རྒྱན་གོས་རྒྱས་བཤོམ་བྱེད་སྒོ་ཞིག་ལྷ་ས་ནས་འཚོགས་པ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2026-01-08
ཀློག་གྲངས།:
2026ལོའི་ཟླ་དང་པོའི་ཚེས1ཉིན་ནས་ཚེས3ཉིན་བར། ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པའི“ལོ་གསར་པའི་ཉམས་བཟང་། ངོ་མཚར་གྱི་རྒྱན་གོས”ཞེས་པའི2026ལོའི་ལྷ་སའི་གནམ་ལོ་གསར་པའི་རྒྱན་གོས་རྒྱས་བཤོམ་ཕུན་སུམ་ཚོགས་པོའི་ངང་འཚོགས་པ་རེད།

ཟླ་དང་པོའི་ཚེས1ཉིན་ནས་ཚེས2ཉིན་བར་རྫོང་རྒྱབ་ཀླུ་ཁང་དུ་བྱེད་སྒོ་འགོ་ཚུགས་ཤིང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དང་། ཆུ་ཤུར་རྫོང་། ལྷུན་གྲུབ་རྫོང་། འདམ་གཞུང་རྫོང་སོགས་ནས་ཡོང་བའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པས་མི་རབས་ནས་མི་རབས་བར་སྲུང་སྐྱོབ་བྱས་པའི་ལག་རྩལ་གྱི་ནོར་བུ་ཁྱེར་ནས་གར་སྟེགས་ཐོག་ངོམ་སྟོན་བྱས་ཡོད། སྐྱོར་མོ་ལུང་ལྷ་མོའི་གླུ་དབྱངས་བབ་ཆགས་པ་དང་། ཀོ་གྲུའི་ཞབས་བྲོའི་སྟངས་སྟབས་ཉམས་དང་ལྡན་པ། ནང་མ་དང་སྟོད་གཞས་ཀྱི་སྒྲ་དབྱངས་སྙན་འཇེབས་ལྡན་པ་སོགས་མངོན་མིན་ཤུལ་བཞག་རིག་གནས་ཀྱི་སྒྱུ་རྩལ་རེ་རེ་བཞིན་མངོན་སྟོན་བྱས་ནས་དེ་གར་ཞུགས་པའི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད།
དེ་རྗེས་ལྷ་སའི་ཞིང་འབྲོག་བུད་མེད་ཀྱི་འཐུས་མིས“གྲོང་ཚོའིT”འཁྲབ་སྟོན་བྱས་ཤིང་། ཁོང་ཚོས་ཆེས་བབ་ཆགས་པའི་གོམ་སྟབས་ལས་རྒྱུན་གཏན་ངལ་རྩོལ་ཁྲོད་ཀྱི་གྱོན་ཆས་ཀྱི་མཛེས་ཉམས་མངོན་ཞིང་། མགོ་རྒྱན་དང་། བཟོ་ལྷེ། པང་གདན་སོགས་ཀྱི་མཚོན་མདོག་ལས་རྒྱུན་ལྡན་འཚོ་བའི་གཟུགས་ཉམས་མངོན་པ་དང་། “གྲོང་ཚོའིT”འཁྲབ་སྟོན་གྱིས་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་གྱོན་ཆས་ཀྱི་ཉམས་འགྱུར་ངོ་མ་མངོན་པ་དང་། “མི་དམངས་ནི་རིག་གནས་གསར་གཏོད་ཀྱི་བྱེད་པོ་ཡིན”ཞེས་པའི་འདུ་ཤེས་གཏིང་ཟབ་གསོན་ཉམས་དོད་པོས་བརྒྱུད་སྤྲོད་བྱས་ཡོད།

གྱོན་ཆས་འགྲེམས་སྟོན་ཆེན་པོ་གཉིས་ཕུད། ད་དུང“གཞོན་ནུ་ཚོའི་སོར་རྩེ་ནས་མཛེས་སྡུག་ལྡན་པའི་གངས་ལྗོངས་མངོན”ཞེས་པའི་གྱོན་ཆས་བར་བཅུག་རི་མོའི་སྒྱུ་རྩལ་འགྲེམས་སྟོན་དང“ལོ་གསར་གྱི་ལག་རྟགས”ཞེས་པའི་ལོ་གསར་གྱི་གྱོན་ཆས་གཙོར་བྱས་པའི་ཚོང་འདུས་འཚོགས་ཡོད། བྱེད་སྒོའི་ཡུལ་དངོས་སུ་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་པ་དང་གྲོང་མི་ཚོས་གཞོན་ནུ་གསར་གཏོད་པའི་བརྩམས་ཆོས་ཕུལ་བྱུང་ལ་མྱོང་རོལ་བྱས་པར་མ་ཟད། ཚོང་པ20ལྷག་ཙམ་གྱིས་ཁྱེར་ཡོང་བའི་སྲོལ་རྒྱུན་གྱི་ལག་ཤེས་དང་རིག་གནས་གསར་གཏོད་ཐོན་རྫས་ཉམས་ལེན་བྱས་ནས་གངས་ལྗོངས་ཀྱི་གྱོན་ཆས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱས་ཡོད།

ཟླ་དང་པོའི་ཚེས3ཉིན། ད་ཐེངས་ཀྱི་གྱོན་ཆས་འགྲེམས་སྟོན་བྱེད་སྒོ་དེ་ལྷ་ས་ཝང་ཕུའུ་ཅིང་ཉོ་སྒྲུབ་ལྟེ་གནས་སུ་སྤེལ་བ་རེད། ལུས་སུ་ས་གནས་ཁག་གི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་པའི་མོ་ཐྲོལ་དག་ནི“གྲོང་ཁྱེར་གྱི་མིང་བྱང” “རིག་གནས་ཀྱི་ཕོ་ཉ”ལྟ་བུ་ཡིན་ཞིང་། ཁོང་ཚོའི་མཚར་སྡུག་ལྡན་པའི་ཉམས་འགྱུར་ལས་གངས་ལྗོངས་ཀྱི་རྒྱན་གོས་འདི་ཉིད་ས་ཁུལ་ནས་འཛམ་གླིང་དུ་བསྐྱོད་པ་དང་། གྲོང་ཁྱེར་གྱི་ཁྲོམ་རའི་ཁྲོད་དུ་བསྐྱོད་པར་བྱས་ཏེ། བྱེད་སྒོ་ཡོངས་ལ་བཀྲ་ཤིས་པའི་རྫོགས་ཚིག་བཀོད་ཡོད།

འབྲེལ་ཡོད་འོས་སྦྱོར།
