུལ་དུང་ལའང་དྲུག་དུང་། དགུ་དུང་། བཅུ་གཉིས་བཅས་འདོགས་སྲོལ་ཡོད་པར་གྲགས་ལ། དགུ་དུང་ནི་རྒྱུན་འདོགས་ཀྱི་དམར་གདན་ཡིན་ལ། བཅུ་གཉིས་འདོགས་སྲོལ་ནི་ཤོམ་འགྲན་ནམ་མི་མང་འཚོགས་ས་དང་། ཡང་ན་དགའ་སྟོན་དང་དུས་སྟོན་སོགས་སུ་འདོགས་པར་གྲགས་ཀྱང་། བུ་མེད་གང་དེའི་སྐྱེ་གཟུགས་ཀྱི་རིང་ཐུང་ལ་བལྟོས་ནས་དགུ་དུང་དང་བཅུ་གཉིས་བཅས་འདོགས་པའང་ཡོད་པ་རེད།
གཞན་ཡང་དེ་དག་གི་འོག་ཏུ་སྐྲ་རྔ་ཡོད་ལ། དེ་ལ་རྔ་ལེབ་ཞེས་རྒྱུན་མ་གཅིག་ཅན་དང་རྔ་ཐོར་ཞེས་སོ་སོར་ཡོད་པ་བཅས་རིགས་མི་འདྲ་བ་གཉིས་ཡོད་པས། རིང་ཐུང་ལ་གོང་མཐོ་གཉིས་ཙམ་དང་ཞིང་ཚད་ནི་གོང་གི་དཀྱིལ་ར་སོགས་དང་འདྲ་འདྲ་ཡིན་དགོས། དེ་ལའང་སྟོད་སྨད་གཉིས་སུ་ཕྱེས་པའི་སྟོད་དུ་གསེར་སྐུད་ཀྱིས་གཙགས་དྲུབས་བྱས་པའི་ལཉྫ་དང་། དཔལ་བེའུ་ཧོར་ཡིག་སོགས་ཕབས་སྲོལ་ཡོད་ཟེར་ལ་ཧོར་ཡིག་ཕབས་མཁན་ཉུང་ཤས་ཡིན། རྔ་ཐོར་ཡིན་པའི་སྐབས་སུ་མཐའ་ར་གཉིས་ཀྱི་སྐྲ་རྔའི་སྟེང་དུ་ཕབས་པའི་རི་མོ་ཆ་མཉམ་ཡིན་དགོས་ཤིང་། དཀྱིལ་རའི་སྐྲ་རྔ་ཐ་དད་ཡིན་ལ་རས་སྣ་ཚོགས་ཀྱིས་ཏུའུ་སྒྲིག་ཞེས་གཙགས་དྲུབས་བྱས་ཡོད་པ་ཞིག་ཀྱང་ཡོད། དེ་བཞིན«ངག་རྩོམ་པདྨའི་ཆུན་པོ»ལས“རྒྱབ་དམར་གདན<སྨར་གདན>ལེབ་མོ་གྲུ་བཞིའི་ཐོག །དཀྱིལ་དུང་གཡུ་འབྲུག་ཁ་སྤྲོད་འདོགས། །མཐའ་དུང་བཀྲ་ཤིས་རྟགས་བརྒྱད་འདོགས། །དེའི་རྔ་མར་སྟོང་སྐོར་ཅ་ལ་འཕེན། །”[13]ཞེས་དེའི་སྨད་དུ་ཅ་ལ་གཏོར་ནས་ཡོད་ལ་ཅ་ལའི་འོག་གི་རས་དམར་པོ་ཡིན། སྔོན་ཆད་ང་ཚོའི་ས་ཁུལ་དུ་མང་ཆེ་བའི་སྨར་གདན་གྱི་སྐྲ་རྔ་རྔ་ཐོར་ཅན་བཏགས་པ་ཤུགས་ཆེ་སྟེ། སྨར་གདན་ལ་རྔ་ཐོར་དང་རྔ་ལེབ་ཟེར་བའང་ཡོད་པ་རེད།
བཞི་པ། སྨར་གདན་གྱི་འདོགས་ལུགས་བཤད་པ།
བླ་མ་རེ་ལ་ཕྱག་ལེན་རེ། ས་ཆ་རེ་ལ་ལུགས་སྲོལ་རེ། སྡེ་བ་རེ་ལ་གོམས་སྲོལ་རེ་ཞེས་པའི་དཔེ་ལྟར། ས་ཆ་རེ་ལའང་གོན་པ་གྱོན་སྟངས་དང་རྒྱན་ཆ་འདོགས་སྲོལ་སོགས་ཐུན་མོང་མ་ཡིན་པ་རེ་ཡོད་དུ་སྲིད་ལ། ཐུན་མོང་མ་ཡིན་པ་དེ་ནི་ས་དེ་གའི་ཐུན་མོང་མ་ཡིན་པའི་ཡུལ་གོམས་གཤིས་ལུགས་རེད། དེའི་ཕྱིར་མདོ་དབུས་ཁམས་གསུམ་གྱི་ལྭ་བ་བཟོ་སྟངས་དང་གྱོན་སྲོལ་མི་འདྲ་བར་མ་ཟད། ཨ་མདོ་ས་ཆའི་རོང་འབྲོག་གཉིས་ལའང་སྐ་རགས་འཆིང་ཕྱོགས་སོགས་ཀྱི་སྟེང་ནས་ཁྱད་པར་ཡོད་པ་སྟེ། དཔེར་ན། འབྲོག་ཕྱོགས་ནས་རྩེ་ཁོག་དང་རྨ་ལྷོ། འབའ་རྫོང་། མགོ་ལོག་སོགས་ཀྱི་སྐ་རགས་འཆིང་སྟངས་ཅུང་འདྲ་བ་དང་། མཚོ་སྔོན་པོའི་གཡས་རུ་གཡོན་རུ་གཙོ་བྱས་མཚོ་ལྷོའི་རྫོང་ཁག་འགའ་ཤས་ཀྱི་སྐ་རགས་འཆིང་སྲོལ་སོགས་འདྲ་བ་རེད།
དེ་བས་རྒྱན་ཆའི་འདོགས་སྟངས་སོགས་ཀྱང་དེ་ལས་མ་འདུས་ཏེ། འདིར་སྔགས་ས་ནང་ལུང་གི་སྨར་གདན་འདོགས་ལུགས་ཅུང་ཟད་ངོ་སྤྲོད་བྱས་ན། དེའི་འདོགས་ལུགས་ལ་ཆེ་ཕྱོགས་ནས་གཉིས་ཡོད་དེ། རྒྱུན་འདོགས་དང་འདུན་འདོགས་གཉིས་སོ། །
གཅིག །རྒྱུན་འདོགས་ནི་སྔོན་ཆད་ཀྱི་ལུགས་སྲོལ་གཞིར་བྱས་བརྗོད་ན། བུད་མེད་གང་དེའི་སྐྲ་ཕབས་པའམ་གཉེན་བསྒྲིགས་པའི་ཉིན་དེ་ནས་བཟུང་འདོགས་དགོས་ཏེ་ཐ་ན་དུས་ཚོད་སྐར་ཆ་འགའ་ལའང་བུད་མེད་དེའི་སྐེ་ནས་ལེན་མི་རུང་བར་མ་ཟད། མཚན་མོར་གཉིད་དུས་སུ་ཡང་འདོགས་ལོང་ཇེ་རིང་དུ་བཏང་ནས་སྔས་འགྲམ་དུ་འཇོག་པ་ལས་དེ་དང་གཏན་ནས་ཁ་འབྲལ་མི་རུང་ཟེར་ལ། དེ་ལྟར་མ་བྱས་ན་རང་གི་ཕོ་སྐྱེས་ལ་དམོད་བོར་བ་ཡིན་ཟེར། ལྷག་པར་དུ་རིག་གནས་གསར་བརྗེའི་ཡར་སྔོན་དུ་སྲོལ་འདི་གཙོ་བོར་འཛིན་པ་རེད། དེའི་ཕྱིས་སུའང་རྒན་པ་འགའི་རྒྱུན་འདོགས་བྱས་ཡོད་པ་བདག་གིས་ཀྱང་མཐོང་མྱོང་།
སྤྱིར་བཏང་འབྲོག་ཕྱོགས་སུ་སྐྲ་ཕབས་པའི་ཉིན་ནས་བཟུང་སྟེ་སྨར་གདན་འདོགས་དགོས་ལ། དེ་ནི་བུ་མེད་གནས་སྨའམ་གཉེན་བསྒྲིགས་བྱས་ཟིན་པའི་རྟགས་མཚན་ཡིན་པས་ངེས་པར་དུ་འདོགས་པ་རེད། འོན་ཀྱང་གནས་ལ་མ་སོང་བར་རང་ཁྱིམ་དུ་གནས་པའི་བུད་མེད་དེའི་ཡང་སྨར་གདན་འདོགས་སྲོལ་ཡོད་མོད་རྒྱུན་འདོགས་མ་བྱས་ནའང་ཆོག་པ་རེད། དེའི་སྨར་གདན་དང་གཉེན་བསྒྲིགས་ཟིན་པའི་སྨར་་གདན་གཉིས་མི་འདྲ་སྟེ། གཉེན་བསྒྲིགས་བྱས་ཟིན་པའི་སྨར་གདན་གྱི་མཐའ་རའི་མགོ་གཉིས་ནི་ཐོམ་མགོའམ་མདའ་མགོ་ལྟར་དབྱིབས་ཟུར་གསུམ་ཡིན། གཞན་པ་དེའི་མཐའ་རའི་མགོ་གཉིས་གྲུ་བཞི་ཡིན་ལ་དེའི་མིང་ལ་ཐོད་ལོག་སྨར་གདན་ནམ་ཡང་ན་གོ་གདན་ཟེར་ལ་དེའི་སྟེང་དུ་བཏགས་ཡོད་པའི་ཕྲག་དུང་སོགས་ལ་སྲང་དུང་ཟེར་བ་རེད། གོ་གདན་ཟེར་བ་ནི་གནས་ཡུལ་མ་རྙེད་པར་ཁྱིམ་དུ་ལུས་ཡོད་པའི་བུད་མེད་རྣམས་ལ་གོ་རྒས་ཟེར་ཞིང་དེའི་གདགས་བྱའི་སྨར་གདན་ལ་གོ་གདན་ཟེར། ང་ཚོའི་འབྲོག་ཕྱོགས་སུ་གནས་ལ་མ་སོང་ན་སྐྲ་ཕབ་པའི་སྲོལ་མེད་ལ་རོང་ཕྱོགས་སུ་དེ་ལྟ་མ་ཡིན་པར་བུ་མོའི་ན་ཚོད་སྨིན་པ་ན་གནས་ཡུལ་མ་རྙེད་ཀྱང་སྐྲ་ཕབ་པའི་སྲོལ་ཡོད་ཟེར་ལ་དེའི་འདོགས་ཆ་དེ་ལ་ཐོད་ལོག་ཟེར་ཞིང་། འདི་ལའང་ཡི་གེ་འབྲི་སྲོལ་རིགས་འགའ་མཆིས་ལ“ཐོབ་ལོག”དང་“ཐོར་ལག” “ཐོ་ལོག”སོགས་ཡོད་པས་དེ་དག་ལས་གང་ཞིག་དག་མིན་ནི་དཔྱོད་ལྡན་རྣམས་ཀྱི་ལས་སྐལ་དུ་ལྷག་གོ །
གཉིས། འདུན་འདོགས་ཞེས་པ་ནི་རང་གི་ཡུལ་ཕྱོགས་ཀྱི་བླ་དཔོན་དང་གཉེན་ཉེ་དུ། ཆེ་རྒན་གཞོན་སོགས་འཇིག་རྟེན་མི་ཡུལ་དང་བྲལ་རྗེས་འདོགས་པའི་ལུགས་སྲོལ་ཞིག་ལ་འདུན་འདོགས་ཟེར་ཞིང་འདི་ལ་ས་དེ་གར་གཅིག་མཐུན་གྱི་འདོགས་ལུགས་ཤིག་མེད་མོད། འོན་ཀྱང་གཙོ་ཆེ་བའི་དབང་དུ་བྱས་ནས་ཅུང་ཟད་བརྗོད་ན། གོང་དུ་ཞུས་ཟིན་པ་ལྟར་ཕྲག་དུང་གཉིས་རང་གི་ཕོ་སྐྱེས་ཀྱི་སྐལ་ཡིན་པ་དང་དཀྱིལ་དུང་ནི་མིང་བོའི་སྐལ་ཡིན་ཟེར་ལ་ད་དུང་རལ་བའང་མིང་བོའི་སྐལ་ཡིན་པ་རེད། དེའི་ཕྱིར་རང་གི་མིང་བོ་མ་འཚམས་ན་རལ་བ་སྟོང་བར་ཕུད་པ་དང་དཀྱིལ་དུང་ལེན་དགོས་ཟེར། གཞན་ད་དུང་རལ་བ་དང་དཀྱིལ་ར་གཉིས་སྟོང་བར་ཕུད་ནས་སྐྲ་རྔ་བླས་ཡོད་པའང་ཡོད། རང་གི་ཕ་མ་མ་འཚམས་ནའང་རལ་བ་དང་དཀྱིལ་ར་སྟོང་བར་ཕུད་སྲོལ་ཡོད་ལ། ཨ་ཁུ་དང་ཨ་ཞང་ཡིན་ན་རལ་བའི་སྟོད་དང་དཀྱིལ་རའི་སྟེང་ནས་དུང་ལེན་པར་མ་ཟད་དཀྱིལ་རའི་སྐྲ་རྔའང་བླས་ནས་ཡོད་པ་རེད། ཡང་འགའ་ཤས་ཤིག་གིས་རལ་བ་དང་དཀྱིལ་ར་གཉིས་ཀ་བླངས་རྗེས་མཐའ་ར་གཉིས་ཀ་དང་འཐེན་ཐག་གོང་ཐག་སོགས་ཕྱོགས་གཅིག་ཏུ་བསྡུས་ནས་བར་དུ་སྐུད་དྲ་བྱས་ནས་འདོགས་པ་ལས་རང་གི་ཕོ་སྐྱེས་འཚམས་ན་སྨར་གདན་ལེན་པའི་སྲོལ་མེད་པ་རེད། རང་གི་ཕོ་སྐྱེས་མ་འཚམས་པ་ཡིན་ན་ཕྲག་དུང་གཉིས་ལེན་དགོས་པར་མ་ཟད་སྨར་གདན་ཡང་འདོགས་མི་རུང་བས་ཕོ་སྐྱེས་མ་འཚམས་པའི་ཉིན་དེ་ནས་བཟུང་སྨར་གདན་རྒྱབ་ནས་ལེན་དགོས་ལ་མི་ཚེ་དེར་སྨར་གདན་འདོགས་པའི་ཉིན་དེ་ཚར་བ་རེད།
དེ་དག་ནི་རིག་གསར་ཡར་སྔོན་གྱི་ལུགས་སྲོལ་ཡིན་ཟེར་ཞིང་རིག་གསར་རྗེས་ནས་བཟུང་སྟེ་ལོ་ལོན་རྒན་པ་འགས་བཏགས་ཡོད་པ་ལས་གཞན་པས་རྒྱུན་འདོགས་བྱས་ཡོད་པ་ཧ་ཅང་དཀོན་པར་འདུག །ཡིན་ནའང་བུ་མོ་གནས་ལ་འགྲོ་སྐབས་དང་ལོ་གསར་ཚེ་གཅིག་གི་ཉིན་གང་བོར། གཉེན་སྟོན་གྱི་སྐབས་སུ་ཇ་སྐོལ་ནས་ཇ་མཆོད་སོགས་འཕེན་པའི་དུས་སོགས་སུ་སྨར་གདན་འདོགས་པ་ལས་སྨར་གདན་འདོགས་པའི་ལུགས་སྲོལ་ཉམས་ཚར་འདུག ལྷག་པར་དུ་ད་ལྟའི་དུས་འདིར་བུ་མོ་རྣམས་བག་གསར་བཅའ་བའི་སྐབས་དང་ཇ་སྐོལ་མཆོད་འཕེན་གྱི་སྐབས་སུ་མ་གཏོགས་སྨར་གདན་མི་དགོས་པ་རེད།
མཇུག་བསྡུ་བ།
དེ་ཡང་ཇི་སྐད་དུ། ལྷ་ཆོས་ལ་ཤེས་གལ་ཆེ། མི་ཆོས་གོམས་གལ་ཆེ། ལོ་རྒྱུས་ལ་ཞིབ་གལ་ཆེ་ཞེས་པ་ལྟར་ནུས་ཚོད་དང་ལྕོག་ཚོད་ཀྱིས་བོད་མི་རང་གི་ཡུལ་གོམས་གཤིས་ལུགས་ལ་རྒྱུས་ལོན་དང་། སྔོགས་འདོན། དག་སྒྲིག་བྱེད་རྒྱུ་ནི་མ་མཐའི་འོས་འགན་ཡིན་ཕྱིར་མི་རིགས་ཤིག་གི་གོན་པ་གྱོན་སྟངས་དང་། རྒྱན་ཆ་འདོགས་ལུགས། གཞིས་ཀ་བསྐྲུན་སྲོལ། བཟའ་བཅའ་བཏུང་བ། འགྲོ་འཆག་ཉལ་འདུག གླུ་གར་གཞས་གསུམ་སོགས་མཐའ་དག་ཡུལ་གོམས་གཤིས་ལུགས་ཀྱི་ཁོངས་སུ་བསྡུ་འོས་བར་སེམས་ཏེ། འདི་དག་ནི་དུས་ཀྱི་འགྱུར་བ་དང་བསྟུན་ནས་འཕེལ་འགྲུབ་འབྱུང་ནི་གདོན་མི་ཟ་བས། འཕེལ་འགྲིབ་རེ་རེ་ནི་ལོ་རྒྱུས་ཀྱི་ཆགས་འཇིག་རེ་རེ་ཡིན་ཞིང་། ཆགས་འཇིག་རེ་རེ་ནི་མི་རིགས་གང་དེའི་རིག་གནས་ཀྱི་གོད་ཆག་རེ་རེ་ཡིན་པས། དམངས་སྲོལ་རིག་གནས་ནི་འཛམ་གླིང་འདིར་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས་སུ་འགྲོ་བའི་སྐབས་འདིར་ང་ཚོས་ཀྱང་། ཕྱོགས་ཡོངས་ནས་དམངས་སྲོལ་རིག་གནས་འདི་ཉམས་པ་སླར་གསོ་དང་། མ་ཉམས་གོང་འཕེལ་དུ་གཏོང་དགོས་ཏེ། དུས་རབས་རེ་རེའི་གླུ་ཚིག་རེ་རེས་དང་འཚོ་བའི་ཡོ་བྱེད་རེ་རེས་དུས་རབས་དེའི་འཚོ་བའི་ཆུ་ཚད་དང་བསམ་པའི་དཔལ་ཡོན་ལ་ཚོད་དཔག་བྱེད་ཐུབ་པས་དམངས་སྲོལ་རིག་གནས་ནི་མིའི་རིགས་ལོ་རྒྱུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ཅེས་བཤད་ནའང་མི་ཆོག་རྒྱུ་མེད་པར་སེམས།
རྒྱུ་མཚན་དེའི་དབང་གིས་རྒན་བཀྲ་བྷོ་ལགས་ཀྱིས་ཀྱང། “སྤྱིར་དམངས་སྲོལ་ནི་བོད་མི་རིགས་ཀྱི་གདོད་མའི་སྤྱི་ཚོགས་ནས་ད་ལྟ་བར་གསར་གཏོད་ཀྱི་རིག་གནས་དང་། བསམ་བློའི་གནས་ཚུལ། འཚོ་བའི་དཔེ་རིས། སྤྱི་ཚོགས་ཀྱི་འབྲེལ་འདྲིས་སོགས་གསལ་བར་བྱེད་པའི་མེ་ལོང་ཡིན་ལ། དེས་བོད་མི་རིགས་ཀྱི་སེམས་ཁམས་དང་། འཇིག་རྟེན་ལྟ་ཚུལ། རིན་ཐང་ལྟ་ཚུལ། མི་ཚེའི་ལྟ་ཚུལ། ཀུན་སྤྱོད་འདུ་ཤེས་བཅས་མངོན་པར་མཚོན་ཡོད”[14]ཅེས་པ་ལྟར། ཕྱི་སྐོར་གངས་རི་ར་བའི་ཡོངས་སུ་སྐོར་ཞིང་། ནང་སྐོར་རྫ་ཆུ་བསིལ་མ་ལྷུང་ལྷུང་བཞུར་བའི་རི་མཐོ་ས་གཙང་གི་ཡུལ་གྲུ་འདིར་འཚོ་ཞིང་གནས་བའི་བོད་མི་རང་ལ་མཚོན་ནའང་། གནའ་སྔ་མོའི་དུས་ནས་རང་བྱུང་ཁོར་ཡུག་གི་གནས་བབ་དང་བསྟུན་ནས་རི་དྭགས་རྣམས་སྒོ་ཕྱུགས་སུ་ཕབ་ཚུལ་དང་། འཚོ་བའི་སྤྱོད་སྟངས་དང་རོལ་ཕྱོགས། རྒྱན་གོས་གཙགས་དྲུབས་དང་འདོགས་ལུགས་སོགས་མི་རིགས་རང་གི་ཁྱད་ཆོས་སུ་འཐིམས་ཡོད་ལ། དེ་ཡང་ཁ་ཇེ་གསལ་དང་། འཐུས་ཇེ་ཚང་། སྟབས་ཇེ་བདེ་རུ་སླེབས་ཡོད་མོད། ཡ་རབས་ཀྱི་ཞལ་ཏ་ཐུར་ལ་སྟོན་ཞིང་མ་རབས་ཀྱི་རྐང་བ་འགོ་རུ་གེར་བའི་ཉེར་གཅིག་དུས་ཀྱི་ཙ་རླབས་དྲག་པོས་བསྲེགས་དང་སྲེག་བཞིན་པའི་སྐབས་འདིར། ང་ཚོས་ངེས་པར་དུ་འབད་པ་ཆེར་བསྐྱེད་ཀྱིས་འདི་དང་འདིའི་རིགས་ཀྱི་ཡུལ་སྲོལ་རྣམས་རྩད་གཅོད་དང་སྡུད་སྒྲིག་གང་ལེགས་བྱ་དགོས་པར་སེམས་སོ། །
ཟུར་མཆན།
[1] སྔགས་ས་དགེ་བཤེས་འཇམ་དབྱངས་དོན་ཡོད་ཀྱི«མགུར་འབུམ» ཤིང་དཔར།
[2][3][4][5] ཐུབ་བསྟན་ཕུན་ཚོགས་ཀྱི«བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག» སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༡༣༡དང༡༣༢ན་གསལ།
[6][7] གཅོད་པ་དོན་གྲུབ་དང་སངས་རྒྱས་རིན་ཆེན་སོགས་ཀྱིས་བསྡུས་ཤིང་འདེམ་སྒྲིག་བྱས་པའི«མདོ་སྨད་ཡུལ་ངག་རྩོམ་པདྨའི་ཆུན་པོ» ཀྲུང་གོ་དམངས་ཁྲོད་རིག་རྩལ་ཞིབ་འཇུག་ཁང་མཚོ་སྔོན་ཡན་ལག་ཚོགས་པ། ཤོག་ངོས༨༥-༨༦ དང་། ༩༦ན་གསལ།
[8][9][10] «དག་ཡིག་གསར་བསྒྲིགས» མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༦༠༧ ༥༩༩ ༣༨༣སོགས་སུ་གསལ།
[11] ༢༠༡༡ལོའི«མང་ཚོགས་སྒྱུ་རྩལ» དེབ་བཞི་པའི་ཤོག་ངོས༡༠༩ན་གསལ།
[12] དགའ་བ་རྡོ་རྗེས་བརྩམས་པའི«འཁྲུང་དཔེ་དྲི་མེད་ཤེལ་གྱི་མེ་ལོང» ཆབ་མདོ་སྨན་རྩིས་ཁང་གིས་བསྒྲིགས། ཤོག་ངོས༢༧ན་གསལ།
[13] གཅོད་དོན་གྲུབ་དང་སངས་རྒྱས་རིན་ཆེན་སོགས་ཀྱིས་བསྡུས་ཤིང་འདེམ་སྒྲིག་བྱས་པའི«མདོ་སྨད་ཡུལ་ངག་རྩོམ་པདྨའི་ཆུན་པོ» ཀྲུང་གོ་དམངས་ཁྲོད་རིག་རྩལ་ཞིབ་འཇུག་ཁང་མཚོ་སྔོན་ཡན་ལག་ཚོགས་པ། ཤོག་ངོས༡༡༤ན་གསལ།
[14] གཅན་ཙ་བཀྲ་བྷོས་བརྩམས་པའི«དམངས་སྲོལ་འཚོལ་སྡུད་དང་ཞིབ་འཇུག»ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༧༧-༧༨ན་གསལ།
ཟུར་ལྟའི་དཔེ་ཐོ།
[1] «བོད་ཀྱི་ཡུལ་སྲོལ་རིག་གནས་གཅེས་བསྡུས།» ཚེ་དབང་རྡོ་རྗེ་སོགས་ཀྱིས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
[2] «བོད་མའི་ཡུལ་སྲོལ་གོམས་གཤིས།» ཚེ་བརྟན་རྒྱལ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་།
[3] «ཨ་མདོའི་གོམས་སྲོལ་ཉུང་བསྡུས།» ས་གོང་དབང་འདུས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
[4] «དམངས་སྲོལ་རིག་པའི་སྤྱི་དོན།» གཅན་ཚ་བཀྲ་བྷོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
[5] «བཅར་འདྲི་ངག་གི་སྙེ་མ།» «མང་ཚོགས་སྒྱུ་རྩལ»རྩོམ་སྒྲིག་ཁང་གིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
[6] «དམངས་སྲོལ་བློ་གསལ་མགུལ་རྒྱན།» «མང་ཚོགས་སྒྱུ་རྩལ»རྩོམ་སྒྲིག་ཁང་གིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
[7] «དམངས་སྲོལ་འཚོལ་སྡུད་དང་ཞིབ་འཇུག» གཅན་ཚ་བཀྲ་བྷོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
གསལ་བཤད། རྩོམ་འདི་ཐོག་མར་ཉིས་སྟོང་བཅུ་གཉིས་ལོར་དངོས་གཞིའི་མཐར་ཕྱིན་དཔྱད་རྩོམ་དུ་བྲིས་ཤིང་། རྗེས་ནས་ཉིས་སྟོང་བཅོ་བརྒྱད་ལོའི«བོད་ཀྱི་དམངས་སྲོལ་རིག་གནས»དུས་དེབ་དང་པོ་རུ་བཀོད།
རྩོམ་མཁན་ངོ་སྤྲོད།
འཆི་མེད་རྡོ་རྗེ། ཕ་ཡུལ་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་གི་ཡིན། ཉིས་སྟོང་བཅུ་གཉིས་ལོར་མཚོ་སྔོན་མི་རིགས་སློབ་དངོས་རིམ་པ་ནས་སློབ་མཐར་ཕྱིན་ཞིང་། ལོ་དེར་དགེ་རྒན་གྱི་ལས་ཀར་ཞུགས། ཉིས་སྟོང་བཅུ་དགུ་ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་གྲུང་གོའི་གནའ་སྲོལ་ཡིག་ཆ་རིག་པའི་ཞིབ་འཇུག་ཆེས་ལས་ཀྱི་སློབ་མཐར་ཕྱིན། ད་ལྟ་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།