བོད་ཀྱི་གོས་རྒྱན་གྱི་ས་ཁོངས་ཁྱབ་ཚུལ་དང་རིག་གནས་རིན་ཐང་སྐོར་གླེང་བ། ཀུན་བཟང་རྡོ་རྗེ།
རྩོམ་པ་པོ།:ཀུན་བཟང་རྡོ་རྗེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-05-15
ཀློག་གྲངས།:
༄༅། །རིག་གནས་སྐྱེ་ཁམས་རིག་པའི་མཐོང་སྣེ་ནས་བོད་ཀྱི་གོས་རྒྱན་གྱི་ས་ཁོངས་ཁྱབ་ཚུལ་དང་རིག་གནས་རིན་ཐང་སྐོར་གླེང་བ།
ཀུན་བཟང་རྡོ་རྗེ།
[ནང་དོན་གནད་བསྡུས།] སྤྱིར་གོས་རྒྱན་རིག་གནས་ནི་ས་ཁོངས་རིག་གནས་ཀྱི་མེ་ལོང་ལྟ་བུ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བའི་ཁྲོད་རིམ་གྱིས་བྱུང་བའི་རིག་གནས་ཀྱི་ཐོན་དངོས་ཁྱད་པར་བ་ཞིག་ཡིན། གོས་རྒྱན་གྱིས་ཆེས་མངོན་སུམ་གྱི་མཐོང་ལམ་ནས་མདོ་དབུས་མཐོ་སྒང་གི་ཡུལ་སྲོལ་གོམས་གཤིས་དང་ལོ་རྒྱུས་རྒྱབ་ལྗོངས། མཛེས་དཔྱོད་ཀྱི་ལྟ་བ། སྐྱེ་ཁམས་རིག་གནས་སོགས་མཚོན་ཐུབ་སྟེ། འདིར་རིག་གནས་སྐྱེ་ཁམས་རིག་པའི་ངོས་ནས་མདོ་དབུས་མཐོ་སྒང་གི་གོས་རྒྱན་གྱི་ས་ཁོངས་ཁྱབ་ཚུལ་ལ་མཐོ་སྒང་འབྲོག་ཁུལ་དང་ཞིང་འབྲོག་ཁུལ། ཞིང་ནགས་ཁུལ། ཞིང་ལས་ཁུལ་བཅས་རྣམ་པ་བཞི་རུ་དགར་ཏེ། ས་ཁོངས་མི་འདྲ་བའི་རང་བྱུང་ཁོར་ཡུག་གིས་གོས་རྒྱན་གྱི་ཁ་དོག་དང་དབྱིབས་གཟུགས། མཛེས་ཉམས་སོགས་ལ་ཤུགས་རྐྱེན་ཐེབས་ཚུལ་དང་། དེ་ལས་སྣང་བའི་གོས་རྒྱན་རིག་གནས་ཀྱི་མཚོན་དོན་སོགས་བརྗོད་པ་ལ་འབྲེལ་ཡོད་ཀྱི་ཡིག་ཚང་དང་ཡུལ་དངོས་རྟོག་དཔྱོད་ཀྱི་མཐོང་ཐོས་རྒྱབ་རྟེན་དུ་བཟུང་སྟེ། མདོ་དབུས་མཐོ་སྒང་གི་གོས་རྒྱན་རིག་གནས་ནི་སྐྱེ་ཁམས་རིག་གནས་ཀྱི་མ་ལག་གྲུབ་ཚུལ་ལ་ལྟ་བའི་མེ་ལོང་ལྟ་བུ་ཞིག་ཡིན་པའི་ཐད་དཔྱད་ཞིབ་བགྱིས་ཡོད།
[བརྡ་ཆད་གཙོ་བོ།] གོས་རྒྱན་རིག་གནས། ས་ཁོངས་ཁྱབ་ཚུལ། མཚོན་དོན།
གླེང་གཞི།
དང་པོ། བོད་ཀྱི་གོས་རྒྱན་རིག་གནས་སྤྱིར་བསྟན་པ།
ཉེ་བའི་ཆར་བོད་ལྗོངས་ཉ་དེའུ་ནས་རྙེད་པའི་རྡོ་ཆས་རྙིང་མའི་གནའ་ཤུལ་དང་རྒན་གྱའི་བྲག་དཀར་ནས་རྙེད་པའི་དྷ་ནྀ་སྭ་ཝ་མི་ཡི་མ་མགལ་སོགས་ལ་དཔག་ན་འགྲོ་བ་མིའི་རིགས་མདོ་དབུས་མཐོ་སྒང་ནས་འཚོ་སྡོད་བྱས་པའི་ལོ་རྒྱུས་ནི་ང་ཚོའི་སེམས་སུ་ཤར་བ་ལས་ཀྱང་ཆེས་ཆེར་སྔ་བ་ཤེས་ཐུབ་ལ། དེ་ལྟ་བུའི་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད་དུ་མཐོ་སྒང་འདིར་གཞིས་ཆགས་ཤིང་། གནས་འདིའི་སྣོད་བཅུད་ཀྱི་མཛེས་སྡུག་ལ་ཐིམས་པའི་མི་རབས་རེ་རེས་རང་རང་གི་བློ་གྲོས་ཀྱི་སྟོབས་ལ་བརྟེན་ནས་མཚར་སྡུག་ཅིང་ངོ་གནོང་མི་དགོས་པའི་ངོ་མཚར་བའི་རྐང་རྗེས་བཞག་ཡོད། དེའི་གོ་རིམ་ཁྲོད་དུ་དངོས་པོའི་དཔལ་ཡོན་གྱི་མཚོན་བྱེད་དུ་སྣང་བའི་གོས་རྒྱན་རིག་གནས་ནི་འཚོ་བའི་གཏིང་རིམ་ལ་མཐའ་གྲུ་མེད་པར་ཡོངས་སུ་ཐིམས་ཡོད།
མིའི་རིགས་ཀྱི་ཤེས་རིག་དང་དཔལ་ཡོན་ནི་མི་རྣམས་ཀྱི་གཞི་རྩའི་དགོས་མཁོ་སྟེ་ཟས་གོས་འགྲོ་སྡོད་ལས་བྱུང་ཞིང་། གོས་རྒྱན་ནི“མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཚད་ངེས་ཅན་ཞིག་ལ་ཐོན་པའི་ཐོན་དངོས་ཤིག་ཡིན་པ་མ་ཟད། མིའི་རིགས་དཔལ་ཡོན་གྱི་དུས་རིམ་ཞིག་ལ་སླེབས་པའི་མངོན་སྟངས་ཤིག་ཀྱང་ཡིན”[1]པས་མིའི་རིགས་ཀྱི་འཚོ་གནས་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ཐོན་ཡོད། མི་རིགས་ཤིག་གི་རྟགས་མཚན་དང་མཚོན་བྱེད་ནི་སྐད་ཀྱི་དབྱེ་བའི་སྟེང་ནས་ངོས་འཛིན་བྱེད་པ་ལས་གཞན་གོས་རྒྱན་གྱིས་སྟེང་ནས་ཀྱང་ངོས་འཛིན་བྱེད་ཀྱིན་ཡོད། བོད་མི་རིགས་ལ་མཚོན་ན་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཕུན་སུམ་ཚོགས་པ་ཡོད་པའི་མི་རིགས་ཤིག་ཡིན་པས། ཁ་དོག་དང་རྣམ་པ། མཚོན་དོན་ཕུན་སུམ་ཚོགས་པ་ཡོད་པའི་བོད་ཀྱི་རྒྱན་གོས་ཀྱིས་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་གཏམ་རྒྱུད་དང་ས་ཁོངས་རིག་གནས། ཡུལ་སྲོལ་གོམ་གཤིས་སོགས་རིག་གནས་མང་པོ་ཞིག་མཚོན་ཐུབ་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རྒྱན་གོས་རིག་གནས་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད། «ཐང་ཡིག་གསར་རྙིང»ལས“བྷོད་འབངས་རྣམས་ཡུལ་གྲང་སར་སྡོད་ཅིང་། མི་རྣམས་དབྱར་བལ་ཕྱིང་དང་དགུན་སློག་པ་གྱོན།”[2]ཞེས་པ་ལས་ཀྱང་གནའ་སྔ་མོའི་དུས་ནས་བོད་འབངས་རྣམས་ཀྱིས་ས་བབ་ཁོར་ཡུག་གི་གནས་བབ་དང་བསྟུན་ཏེ་ཁྱད་ཆོས་ལྡན་པའི་རྒྱན་གོས་རིག་གནས་བསྐྲུན་པ་ནི་བོད་ཀྱི་ཤེས་རིག་གི་བྱུང་འཕེལ་དང་ལོ་རྒྱུས་ཀྱི་སྣང་བརྙན། ཆོས་ལུགས་དད་མོས་སོགས་མཚོན་པའི་ས་ཁོངས་རིག་གནས་ཀྱི་མེ་ལོང་ལྟ་བུར་ཆགས་ཡོད། མདོ་དབུས་མཐོ་སྒང་ནི་ཕྱུགས་ལས་གཉེར་བ་གཙོ་བོ་ཡིན་པས་སྲོལ་རྒྱུན་གྱོན་གོས་ཀྱི་རྩ་བ་ནི་པགས་རིགས་ཀྱིས་གྲུབ་ཡོད་ཅིང་། དེའི་སྟེང་ལ་བལ་ལས་བྱས་པའི་ཕྱིང་བ་དང་སྣམ་བུ་སོགས་གྱོན་ཆས་ཀྱི་རྒྱུ་ཆ་གཙོ་བོ་ཡིན་ལ། ཕོ་མོའི་དགུན་ཆས་ལ་གཙོ་བོ་སློག་པ་དང་དབྱར་ཆས་ལ་སྣམ་ཕྲུག་དང་དར་གོས་གཙོ་བོར་བྱེད། ཕོ་ཆས་རྣམས་ཁོབ་ཆེ་ཞིང་ཕུ་རུང་རིང་བ་དང་མོ་ཆས་རྣམས་ལྟོས་འཇོག་གིས་ཁོབ་ཆུང་ཞིང་ཕུ་རུང་ཐུང་། སྐྱེས་ཕོ་རྣམས་ཀྱིས་ལྭ་བ་ཅུང་བསྡོགས་ཏེ་ལྭ་འདབས་པུས་མོ་སླ་ངའི་མཚམས་སུ་སླེབས་ཙམ་བྱས་ནས་སྐ་རགས་བཅིངས་པ་དང་། སྐྱེས་མ་རྣམས་ཀྱིས་ལྭ་འདབས་རྐང་བའི་བོལ་ལ་རེག་ཙམ་བྱས་ནས་སྐ་རགས་བཅིངས་པ་ཡིན། ས་ཆ་སོ་སོ་དང་དེའི་ནང་གསེས་ཀྱི་ཡུལ་སྡེ་མི་འདྲ་བའི་སྐ་རགས་བཅིངས་སྲོལ་ལ་ཁྱད་པར་མངོན་གསལ་མཆིས། སྟོད་ལྭ་ལ་ལྭ་རིང་དང་ཚི་ལེན། སྟོད་ཀོར་སོགས་དང་དོར་མ་ལ་རས་དང་སྣམ་བུ། པགས་པ་སོགས་ལས་བཟོས་པ་ཡོད། ཞྭ་མོ་ལ་ཕྱིང་ཞྭ་དང་རྨོག་རིལ་ཨམ་ཅོག་ཅན། ཨར་ཞྭ། དོམ་སྤགས་ཀྱིས་བཟོས་པའི་གཟི་དོམ། ཝ་ཞྭ། ཚར་ཞྭ། ཐང་ཞུ། རྒྱ་གར་ཞྭ་མོ་སོགས་གོན་པར་དགའ། གཞན་ལས་རིགས་དང་ཐོབ་ཐང་མི་འདྲ་བའི་དབང་གིས་ཞྭ་མོ་ལ་ཞྭ་འབོག་དང་ཞྭ་མོ་ལྕགས་མདའ་སོགས་དང་། ཆོས་ལུགས་པར་ཞྭ་ནག་དང་ཞྭ་སེར། ཞྭ་དཀར། ཞྭ་མོ་སྣེ་རིང་། ཞྭ་ཙོག ཞྭ་ཟླུམ་སོགས་ཡོད། ལྷམ་ལ་ཡང་རས་ཟོམ་དང་ཀོ་ལྷམ། འཇའ་ཆེན། སག་ལྷམ། འཇུར་རྟ་སོགས་གྱོན་པར་སྤྲོ། བོད་ཀྱི་རྒྱན་ཆའི་རྒྱུ་གཙོ་བོ་ནི་གསེར་དངུལ་དང་ཟངས། དུང་། གཡུ་བྱུར། གཟི། མཆོང་། སྤོས་ཤེལ། པདྨ་རཱ་ག་དང་མརྒཏ། མུ་ཏིག མུ་མེན་སོགས་རིན་པོ་ཆེའི་རིགས་ཀྱིས་ལེགས་པར་བརྒྱན་པས་མཚར་སྡུག་གི་ཁ་དོག་ལྡན་ཞིང་རྒྱུ་སྤུས་ལེགས་ལ་བཟོ་ལྟ་སྣ་ཚོགས་འཛོམས་ཡོད། དེ་མིན་མཆོར་ཉམས་ལྡན་ཞིང་འོད་སྟོང་འཕྲོ་བའི་སྒྱུ་རྩལ་གྱི་རིན་ཐང་དང་། མཛེས་དཔྱོད་ལྟ་བ་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་རིན་ཐང་ཡང་ཆེས་ཆེར་ལྡན།
གཞན་ཡང“རྣ་བར་རྣ་རྒྱན་བཟོ་དབྱིབས་མི་འདྲ་བ་ཨ་ལོང་། སོག་བྱིལ། ཨེ་ཀོར། ལྕགས་ཐག་མ་སོགས་རིགས་མང་ཞིང་། སྐེ་ལ་སྐེ་རྒྱན་དང་མདུན་དུ་མེ་ལོང་། གའུ། གཟུ་སུམ་སྒྲོམ། ཕྲུལ་ཕྲུལ། འཕྱང་ཕྲུལ་དང་། མཁྲིག་མར་ལག་གདུབ། དུང་འཁོར། རྐང་བར་རྐང་གདུབ། མཛུབ་མོར་སོར་གདུབ་ཚིགས་ཁེབས། མཐེ་བོང་ལ་རྒྱན་དུ་མཐེབ་ཀོར་གྱོན་པའང་ཡོད། སྐེད་པར་སྐེད་འཆང་། ཆབ་མ། བཞོ་ལོང་། གློ་གཟར། གློ་གྲི། མེ་ཆ། འབའ་ཁུག ཁབ་ཤུབས། མེ་ལྕགས། སྡིག་རྭ་གློ་ཕྲེང་། ནོར་བུ་དགའ་འཁྱིལ། ལྭ་བའི་ཐུ་བར་པང་གདན”[3]སྣ་ཚོགས་རྒྱག་སྲོལ་འདུག རྒྱན་ཆ་མང་བོ་ཞིག་གི་ཐོག་མའི་འབྱུང་ཁུངས་ནི་སྔོན་གྱི་ཐོན་སྐྱེད་དང་འཚོ་བའི་ཡོ་བྱད་ལས་རིམ་བཞིན་འཕེལ་འགྱུར་བྱུང་བ་ཞིག་ཡིན་ལ། དེ་བཞིན་བོད་པའི་གྱོན་ཆས་སུ་མངོན་པའི་རི་མོ་སྣ་ཚོགས་ཀྱིས་རིག་གནས་ཀྱི་ནང་དོན་མི་འདྲ་བ་མཚོན་གྱི་ཡོད། ཞྭའི་སྟེང་དུ་བྱ་སྒྲོ་དང་ཅ་ལ་དམར་པོས་བརྒྱན་པ་དང་། གོས་ཀྱི་གོང་བར་གཡང་དྲུང་དང་འཁོར་ལོ། འདབས་ཁར་རྒྱ་གྲམ་རི་མོ་ཅན་གྱི་ཕྲུག་ཁྲ་དང་ཁ་དོག་སྣ་ཚོགས་ཀྱི་དར་སྐུད་ཀྱིས་བརྒྱན་པ། དེ་མིན་སྐུད་པ་དཀར་ནག་དམར་གསུམ་གྱིས་ཉི་འོད་དང་འཇའ་རིས། སྤྲིན་རིས་སོགས་བཀོད། “བོད་པའི་གྱོན་གོས་སྣ་ཚོགས་ཀྱི་ཕྱི་དང་ནང་། ལྭ་རིང་ལྭ་ཐུང་། སྟོད་གོས་དང་སྨད་གོས། ཞྭ་དང་ལྷམ། ཡན་ལག་གི་རྒྱན་ཆ་ལ་སོགས་གང་ཞིག་ཡིན་ཡང་སྔོ་སེར་དཀར་དམར་གྱི་རྩ་བའི་ཁ་དོག་བཞི”[4]དང་ཡན་ལག་ཁ་དོག་བརྒྱད་གང་རུང་ཞིག་མིན་མི་སྲིད་ལ། དེ་དག་གི་ཚོན་གྱི་སྡེབ་སྟངས་དང་མཚོན་དོན་ཡན་གར་བ་རེ་ཡོད་པ་ནི་དད་མོས་ཀྱི་རིག་གནས་དང་རང་བྱུང་ནམ་ཟླའི་ཤུགས་རྐྱེན་གྱིས་གྲུབ་པ་ཞིག་ཡིན། བོད་ཀྱི་རྒྱན་གོས་ལ་ངེས་གཏན་གྱི་རང་བྱུང་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན། ཐོན་སྐྱེད། གཉེར་བྱའི་ལས་རིགས་མི་གཅིག་པ་སོགས་ཀྱི་དབང་གིས་རིགས་དང་རྣམ་པ། ཁ་དོག དབྱིབས་དང་གྲུབ་ཚུལ་མི་འདྲ་བའི་རྒྱན་གོས་ཀྱི་རིགས་སྣ་ཚོགས་བྱུང་ཡོད་དེ། ཡུལ་ཁམས་དང་ལས་རིགས་ཀྱི་དབང་དུ་བྱས་ན། ཆེ་ས་ནས་རོང་ཁུལ་དང་འབྲོག་ཁུལ། ཞིང་འབྲོག་ཁུལ། ཞིང་ནགས་ཁུལ་བཅས་དང་། དགེ་འདུན་པའི་ན་བཟའ་དང་དཔོན་ཆས། དམངས་ཕལ་བའི་ཆས་གོས་བཅས་སུ་དབྱེ་ཆོག དེའི་ཁྲོད་དུ་རྒྱུན་སྤྱོད་ཀྱི་རྒྱན་གོས་དང་དུས་སྟོན་གྱི་རྒྱན་གོས་སོགས་བྱེད་ནུས་མི་གཅིག་པའི་གོས་དང་རྒྱན་ཆ་གང་མང་ཞིག་མཆིས། གོས་རྒྱན་རེ་རེའི་སྟེང་ནས་ཡུལ་ཁམས་ཁོར་ཡུག་གི་ཁྱད་ཆོས་དང་ཡུལ་སྲོལ་གོམས་གཤིས་ཀྱི་སྣང་ཚུལ་སོགས་ཞིབ་ཕྲའི་མཚོན་དོན་དང་རྣམ་པ་ཤིན་ཏུ་མང་ངོ་། །
གཉིས་པ། བོད་ཀྱི་གོས་རྒྱན་དང་རང་བྱུང་ཁོར་ཡུག་བར་གྱི་འབྲེལ་བ།
འཛམ་གླིང་གི་ཡང་རྩེའམ་སའི་གོ་ལའི་གླིང་སྣེ་གསུམ་པ་རུ་གྲགས་པའི་མདོ་དབུས་མཐོ་སྒང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི250ལྷག་དང་ཆ་སྙོམས་མཚོ་འཕགས་སྨི4000ལ་སོན་པ་དང་། ཆེས་མཐོ་སར་སྨི8448ལ་སླེབས་ཡོད། དེ་བས་མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ནི་མཐའ་མཚམས་ཀུན་ཏུ་རི་བོ་མཐོན་པོས་ཡོངས་སུ་བསྐོར་ཏེ་རི་རྒྱུད་གཅིག་ནས་གཅིག་ཏུ་འབྲེལ་ཡོད་པ་དང་། གངས་རི་དང་རྫ་རི། གཡའ་རི། སྤང་རི། གྲོག་རོང་ཟབ་མོ་དང་བྱེ་ཐང་། རྩྭ་ཐང་དང་ནགས་ཚལ། གཤོང་ས་སོགས་ཀྱིས་མཐོ་སྒང་གི་ས་གཤིས་ཀྱི་རྣམ་པ་གྲུབ་ཡོད། དེ་ནི་ཧི་མ་ལ་ཡའི་རི་ཁུལ་དང་བོད་ལྗོངས་རི་ཐང་མཚེའུ་གཞོང་རོང་ཁུལ། བོད་ལྗོངས་བྱང་ཕྱོགས་མཐོ་སྒང་དང་མཚེའུ་གཞོང་གི་ས་ཁུལ། བོད་ལྗོངས་ཤར་ཕྱོགས་ཀྱི་རི་ཆེན་གྲོག་རོང་ས་ཁུལ། མདོ་ལ་རིང་མོའི་ས་ཁུལ་དང་ཚྭ་འདམ་གཞོང་ས། མཚོ་སྔོན་ལྷོ་རྒྱུད་མཐོ་སྒང་སོགས་ཡོད་ལ། རི་རྒྱུད་ཀྱི་སྟེང་ནས་བཤད་ན། ཁུ་ནུ་རི་རྒྱུད་དང་ཁ་ལ་ཁུ་ནུ་རི་རྒྱུད། གདང་ལ་རི་རྒྱུད། གངས་ཏེ་སེ་དང་གཉན་ཆེན་ཐང་ལྟའི་རི་རྒྱུད། ཧི་མ་ལ་ཡའི་རི་རྒྱུད། མདོ་ལ་རིང་མོའི་རི་རྒྱུད། འཕྲེད་ཆོད་རི་རྒྱུད་སོགས་རི་རྒྱུད་གྲགས་ཆེན་ཡང་སྣང་། གནའ་ནས་ད་ལྟའི་བར་དུ་མཐོ་སྒང་བོད་རིགས་ཀྱི་སེམས་ངོས་སུ་བོད་ཡུལ་ནི“གནམ་གྱྀ་ནི་དབུས། ས་འྀ་ནི་དཀྱིལ། གླྀང་གི་ནི་སྙིང་པོ། གངས་ཀྱི་ནྀ་ར་བ། ཆུ་བོ་ཀུན་གྱི་ནི་མགོ་བོ། རི་མཐོ་ས་གཙང་། ཡུལ་བཟང་། མྱི་འཛངས་ཤིང་དཔའ་རུ་སྐྱེ། ཆོས་བཟང་དུ་བྱེད། རྟ་མགྱོག་སུ་འཕེལ་བ་འྀ་གནསུ།”[5]ཞེས་པ་ལྟར་རི་མཐོ་ལ་ས་གཙང་བ། ཡུལ་གྱི་ལྟེ་བ། གླིང་གི་སྙིང་པོ་ལྟ་བུ་ཞིག་ལ་ངོས་བཟུང་ཡོད་པར་མ་ཟད། རྒྱུན་སྲོལ་གྱི་ཡུལ་ཁོངས་དབྱེ་སྟངས་ལྟར་ན་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་བོད་ཡུལ་སྟོད་སྨད་བར་གསུམ་དུ་དབྱེ་བ་དང་། ཆོལ་ཁ་གསུམ་སྟེ་དབུས་གཙང་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མིའི་ཆོལ་ཁ། མདོ་སྨད་རྟའི་ཆོལ་ཁ་བཅས་སུ་དབྱེ་སྲོལ་བྱུང་། མདོ་དབུས་མཐོ་སྒང་གི་གནམ་གཤིས་ནི་འཁྱག་རླུང་ཆེ་ཞིང་དབྱར་ཐུང་ལ་དགུན་ཟླ་རིང་བ། དབྱང་དབུགས་ཉུང་བ་བཅས་ཀྱིས་སྐྱེ་དངོས་འཕེལ་ཚུལ་དལ་བ་དང་རང་བྱུང་གནོད་འཚེ་ཐེབས་སླ་བའི་ཁྱད་ཆོས་ཀྱིས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ས་གཤིས་གྲུབ་ཅིང་། དབྱར་དུས་སུའང་ཁ་བས་རི་རྩེ་ཡོངས་སུ་གཡོགས་པ་སོགས་ཡུལ་གཞན་དུ་མཐོང་དཀོན་པའི་རང་བྱུང་ཁོར་ཡུག་ཅིག་གྲུབ་ཡོད། ས་ཁོངས་མང་ཆེ་བའི་ཆ་སྙོམས་ཀྱི་དྲོད་ཚད་ནི0℃ཡིན་ལ། དེ་ལས་གཞན་པའི་ཡར་ཀླུང་གཙང་པོ་དང་རྨ་ཙོང་གྲོག་རོང་། ཚ་འདམ་གཤོང་སའི་རྒྱུད་ཀྱི་ནམ་ཟླ་ཅུང་དྲོ་ཞིང་ལོ་རེར་ཆ་སྙོམས་ཀྱི་དྲོད་ཚད3∽5℃ཡིན། ལོ་གཅིག་གི་ནང་དུ་འཁྱག་རོམ་ཆགས་པའི་དུས་ཡུན་ཅུང་རིང་ཞིང་མཁའ་དབུགས་སྐམ་ཤས་ཆེ་བ། ཉིན་གྱི་དྲོད་ཚད་ཀྱི་ཧེ་བག་ཆེ་ཞིང་ཉི་མའི་རྩིབས་འཕྲོ་རབ་ཏུ་ཆེ་བའི་ཁྱད་ཆོས་ལྡན་ལ། དེ་མིན་སྐྱེ་དངོས་སྔོ་ཁེབས་ཀྱི་གཞི་རྒྱ་ཆུང་བ་དང་ས་ཤུན་མེད་པའི་གཞི་རྒྱ་ཆེ་བ། དྲོ་གྲང་འཕར་འགྲིབ་ཀྱི་འགྱུར་ལྡོག་མྱུར་བ། ཉིན་གཅིག་གི་དྲོད་ཚད་ཀྱི་ཧེ་བག10℃དང་ཕྱོགས་རེ་འགའ་ཞིག་ནས20℃ལའང་སླེབས་སྲིད་པའི་ཁྱད་ཆོས་ལྡན་པ་དང་། དེའི་ཕྱིར་མཚོ་བོད་མཐོ་སྒང་གི་ས་དབྱིབས་ཆགས་ཚུལ་དང་ནམ་ཟླའི་ཁྱད་ཆོས་ནི་ཡུལ་ཁམས་གཞན་དང་མི་འདྲ་བས། མཚོ་བོད་མཐོ་སྒང་གི་ས་ཁོངས་ནས་དར་འཕེལ་བྱུང་བའི་གོས་རྒྱན་གྱི་རིགས་དང་རྣམ་པ། དེའི་མཚོན་དོན་དང་རིག་གནས་ལའང་ཡུལ་ཁམས་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་པ་ཞིག་རེད།
ས་ཁོངས་ཀྱི་ནམ་ཟླའི་ཁྱད་པར་དང་ས་གཤིས་ཀྱི་བདེ་སྙོམས་སོགས་རང་བྱུང་རྒྱུ་རྐྱེན་མི་འདྲ་བ་ལ་བརྟེན་ནས་གོས་རྒྱན་གྱི་རྣམ་པའང་མི་འདྲ་བ་བྱུང་ཞིང་། སྤྱིར་བཏང་དུ་རང་བྱུང་གི་རྒྱུ་རྐྱེན་ལ་ས་ཁམས་ཁོར་ཡུག་དང་གནམ་གཤིས། སྐྱེ་ཁམས་སམ་རང་བྱུང་ཆ་རྐྱེན་སོགས་ཀྱིས་གྲུབ་པ་དང་། ས་ཁམས་ཁོར་ཡུག་གིས་གནམ་གཤིས་ཀྱི་དྲོ་གྲང་ལ་ཤུགས་རྐྱེན་ཐེབས་ཤིང་། སྐྱེ་ཁམས་དང་གནམ་གཤིས་ཀྱིས་ཐད་ཀར་དངོས་པོའི་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས། གོས་རྒྱན་རིག་གནས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་བཞིན་པ་ནི་གནམ་གཤིས་དང་དངོས་པོའི་ཐོན་སྐྱེད་གཉིས་ཡིན་ཏེ། “གནམ་གཤིས་ཀྱིས་གོས་རྒྱན་གྱི་བཟོ་དབྱིབས་དང་རྣམ་པ། ཚོན་མདངས་བཅས་ཀྱི་འདུ་ཤེས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཤིང་། དངོས་པོའི་ཐོན་སྐྱེད་ཀྱིས་གོས་རྒྱན་གྱི་གྲུབ་རྒྱུ་དང་རྒྱུ་སྤུས་ལ་ཤུགས་རྐྱེན་ཐེབས་བཞིན་མཆིས།”[6]དེ་ལས་བྱེ་བྲག་ཏུ་གླེང་ན་ནམ་ཟླའི་ཆ་རྐྱེན་ལ་ཉི་མའི་རྩིབས་འཕྲོ་དང་རླུང་ཁམས་ཆེན་མོའི་འཁོར་རྒྱུག ས་གཤིས་ཀྱི་གྲུབ་ཚུལ་སོགས་རྒྱུ་རྐྱེན་གྱིས་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་ནས་འགྱུར་ལྡོག་འབྱུང་བཞིན་ཡོད་ལ། དེའི་ཁོངས་སུ་གཙོ་བོ་དྲོད་ཚད་དང་ཆར་ཆུ། རླུང་ཕྱོགས་སོགས་འདུས་ཤིང་། དྲོད་ཚད་དང་བརླན་གཤེར་གྱིས་གོས་རྒྱན་གྱི་གནས་སྟངས་ལ་ཤུགས་རྐྱེན་ཆེས་ཆེར་ཐེབས་ངེས། དེའི་རྒྱུ་མཚན་ནི་མིའི་ཕུང་གཟུགས་ཀྱི་དྲོ་གྲང་གི་ཚོར་བ་ནི་དྲོད་ཚད་དང་བརླན་གཤེར་གྱི་འགྱུར་ལྡོག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། དྲོ་གྲང་གི་ཚོར་བའི་བབ་དང་བསྟུན་ནས་ལྭ་བའི་སྲབ་མཐུག་སྙོམས་སྒྲིག་བྱེད་དགོས་པས། མཚོ་བོད་མཐོ་སྒང་གི་ཡུལ་གྲུ་འདི་ནི“ས་ཁོངས་རྒྱ་ཆེ་ཞིང་མཁའ་དབུགས་དྲོ་གྲང་མི་སྙོམས་པ་དང་། དངོས་པོའི་ཐོན་ཁུངས་དང་སྣོད་བཅུད་ཀྱི་བཀོད་པ་འདྲ་མིན་སྣ་ཚོགས་ཀྱི་དབང་གིས་མཛེས་དཔྱོད་ཀྱི་ལྟ་བ་དང་དེ་མཚུངས་ཀྱི་སེམས་ཁམས། ལོ་རྒྱུས་ཀྱི་དོན་རྐྱེན་དང་དེ་མཚུངས་ཀྱི་འཕེལ་འགྱུར། ཡུལ་གྲུ་ཡི་བབ་དང་དེར་བརྟེན་གྱི་འཚོ་བའི་ཆུ་ཚད་སོགས་མི་འདྲ་བས།”[7]རྒྱན་གོས་ཀྱི་རིགས་སམ་རྣམ་གྲངས་ཀྱང་མང་ལ་ཕུན་སུམ་ཚོགས་པ་ཞིག་བྱུང་སྟེ། «གེ་སར་སྒྲུང»ལས། “ལུས་ལ་གོས་རབ་བཅོ་བརྒྱད་ཡོད། །དབྱར་ཚ་བ་བྱུང་དུས་མི་འཇིགས་ལེ། །ཆུ་གོས་ཆུ་ལིང་སྔོན་པོ་ཡོད། །དགུན་ལྷགས་པ་བྱུང་དུས་མི་སྐྲག་ལེ། །དམར་པོ་ལེ་ལིང་ལུས་ལ་གྱོན། །ཕ་བླ་མའི་མདུན་ལ་འགྲོ་དུས་དེར། །ཆོས་གོས་ལེའུ་དགུ་བརྩེགས་ཡོད། །གོང་དཔོན་པོའི་མདུན་ལ་འགྲོ་དུས་དེར། །ཁྲིམས་གོས་ཆུ་སྲིན་ཁ་སྤྲོད་ཡོད། །ཕ་ཁུ་བོའི་སྔོན་ལ་འགྲོ་དུས་དེར། །སྟོད་གོས་ཟ་འོག་སེར་པོ་ཡོད། །སྟག་ཤ་རའི་སྔོན་ལ་འགྲོ་དུས་དེར། །དར་གོས་ལུས་ལ་འཇམ་ལེ་ཡོད། །མ་སྲུ་མོའི་མདུན་ལ་འགྲོ་དུས་དེར། །གྲོ་ཤོས་རྒྱ་ལྗང་ཕྱུག་མོ་ཡོད། །སྨན་བུ་མོའི་མདུན་ལ་འགྲོ་དུས་དེར། །འཕྱོར་གོས་ཉི་མ་རང་ཤར་ཡོད། །”[8]ཅེས་དུས་ཚིགས་ཀྱི་ཁྱད་པར་དང་ཡུལ་ཁམས་མི་འདྲ་བའི་དབང་གིས་རྒྱན་གོས་ཀྱི་རྣམ་གྲངས་ཤིན་ཏུ་མང་པོ་བྱུང་། ལྷག་ཏུ་མཚོ་བོད་མཐོ་སྒང་གི་ཡུལ་གྲུ་འདི་ནི་ས་རྒོད་ལུང་རྩུབ་དང་དབྱང་དབུགས་མི་འདང་བ་སོགས་རང་བྱུང་ཆ་རྐྱེན་ཞན་པར་མ་ཟད། བཙན་གཉན་གདོན་གསུམ་གྱི་གནོད་པའང་མཆིས་པས། དེ་དག་གི་འཚེ་བ་འགོག་པའི་ཐབས་སུ་སྔོན་བྱོན་མེས་པོ་རྣམས་ཀྱིས་མཐོ་སྒང་དང་རིང་དུ་བརྒལ་བའི་རྒྱ་མཚོ་ཆེན་པོའི་འཇིངས་ཀྱི་བྱུ་རུ་དང་རང་བྱུང་ཁམས་ཀྱི་གཏིང་རོལ་ཏུ་གནས་པའི་གསེར་དངུལ་མུ་མེན་སོགས་རིན་པོ་ཆེ་སྣ་ཚོགས་གནོད་འགོག་གི་གྲོགས་སུ་བཀུག་ནས་བེད་སྤྱོད་བྱས། དཔེར་ན་སྔོན་ཆད་སྤོས་ཤེལ་བཏགས་ན་མིག་ལ་བཟང་ཟེར་བ་དང་། བྱུ་རུ་བཏགས་ན་སྙིང་ལ་བཟང་། གཟི་བཏགས་ན་མགོ་དང་སོ་ན་བར་ཕན་ཞེས་བཤད་སྲོལ་ཡོད་པ་བཞིན་དེ་དག་གི་ཡོན་ཏན་ནི་ནད་གདོན་འགོག་པ་དང་བར་ཆད་བཟློག་པ། བསོད་ནམས་འཕེལ་བ་སོགས་ཀྱི་ཕན་ནུས་ལྡན། «བཤའ་ཕྲེང་མུན་སེལ་སྒྲོན་མེ»རུ། “རིན་ཆེན་ལུས་ལ་གནས་པ་ན། །སྐྱེས་པ་བརྒྱ་ཡིས་མི་ཐུབ་ཅིང་། །བགེགས་ནི་སྟོང་གིས་མི་ཚུགས་སོ། །ལུས་རྩལ་ཆེ་དང་མགྱོགས་པ་དང་། །རྟ་དང་གཡག་རྣམས་པང་དུ་ཐེག །བུད་མེད་སྟོང་སྤྱད་ཁུ་མི་ཉམས། །གཞན་ཡང་ཡོན་ཏན་བརྗོད་པ་ན། །བསྐལ་པ་སྟོང་དུ་རྫོགས་པ་མེད། །”[9]ཅེས་རིན་པོ་ཆེ་ལུས་ལ་བཅངས་པའི་ནུས་པ་ཤིན་ཏུ་ཆེ་བར་བཤད། དེའི་ཕྱིར་བོད་ཀྱི་གོས་རྒྱན་གྱི་ངོ་བོ་ནི་མཛེས་དཔྱོད་ཀྱི་སྣང་བརྙན་འཛིན་པ་ཙམ་མ་ཟད་ས་བབ་ཁོར་ཡུག་གི་བབ་དང་བསྟུན་ནས་བྱུང་བའི་མཚོ་བོད་མཐོ་སྒང་གི་ས་ཁོངས་རིག་གནས་ཀྱི་མེ་ལོང་ལྟ་བུ་ཞིག་ཏུའང་སྣང་ངོ་། །
གསུམ་པ། བོད་ཀྱི་གོས་རྒྱན་གྱི་ས་ཁོངས་ཁྱབ་ཚུལ་དང་ཁྱད་ཆོས།
གོས་རྒྱན་ནི་མིའི་རིགས་དང་རང་བྱུང་ཁམས་གཉིས་ཡུན་རིང་དུ་མཉམ་དུ་གནས་པ་ལས་གྲུབ་པའི་རིག་གནས་ཀྱི་གཏེར་རྫས་ཤིག་དང་ས་ཁོངས་རིག་གནས་ཀྱི་མེ་ལོང་ལྟ་བུ་ཞིག་ཏུ་སྣང་། ནམ་ཟླའི་ཆ་རྐྱེན་དང་རང་བྱུང་ཁོར་ཡུག་གི་ས་བབ་མ་འདྲ་བ་ལས་གོས་རྒྱན་གྱི་ས་ཁོངས་ཁྱབ་ཚུལ་དང་དབྱེ་བ་ལ་མཐོ་སྒང་འབྲོག་ཁུལ་དང་ཞིང་འབྲོག་ས་ཁུལ། ཞིང་ནགས་ས་ཁུལ། ཞིང་ལས་ས་ཁུལ་བཅས་སུ་དབྱེ་ཆོག་སྟེ། དམིགས་བསལ་བྱེད་སྒོ་དང་ཡུལ་སྲོལ་གོམས་གཤིས་ཀྱི་ཆ་ནས་ལས་རིགས་རྒྱན་གོས་ཞེས་ཀྱང་ཡོད།
གཅིག ཞིང་ལས་ཁུལ་གྱི་གོས་རྒྱན།
ཞིང་ལས་ཁུལ་ནི་གཙོ་བོ་བོད་རང་སྐྱོང་ལྗོངས་ཀྱི་གཞིས་ཀ་རྩེ་དང་ལྷོ་ཁ། ཉིང་ཁྲི་ས་ཁུལ་གྱི་སྤོ་མེས་རྫོང་དང་ཆབ་མདོའི་མཛོ་སྒང་རྫོང་། རྒྱལ་མོ་རྔུལ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་རྔ་བ་ཁུལ་གྱི་འབར་ཁམས་དང་ཆུ་ཆེན། བཙན་ལྷ། ཁྲོ་ཆུ། བཀྲ་ཤིས་ཁྲི་གླིང་། དཀར་མཛེས་ཁུལ་གྱི་རོང་བྲག་ས་ཁུལ། མཚོ་སྔོན་གྱི་མཚོ་ཤར་རྒྱུད་ཀྱི་ས་ཁུལ་བཅས་འདུས། ཡུལ་ཁམས་འདི་དག་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་རྒྱུད་དང་ལྷོ་ནུབ་རྒྱུད་ཀྱི་མཐའ་མཚམས་སུ་གནས་ཡོད་པས། གནམ་གཤིས་ལ་དྲོད་བཤེར་དང་བརླན་བཤེར་གྱི་ཁྱད་ཆོས་ལྡན་པར་མ་ཟད་དུས་ཚིགས་ཀྱི་དབྱེ་བ་མངོན་པར་གསལ། ཡུལ་ཁམས་འདི་དག་ལས་གཞིས་ཀ་རྩེ་ཕྱོགས་ཀྱི་གོས་རྒྱན་ནི་ལྷ་སའི་ཉེ་འཁོར་གྱི་གོས་རྒྱན་དང་ཕལ་ཆེར་གཅིག་མཚུངས་ཡིན་མོད་ཕྱོགས་རེ་འགའ་ཞིག་ནས་མི་འདྲ་སའང་ཡོད་དེ། སྐྱེས་པའི་ལྭ་བ་གཙོ་བོ་སྣམ་བུ་དཀར་པོ་དང་ནག་པོ་ཡིན་ལ། གོང་བ་དང་ཕུ་ཁ། ཐུ་བའི་མཐའ་རྒྱན་དུ་སྣམ་བུ་ཐིག་མ་བརྒྱབ་ནས་དེའི་སྟེང་དུ་ཀུན་རུ་ཁའི་ཐིག་ཁྲས་བརྒྱན་ཡོད། མགོ་ལ་རྒྱ་སེ་ཞྭ་མོ་དང་ཡང་ཞྭ། རྒྱ་གར་ཞྭ་མོ་སོགས་གྱོན་པ་དང་། སྐྱེས་མས་ལྭ་རིང་ཕུ་མེད་དང་ཁ་མདོག་སྣ་ལྔ་ཅན་གྱི་པང་གདན་བཅངས། སྟོན་མོ་དང་དུས་ཆེན་གྱི་སྐབས་སུ་ཡུལ་འདིའི་ཁྱད་ཆོས་ལྡན་པའི་མགོ་རྒྱན་ཏེ་སྤ་སྒོར་ཞེས་པ་གྱོན་པ་དང་། ལྷོ་ཁའི་རྒྱན་གོས་ལ་ལྷ་ས་དང་གཙང་གཉིས་ཀའི་ཁྱད་ཆོས་ལྡན་པ་དང་། སྐྱེས་པས་མགོ་ལ་རྒྱ་སེར་ཞྭ་མོ་དང་ལུས་ལ་སྣམ་བུ་དཀར་པོའི་ཕྱུ་པ་སྟེ་མཐའ་རྒྱན་དུ་ཕྲུག་ཁྲས་བརྒྱན་པ་གྱོན་པ་དང་སྐྱེས་མ་ཚོས་པུས་ཤ་ཟེར་བའི་སྟོད་གོས་ཕུ་མེད་གྱོན། ཉིང་ཁྲི་ས་ཁུལ་ནི་ས་ཆ་གཞན་པ་དང་མི་འདྲ་བར་ཆར་ཞོད་མང་ཞིང་བཞའ་ཚན་ཆེ་བ། གདོད་མའི་ནགས་ཚལ་གྱི་ཁེབས་ཚད་ཀྱིས་བརྒྱ་ཆའི༤༦.༡ཟིན། རང་བྱུང་ཁོར་ཡུག་དེ་འདྲའི་འོག་ཏུ་སྐྱེས་ཕོ་མོ་གཉི་ཀས་མགོ་ཤུབས་གྱོན་ལ། མགོ་ཤུབས་ནི་གཙོ་བོ་སྣམ་བུ་ནག་པོས་བཟོས་ནས་གོས་དང་ཟ་འོག་གིས་མཐའ་རྒྱན་གཏོང་པ་མ་ཟད། སྤྲེལ་པགས་དང་དོམ་པགས་ཀྱིས་བཟོ་བའང་ཡོད། སྐྱེས་མས་པང་གདན་མི་འཆང་བར་དངུལ་ལས་བྱས་པའི་སྐེད་རྒྱན་དང་མགྲིན་རྒྱན་སོགས་འདོགས་སྲོལ་མཆིས། རྒྱལ་མོ་རྔུལ་ཆུའི་འགྲམ་རྒྱུད་དུ་གནས་པའི་དཀར་མཛེས་ཕྱོགས་ཀྱི་རྒྱན་གོས་ནི་བོད་ཀྱི་རྒྱན་གོས་སྤྱིའི་ཁྱད་ཆོས་ལྡན་ཀྱང་། དེ་ལས་རྒྱལ་རོང་བུད་མེད་ཀྱི་མགོ་དཀྲིས་བག་རས་ལ་བྱ་རྒྱལ་ཁྱུང་གི་མཚོན་དོན་དང་སྨད་གཡོགས་ནི་བུད་མེད་ཀྱི་ལོ་ན་ཆེ་ཆུང་ལྟར་བཟོ་དབྱིབས་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ལྡན། མཚོ་སྔོན་གྱི་མཚོ་ཤར་རྒྱུད་དུ་གནས་པའི་ཁྲི་ཀ་དང་གཙན་ཚ། ཡ་རྫི། སྐུ་འབུམ། རེབ་གོང་བཅས་ཀྱི་གོས་རྒྱན་ནི་མདོ་སྨད་སྤྱིའི་གོས་རྒྱན་དང་ཁྱད་པར་ཆེན་པོ་མེད་ཀྱང་། ཡུལ་ལུང་གི་ཁྱད་པར་དང་ལོ་རྒྱུས་རིག་གནས་ཀྱི་ཤུགས་རྐྱེན་གྱིས་རེབ་གོང་གི་གཞོན་ནུ་མས་འདོགས་པའི་སྐྲ་བྱུར། རྡོ་སྦིས་སྐྱེས་མའི་བཀབ་རྫི[10]དང་མགོ་སྒྱེ།[11] སྣ་ལྷམ།[12] གྲོ་ཚང་གི་ཝ་རིས། བཱ་ཡན་དང་བྱ་ཁྱུང་ཉེ་འདབས་གཙོ་བྱས་པའི་རོང་མོ་རྣམས་ཀྱིས་སྐྲ་ལུང་འདོགས། དེ་མིན་སྐུ་འབུམ་ཕྱོགས་ཀྱི་གོས་རྒྱན་ལས་བུད་མེད་ཀྱི་སྐྲ་རྒྱན་ཧ་རི་ཞེས་པ་ནི་ངག་རྒྱུན་དུ་རྗེ་ཙོང་ཁ་པའི་མ་ཡུམ་གྱི་དབུ་སྐྲའི་འདོགས་རྒྱན་ཡིན་པར་ངོས་འཛིན་པས་ཡུལ་ཁམས་དེ་རུ་རྩིས་ཐང་ཆེན་པོ་བྱེད་པ་ཞིག་ཡིན།

གཉིས། ཞིང་ནགས་ཁུལ་གྱི་གོས་རྒྱན།
ཡུལ་ཁམས་འདིར་བོད་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ། ལྷོ་ཁ་ས་ཁུལ། ཉིང་ཁྲི། སི་ཁྲོན་དཀར་མཛེས་དང་རྔ་བའི་ས་ཁུལ། ཡུན་ནན་གྱི་བདེ་ཆེན། གཟི་ཚ་སྡེ་དགུ་དང་ཕིང་ཝུའུ་རྫོང་། ཟུང་ཆུ་རྫོང་། བཀྲ་ཤིས་ཁྲི་གླིང་རྫོང་། པའོ་ཞིང་རྫོང་། ལྕགས་ཟམ་རྫོང་། དར་མདོ་རྫོང་སོགས་ཀྱི་ས་ཁུལ། མཚོ་སྔོན་ཞིང་ཆེན་གྱི་མཚོ་ཤར་རྒྱུད་ཀྱི་ཞིང་ལས་ས་ཁུལ། ཀན་སུའུ་ཡི་ཐེ་བོ་དང་འབྲུག་ཆུ། ཅོ་ནེ། དཔའ་རིས་ཀྱི་ཡུལ་ལུང་ཁག་ཅིག་བཅས་འདུས་ཡོད། འདིའི་ཆ་སྙོམས་མཐོ་ཚད་ལ་མཚོ་འཕགས༢༠༠༠ནས༣༠༠༠ཡས་མས་ཡོད་ཅིང་། མཚོ་བོད་མཐོ་སྒང་གི་རང་བྱུང་ཆ་རྐྱེན་ཆེས་ཕུན་སུམ་ཚོགས་པའི་ས་ཁོངས་ཤིག་ཡིན་པ་མ་ཟད། བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཀྱང་ཡིན། གནས་འདིའི་རྒྱན་གོས་ལ་སྤྱིའི་ཆ་ནས་སྟབས་བདེ་བབ་ཆགས་དང་ཡ་རབས་ཡིད་འོང་གི་ཁྱད་ཆོས་ལྡན་ལ། རྒྱན་ཆའི་སྡེབ་སྦྱོར་ལ་དོ་སྣང་ཆེན་པོ་བྱེད་པ་ལས་རྒྱན་ཆ་མང་པོ་འདོགས་སྲོལ་མེད། རྒྱན་གོས་ཀྱི་ཚོན་མདངས་དང་རྒྱུ་ཆ། འདོགས་སྟངས་སོགས་ཐ་དད་པའི་དབང་གིས་ནང་ཁུལ་དུ་དབུས་གཙང་ས་ཁུལ་དང་ཁམས་པའི་རོང་ཁུལ། ཨ་མདོའི་རོང་ཁུལ་བཅས་སུ་དབྱེ་ཆོག མགོ་རྒྱན་དང་ཞྭ་ལྷམ་སོགས་ལ་ནང་ཁུལ་དུ་ཁྱད་པར་ཆེ་ཙམ་འདུག་པ་དང་། བུད་མེད་རྣམས་ཀྱིས་དབྱར་དཔྱིད་ལ་ནང་དུ་རས་དང་དར་ཟབ་ཀྱི་འོག་འཇུག་དང་། ཕྱི་ལ་ཕྲུག་ལྭ་ཕུ་མེད་གྱོན་རྗེས་པང་གདན་འདོགས་པ་ཡིན་ལ། དགུན་དུས་སུ་ཕུ་ཐུང་མེད་པའི་ཕྲུག་ལྭ་རིང་པོའི་ནང་དུ་སྣམ་བུའི་འོག་འཇུག་མཐུག་པོ་གྱོན་སྲོལ་ཡོད། གནས་འདི་དག་གི་ནམ་ཟླར་དྲོད་རླན་ལྡན་ཞིང་ས་རྒྱུ་གཤིན་པོ་ཡོད་པར་མ་ཟད་ནགས་ཚུལ་སྟུག་པོས་ཁྱབ་ནས་ཡོད་པས། ཡང་ཞིང་སྟབས་བདེ་བའི་རས་གོས་སོགས་ཀྱི་རྨང་གཞིའི་སྟེང་དུ། ས་གནས་རང་གི་ལག་ཤེས་ལ་བརྟེན་ནས་འཐག་པའི་སྣམ་བུའི་རྒྱུ་བ་བེད་སྤྱད་དེ། བཟོ་ལྟ་སྣ་ཚོགས་དང་ཁྱད་ཆོས་དམིགས་བསལ་ལྡན་པའི་ས་ཁུལ་གྱི་རྒྱན་གོས་རིག་གནས་ཤིག་ཏུ་གྲུབ་ཡོད། དགུན་དུས་སུ་པགས་པའི་སྟོད་འགག་དང་སྟོད་ཁེབས་གྱོན་ཞིང་། གོས་ཀྱི་གོང་ཁ་དང་ཕུར་ཁ། གོས་འདབས་རྣམས་སུ་ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་དང་ལོ་མ། ཕྲུག་ཁྲ་སོགས་ཀྱི་མཐའ་རྒྱན་སྤྲས་པ་ནི་ཡུལ་ཁམས་འདིའི་རྒྱན་གོས་ཀྱི་ཁྱད་ཆོས་ཆེ་ཤོས་ཤིག་རེད།

གསུམ། ཞིང་འབྲོག་ཁུལ་གྱི་གོས་རྒྱན།
ཞིང་འབྲོག་ཁུལ་ནི་གཙོ་བོ་བོད་ལྗོངས་ཀྱི་ཆབ་མདོ་དང་མངའ་རིས་སྤུ་ཧྲེང་། རྩ་མདའ་རྫོང་སོགས་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་སྡེ་དགེ་དང་བྲག་འགོ། རྟའུ། ལི་ཐང་། འབའ་ཐང་། འཛམ་ཐང་། འབར་ཁམས་སོགས་ས་ཁུལ་མང་ཤོས་དང་། མཚོ་སྔོན་ཞིང་ཆེན་གྱི་ནང་ཆེན་དང་ཁྲི་འདུ་བཅས་འདུ་བ་ཡིན་ལ། ཡུལ་ཁམས་འདི་དག་ཏུ་རི་ལུང་དང་གཤོང་ས་འབྲེལ་མཐུད་དུ་གནས་ཤིང་གནམ་གཤིས་དྲོ་གྲང་གི་འགྱུར་ལྡོག་མངོན་གསལ་ཡིན་པས་གྲང་ངར་བརླན་གཤེར་ཅན་གྱི་ནམ་ཟླའི་ཁོངས་སུ་གཏོགས། རང་བྱུང་ཁོར་ཡུག་དང་ལོ་རྒྱུས་རིག་གནས་ཀྱི་དབང་གིས་མངའ་རིས་སྤུ་ཧྲེང་གི་རྒྱན་གོས་ལ་མཚོན་ན་བོད་བཙན་པོའི་སྐབས་ཀྱི་རྒྱན་གོས་ཀྱི་ཁྱད་ཆོས་ལྡན་ཅིང་། ཡུལ་ཁམས་འདིའི་མི་རྣམས་ཀྱིས་གཟི་དང་བྱུ་རུ། སྤོས་ཤེལ། བ་སོ། གཡང་ཊི་སོགས་རང་བྱུང་གི་རྒྱན་ཆ་འདོགས་པར་དགའ། བུད་མེད་རྣམས་ཀྱིས་ལག་གདུབ་དང་སྐྲ་རྒྱན་སྣ་ཚོགས་འདོགས་པ་མ་ཟད། སྐྱེས་པ་དག་གིས་ཀྱང་ལག་གདུབ་དང་སྐྲ་རྒྱན་འདོགས་སྲོལ་ཡོད་པས་མཆོར་ཉམས་ཀྱི་མཛེས་པ་ཆེས་ཆེར་ལྡན། དེ་ལས་ཀྱང་ཐུན་མོང་མ་ཡིན་པའི་སྤུ་ཧྲེང་སྐྱེས་མའི་རྨ་བྱའི་རྒྱན་གོས་ནི་སྤུ་ཧྲེང་རྫོང་གི་གཙང་པོ་རྨ་བྱ་ཁ་འབབ་དང་འབྲེལ་བ་ཆེ་བས་རྨ་བྱའི་གཟུགས་དབྱིབས་ལ་དཔེར་བླངས་པ་ཞིག་ཡིན་ལ། སྐྱེས་མའི་མགོ་ལ་རྒྱན་ཆུང་དང་ཕྲག་པ་གཡས་པར་སྒ་ལེབ། མགྲིན་པར་སྐེའུ་སོགས་ཀྱིས་མཛེས་པར་བརྒྱན། རྒྱབ་ཏུ་ནང་ཚ་རུ་དང་གཡོགས་གོས་དར་ཅན་གྱི་སྤུག་ཅེས་པ་གྱོན། སྐྱེས་མའི་རྒྱན་གོས་ཀྱི་རྒྱབ་ཏུ་ར་པགས་དཀར་པོས་བཟོས་པའི་སྐེད་པ་ཞེས་པའི་རྒྱབ་གཡོགས་ཤིག་བཅིངས་ཡོད། སི་ཁྲོན་གྱི་དཀར་མཛེས་བོད་རིགས་ས་ཁུལ་ལ་མཚོན་ན་ཉག་ཆུ་དང་དམར་ཆུ་སོགས་ཆུ་བོ་ཆེན་པོ་དང་རི་རྒྱུད་མཐོན་པོ། རོང་ཆེན་རོང་ཆུང་དང་མཐའ་ཡས་པའི་རྩྭ་ཐང་བཅས་ཀྱི་ས་བབ་གྲུབ་ཚུལ་གཙོ་བོ་ཡིན་ཞིང་། གནམ་གཤིས་ཀྱི་དྲོ་གྲང་ལ་ཁྱད་པར་ཆེན་པོ་ཡོད་པས་ས་ཁུལ་རང་གི་ཁྱད་ཆོས་མངོན་གསལ་ལྡན། འདི་ལ་ས་ཁུལ་དེ་གའི་གླུ་གཞས་ཀྱི་ཁྲོད་དུ། “མགོ་རས་རྒྱ་དར་དཀར་པོ། །རྣ་ལོང་གཡུ་ཕྲ་སུམ་སྐོར། །རྒྱབ་གོས་གོང་ཕྲུག་ཐིག་ལེ། །གའུ་མེ་ལོང་དཀར་གསལ། །སྐེ་རག་ལུས་སྐོར་བཅུ་གཉིས། །པང་གདན་ནམ་མཁའི་འཇའ་ཚོན། །རྒྱ་ལྷམ་ཕོ་རོག་གཤོག་རྩེ། །ལྷམ་སྒྲོག་བྱ་རྗེས་བྱིའུ་སྤུ། །ལྷམ་འཛེར་སུམ་ཅུ་སོ་དྲུག །”[13]སྐྱེས་མ་རྣམས་ཀྱིས་གཙུག་ཏུ་སྤོས་ཤེལ་དང་སྐྲ་མཚམས་སུ་གཟི་དང་གཡུ་བྱུར། གཙུག་གཡུ་སོགས་འདོགས་པ་དང་། སྐྱེས་པ་ཚོས་གཡུ་བྱུར་གྱི་སྐེ་རྒྱན་དང་དངུལ་གྱི་གའུ་མེ་ལོང་། གློ་གྲི་སོགས་འདོགས་པར་མ་ཟད་རལ་བ་འཇོག་ལ། རལ་བའི་སྟེང་སུ་ཅ་ལ་ནག་པོ་དང་དམར་བོ་གང་རུང་བསྲེས་ནས་སླས་ཏེ་མགོར་དཀྲི་ཞིང་དེང་སྐབས་དེ་ནི་བོད་ཀྱི་ཕོ་རྒོད་ཀྱི་མཚོན་རྟགས་ལྟ་བུར་བྱེད་པ་ཡིན།

བཞི། མཐོ་སྒང་འབྲོག་ཁུལ་གྱི་གོས་རྒྱན།
ཡུལ་ཁམས་འདིར་བོད་ལྗོངས་ཀྱི་གཞིས་རྩེ་ས་ཁུལ་གྱི་བྱང་ཁུལ་དང་མངའ་རིས་ཁུལ་གྱི་ཤར་ཕྱོགས་ས་ཁུལ། བྱང་ཐང་མཐོ་སྒང་གི་འབྲོག་ལས་ས་ཁུལ། མཚོ་སྔོན་གྱི་མཚོ་ནུབ་དང་མཚོ་བྱང་གི་འབྲོག་ལས་ས་ཁུལ། སི་ཁྲོན་དཀར་མཛེས་ཀྱི་བྱང་ཁུལ་གྱི་རྫོང་ཁག་བརྒྱད་དང་། རྔ་བ་ཁུལ་གྱི་འཛམ་ཐང་དང་ཁྱུང་མཆུ། རྔ་བ། མཛོད་དགེ། ཟུང་ཆུ་བཅས་དང་། ཀན་སུའུ་ཡི་ཀླུ་ཆུ་དང་རྨ་ཆུ། བསང་ཆུ་སོགས་འདུས་ཡོད། ཡུལ་འདི་དག་གི་ས་རྒྱ་ཆེ་ཞིང་ཁོད་སྙོམས་པ། ཆ་སྙོམས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི་༣༤༠༠ཡན་ཡོད། རི་བོ་དང་རྩྭ་ཐང་གི་ཁྱབ་ཚད་ཆེ་བའི་མཐོ་སྒང་གྲང་འཁྱག་ཕྱུགས་ལས་ས་ཁུལ་དུ་གཏོགས། ཡུལ་ཁམས་འདིའི་མི་རྣམས་ཀྱིས་ལུག་ལྤགས་དང་ཚ་རུ། སྣམ་ཕྲུག ཕྱིང་པ་སོགས་ཀྱི་རྒྱུ་ཆ་གཙོ་བོ་ཡིན་པའི་གོས་གྱོན་ཞིང་། ཕྱུ་པའི་ཕུ་ཐུང་དང་ཐུ་བའི་སྣེ་རུ་མདོག་ནག་པོ་དང་དམར་པོ། སྔོན་པོ། ལྗང་གུ། སྨུག་པོའི་རས་རྒྱན་ཞེང་ཆེན་འགོད་པའམ་ཡང་ན་གོང་ཁ་དང་ཞོལ་ཁ། ཕུ་ཐུང་བཅས་ཀྱི་སྣེ་མོ་རུ་རས་རྒྱན་ཕྲ་མོ་དང་སྲོག་ཆགས་རྩ་ཆེན་གྱི་པགས་པའི་མཐའ་རྒྱན་གཏོང་སྲོལ་ཡོད། སྐྱེས་པ་རྣམས་ཀྱིས་སྐྲ་ལོ་རིང་པོ་བཞག་སྟེ་སྟོང་སྐུད་དམར་པོའམ་ནག་པོ་དང་མཉམ་དུ་བསླེས་ཏེ་མགོ་རུ་དཀྲི་སྲོལ་ཡོད་པས་སྟོབས་དང་གཟི་བརྗིད་ལྡན་པའི་མཚོན་དོན་མཆིས། བུད་མེད་རྣམས་ཀྱི་སྐྲ་ལོ་ཞིབ་བསླེས་བྱས་ཏེ་ལྟག་རྒྱབ་ཏུ་མར་དཔྱངས་ཡོད་ཅིང་། ལན་བུའི་སྟེང་དུ་གཡུ་བྱུར་དང་དངུལ་ཏམ་གྱི་ཕྲ་རྒྱན་སོགས་ཀྱིས་མཛེས་པར་བརྒྱན་ཡོད་པས་ཞི་དུལ་མཛེས་སྡུག་གི་འཆོར་ཉམས་ལྡན། དེ་ལས་རྔ་བ་དང་མགོ་ལོག མཛོད་དགེ། རྨ་ཆུ་སོགས་མཚོན་པའི་འབྲོག་ཁུལ་ནི་ས་མཐོ་ལ་གྲང་ངར་ཆེ་བའི་ས་ཁུལ་ཡིན་ཞིང་། དབྱར་ཐུང་ཞིང་དགུན་རིང་བ་དང་གནམ་གཤིས་ལ་འགྱུར་ལྡོག་ཤིན་ཏུ་ཆེ་བས་ལོ་ཧྲིལ་བོར་སློག་པ་དང་ཝ་ཞྭ། ཀོ་ལྷམ་ཡུ་རིང་བཅས་གྱོན་གྱིན་ཡོད། མི་རྣམས་ཆར་རླུང་གི་ཁྲོད་དུ་འཚོ་བ་སྐྱེལ་དགོས་ཀྱིན་ཡོད་སྟབས་སློག་པ་གྱོན་མཁན་མང་ལ། གནམ་གཤིས་ཇེ་དྲོ་རུ་འགྲོ་སྐབས་ཕྱིང་བ་དང་སྣམ་བུ་བཅས་ཀྱིས་བཟོས་པའི་ལྭ་བ་གྱོན་གྱིན་ཡོད།

བཞི་པ། བོད་ཀྱི་གོས་རྒྱན་རིག་གནས་ཀྱི་སྐྱེ་ཁམས་མ་ལག་གི་གྲུབ་ཚུབ་དང་མཚོན་དོན།
མིའི་རིགས་ནི་དུས་ཡུན་རིང་པོ་ཞིག་ལ་ས་ཁོངས་གང་རུང་ཞིག་ཏུ་གཞིས་སྡོད་བྱས་ཚེ། ས་ཁོངས་དེའི་རང་བྱུང་ཁོར་ཡུག་གི་ས་བབ་དང་འཕྲོད་པའི་རིག་གནས་ཤིག་གསར་གཏོད་བྱེད་པར་མ་ཟད། ས་ཁོངས་དེའི་ཁྲོད་ཀྱི་མི་དང་ཁོར་ཡུག རིག་གནས་གསུམ་གྱིས་ཐུན་མོང་སྒོས་རིག་གནས་ཀྱི་སྐྱེ་ཁམས་མ་ལག་ཅིག་ཀྱང་ངང་གིས་བསྐྲུན་ཡོང་། དེ་ལས་གོས་རྒྱན་ནི་རིག་གནས་སྐྱེ་ཁམས་མ་ལག་དེའི་ཁྲོད་དུ་ཆེས་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པས། གནའ་ནས་ད་ལྟའི་བར་དུ་མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད། མདོ་དབུས་མཐོ་སྒང་དུ་འཚོ་བའི་བོད་ཀྱི་གོས་རྒྱན་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། མདོ་དབུས་མཐོ་སྒང་གི་རིག་གནས་སྣ་མང་གཞི་གཅིག་ཏུ་མངོན་སུམ་དུ་མཚོན་པར་བྱེད་པའི་མེ་ལོང་ལྟ་བུ་ཡིན། ཁྱད་པར་དུ་མདོ་དབུས་མཐོ་སྒང་གི་ས་བབ་ཁོར་ཡུག་དང་བསྟུན་ནས་གོས་རྒྱན་གྱི་ས་ཁོངས་ཁྱབ་ཚུལ་གྱི་དབྱེ་བ་ལྟར་དཔྱད་པ་བཏང་ཚེ། ཡུལ་ལུང་མི་འདྲ་བ་རེ་རེའི་གོས་རྒྱན་གྱི་གྲུབ་ཚུལ་དང་དེ་ལས་འཕྲོས་པའི་རིག་གནས་ཀྱི་རྒྱབ་ལྗོངས། མཚོན་དོན། གཏམ་རྒྱུད་ཀྱང་གང་མང་ཞིག་མཆིས།
གོས་རྒྱན་གྱི་རྒྱུ་དབྱིབས་མདོག་གསུམ་ནི་ཐོག་མར་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་དང་བསྟུན་ནས་གྲུབ་མགོ་བརྩམས་པ་དང་། དེར་གནས་པའི་རིག་གནས་ཀྱི་མཚོན་དོན་ཀྱང་རང་བྱུང་ཁོར་ཡུག་གི་སྐྱེ་ཁམས་མ་ལག་དང་སྦྱར་ནས་ཡུན་གྱིས་དར་བ་ཞིག་ཡིན། ས་ཁོངས་མི་འདྲ་བའི་རྐྱེན་གྱིས་ས་ཁོངས་གང་དེའི་མི་རྣམས་ཀྱིས་རང་བྱུང་ཁོར་ཡུག་དང་འཐབ་རྩོད་བྱེད་པའམ་མཉམ་གནས་བྱེད་པའི་ལོ་རྒྱུས་ཀྱི་དུས་ཡུན་དང་འབྲེལ་འདྲེས་ཀྱི་གཏིང་ཚད་མི་འདྲ་བ་དང་། རང་བྱུང་ཁོར་ཡུག་གི་ས་བབ་ཅུང་རྙོག་འཛིང་ཆེ་ཞིང་ནམ་ཟླའི་འགྱུར་ལྡོག་མང་བའི་ས་ཁུལ་ལ་མཚོན་ན་གོས་རྒྱན་གྱི་རིགས་དང་དེ་ལས་སྣང་བའི་རིག་གནས་ཀྱི་མཚོན་དོན་ཡང་འདྲ་མིན་སྣ་ཚོགས་མཆིས། དཔེར་ན་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་རྒྱུད་ཀྱི་ཞིང་ནགས་ས་ཁུལ་ནི་ཀྱག་ཀྱོག་གི་རི་ལུང་དང་ནགས་ཚུལ་གྱི་ཁེབས་རྒྱ་ཆེ་བ། ཆུ་ཕྲན་གཙང་པོའི་བར་བཅད་ནས་འགྲོ་འོང་སྟབས་མི་བདེ་བའི་རྐྱེན་སྣ་ཚོགས་གྱིས་ཡུལ་སྡེ་ཕན་ཚུན་བར་ལ་ཤུགས་རྐྱེན་ཐེབས་ཚད་ཉུང་བས་རང་སོར་གྱི་གོས་རྒྱན་བཟོ་ལུགས་རེ་གྲུབ་ཡོད་པར་མ་ཟད། དེར་གནས་པའི་རིག་གནས་ཀྱི་མཚོན་དོན་ཡང་མི་འདྲ་བ་རེ་སྣང་། དཔེར་ན། སི་ཁྲོན་ལེང་ཧྲན་ཁུལ་གྱི་མུ་ལི་རྫོང་དང་དཀར་མཛེས་བརྒྱད་ཟུར་སོགས་སུ་འདུས་སྡོད་བྱས་ཡོད་པའི་ན་མུ་ཡུའི་བོད་རིགས(纳木依藏族)[14]བུད་མེད་ཀྱིས་མགོ་ལ་ན་མུ་ཡུའི་སྐད་དུ་བོའུ་ཡེ་ཀ་ཟེར་བའི་ལ་ཐོད་ནག་པོ(རི་མོ། 4-1)ཞིག་དཀྲི་སྟེ། ཁོ་ཚོའི་འདུ་ཤེས་ཀྱི་ཁྲོད་དུ་ཁ་མདོག་ནག་པོ་དགའ་མོས་སུ་འཛིན་པ་མ་ཟད་དེ་ཉིད་མདོག་ཡག་ཤོས་སུ་བརྩི་བ་ཞིག་ཡིན། དེའི་རྒྱུ་མཚན་ནི་གདོད་མའི་བོན་ཆོས་དང་འབྲེལ་བ་ཡོད་པར་མ་ཟད། ཁོ་ཚོའི་གནས་ཡུལ་ནི་མཚོ་བོད་མཐོ་སྒང་གི་ཤར་མཐའི་འཕྲེད་བརྒལ་རི་རྒྱུད་ཀྱི་རི་མཐོ་གཡང་གཟར་གྱི་ཁྲོད་དུ་འཚོ་བ་རོལ་བཞིན་ཡོད་པས། རྔམ་བརྗིད་ལྡན་པའི་བྲག་ནག་དང་གདོད་མའི་ནགས་ཚལ་གྱི་རྣམ་པ་དེ་ཉིད་མཐོང་ལམ་དུ་སྣང་བའི་ཚེ་ན་སྨུག་ཅིང་ནག་པོའི་རྣམ་པ་ཞིག་མངོན་འོང་ཞིང་། དེར་བརྟེན་གྱོན་གོས་ཀྱི་མདོག་དེའང་རང་བྱུང་ཁོར་ཡུག་གི་ས་བབ་ཀྱིས་ཤུགས་རྐྱེན་ཐེབས་ཡོད་པ་ཞིག་རེད། གཞན་ཡང་ཡུལ་དེ་དང་མུ་རྒྱུད་གཅིག་ཏུ་འབྲེལ་བའི་འདྲ་པའི[15]བུད་མེད་རྣམས་ཀྱིས་མགོ་ལ་མེ་ཏོག་མེ་ལོང(རི་མོ། 4-2)ཞེས་པའི་མགོ་རྒྱན་ཞིག་འདོགས་སྲོལ་ཡོད་ལ། མགོ་རྒྱན་དེ་ནི་ཆེ་ཆུང་མི་གཅིག་པའི་དངུལ་སྡེར་བྱུ་རུའི་ཕྲ་རྒྱན་ཅན་གྱིས་གྲུབ་ཅིང་། སྤྱི་གཙུག་གི་དངུལ་སྡེར་གྱིས་ཉི་མ་མཚོན་ཞིང་ལྟག་རྒྱབ་ཀྱི་དངུལ་སྡེར་གྱིས་ཟླ་བ་མཚོན། འོག་གི་དངུལ་སྡེར་གྱི་ཕྲེང་བས་སྐར་ཚོགས་མཚོན་པ་ཡིན་པས། མགོ་ཡིས་ཉི་མ་བཏེགས་ཤིང་ལྟག་རྒྱབ་ཀྱིས་ཟླ་བ་ཁུར་བའི་དབུ་རྒྱན་ཡིན་པས་ཉི་ཟླ་མགོ་རྒྱན་ཞེས་གྲགས། གཞན་ཡང་ཀན་སུའུ་འབྲུག་དཀར་གཙང་པོའི་སྟོད་རྒྱུད་ཀྱི་ཇ་རྟའི་གནའ་ལམ་གྱི་འགྲམ་དུ་གནས་ཡོད་པའི་འབྲུག་ཆུ་དང་ཐེ་བོ་ཡུལ་གྱི་ཟར་ལྷམ(རི་མོ། 4-3)ལའང་ཐུན་མིན་གྱི་ཁྱད་ཆོས་ལྡན་ཏེ། ཟར་ལྷམ་གྱི་ལྷམ་སྣེ་ནི་ཐང་དཀར་རྒོད་པོའི་མཆུ་ཡི་དབྱིབས་དང་ཡུ་བ་ནི་གཤོག་པ་བརྐྱངས་བ་ལྟར་གཙག་དྲུབ་བྱས་ཡོད། གོས་རྒྱན་འདི་དག་གི་གྲུབ་ཚུལ་ནི་རང་བྱུང་ཁོར་ཡུག་གི་ས་བབ་དང་སྣང་ཚུལ་ལ་གཞི་བཅོལ་ནས་གྲུབ་པ་ཞིག་ཡིན་པས། འདིའི་སྟེང་ན་ས་དཔྱད་རིག་གནས་དང་ཁ་དོག་གི་རིག་གནས། རུས་བླ་ལ་དད་མོས་བྱེད་པའི་རིག་གནས་སོགས་ཏིལ་ལ་ཏིལ་དམར་གྱི་ཚུལ་དུ་ཡོད་པ་རྟོགས་ཐུབ།

གོང་དུ་བརྗོད་པའི་ཞིང་ནགས་ས་ཁུལ་གྱི་གོས་རྒྱན་ནི་ཡུལ་ལུང་གི་ཆ་ནས་མུ་རྒྱུད་གཅིག་ཏུ་འབྲེལ་ཡང་ཀྱག་ཀྱོག་གི་རི་ལུང་དང་གཙང་པོའི་བར་མཚམས་བཅད་པ་སོགས་འགྲོ་འོང་ཆེར་མེད་པས། གོས་རྒྱན་གྱི་ཐོག་མའི་གྲུབ་ཚུལ་ལ་ཕན་ཚུན་གྱི་ཤུགས་རྐྱེན་ཐེབས་མེད་པར་ས་གནས་ཀྱི་རང་བྱུང་ཁོར་ཡུག་གི་བབ་དང་བསྟུན་ཡོད་ཕྱིར་རང་སོར་གྱི་ཁྱད་ཆོས་ཡན་གར་བ་རེ་ལྡན་པ་དང་། གཞན་ཞིང་འབྲོག་ཁུལ་དང་ཞིང་ལས་ཁུལ། མཐོ་སྒང་འབྲོག་ཁུལ་གྱི་གོས་རྒྱན་ནི་ཞིང་ནགས་ཁུལ་གྱི་གོས་རྒྱན་དང་མི་འདྲ་བར་ས་བབ་ཅུང་སྙོམས་ཤིང་ཐང་ཡངས་པ། འགྲོ་འོང་སྟབས་བདེ་བ། གནའ་བོའི་ཚོང་ལམ་གྱི་བརྒྱུད་ལམ་མང་བས་ཕན་ཚུན་འགྲོ་འོང་དང་རིག་གནས་སྤེལ་རེས་ཀྱི་ཚད་ཀྱང་ལྟོས་བཅས་ཀྱིས་མང་བར་མ་ཟད། རང་བྱུང་ཁོར་ཡུག་གི་ས་བབ་དང་ནམ་ཟླའི་འགྱུར་ལྡོག་ལ་ཁྱད་པར་ཆེན་པོ་མེད་པས། གོས་རྒྱན་གྱི་རྒྱུ་དབྱིབས་མདོག་གསུམ་དང་དེ་ལས་སྣང་བའི་རིག་གནས་མཚོན་དོན་གྱི་ཐད་ནས་འདྲ་བའི་ཆ་ཤིན་ཏུ་མང་། དཔེར་ན་རྨ་རྒྱལ་སྦོམ་ར་དང་གངས་རིའི་གཟུགས་ལྟར་གྲུབ་པའི་ཕྱིང་ཞྭ་དང་། མངའ་རིས་བུ་མོའི་རྨ་བྱའི་རྒྱ་ཁེབས། ཁམས་པའི་ཕོ་རྒོད་ཀྱི་རལ་པའི་ཅ་ལ་དམར་པོ། ཀོང་པོའི་ཡུལ་གྱི་སྟག་ལྤགས་གཟིག་ལྤགས་ཀྱི་སྟོད་གོས། དབུས་གཙང་བུ་མོའི་གཡུ་བྱུར་གྱིས་ཕྲ་བརྒྱན་པའི་སྤ་ཕྲུག་མགོ་རྒྱན། “ཞྭའི་སྟེང་དུ་བྱ་སྒྲོ་དང་ཅ་ལ་དམར་པོས་བརྒྱན་པ་དང་། གོས་ཀྱི་གོང་བར་གཡུང་དྲུང་དང་འཁོར་ལོ། རི་དང་ལོ་མ་ཅན་གྱི་དར་གོས་སོགས་སྦྱར་ཡོད་པ་དང་། འདབས་ཁར་རྒྱ་གྲམ་རི་མོ་ཅན་གྱི་ཕྲུག་ཁྲ་དང་། ཁ་དོག་སྣ་ཚོགས་གང་རུང་བའི་དར་སྐུད་ཀྱིས་བརྒྱན་པ། ད་དུང་སྐུད་པ་དཀར་ནག་དམར་གསུམ་གྱིས་ཉི་འོད་དང་། འཇའ་རིས། སྤྲིན་རིས་སོགས་བཀོད་པ་ཡོད”[16]པའི་གོས་རྒྱན་གྱི་བཟོ་དབྱིབས་དང་དེ་ལ་བརྒྱན་པའི་རི་མོ་སྣ་ཚོགས་ཤིག་མཆིས་ཤིང་། དེ་དག་ནི་གྲུབ་ཚུལ་ནི་རང་བྱུང་ཁམས་ཀྱི་སྣང་ཚུལ་དང་ནམ་ཟླའི་འགྱུར་ལྡོག་གི་རྐྱེན་དང་རྒྱུ་དུ་མ་ལ་བརྟེན་ནས་བསྐྲུན་པ་ཞིག་ཡིན་ཕྱིན། བོད་ཀྱི་གོས་རྒྱན་གྱི་སྟེང་ནས་མདོ་དབུས་མཐོ་སྒང་གི་ས་ཁམས་ཁོར་ཡུག་གི་ཁྱད་ཆོས་དང་ས་ཁོངས་རིག་གནས་ཀྱི་ངོ་བོ་མི་འདྲ་བ་མཚོན་ངེས། མགོ་བོའི་ཞྭ་མོ་དང་མགོ་རྒྱན་སོགས་ཀྱིས་གངས་རི་དང་རུས་བླར་བཀུར་པའི་བླ་རི་སོགས་མཚོན་པ་དང་། ཁོག་སྟོད་ཀྱི་གོས་རྒྱན་གྱིས་ཁོད་ཡངས་པའི་རྩྭ་ཐང་དང་མཐོངས་ཆེ་བའི་ས་བབ་ཀྱི་ཆགས་ཚུལ་མཚོན། ཁོག་སྨད་ཀྱི་གོས་རྒྱན་གྱིས་ས་ཁོངས་དེ་ལ་གནས་པའི་རི་དྭགས་གཅན་གཟན་འདབ་ཆགས་སོགས་ཀྱི་ངང་རྒྱུད་ལ་དགའ་མོས་བྱེད་པ་སོགས་མཚོན་ལ། དེར་བརྟེན་རང་བྱུང་ཁོར་ཡུག་གིས་སྤྱི་ཚོགས་ཁོར་ཡུག་དང་མི་ཆོས་ཁོར་ཡུག་བསྐྲུན་ཏེ་ཤེས་རིག་གི་ཆུ་རྒྱུན་རིང་ནས་རིང་དུ་འཕེལ་རྒྱས་བྱུང་བ་ནས་རིམ་འགྱུར་འབྱུང་བཞིན་པའི་དུས་འདིར། ངོ་བོ་མ་འགྱུར་བའི་གདོད་མའི་རིག་གནས་ཀྱི་སྣང་ཚུལ་ལ་ཕྱིར་རྟོག་བྱེད་དགོས་ན་གོས་རྒྱན་རིག་གནས་ཀྱི་མཚོན་དོན་མི་འདྲ་བ་ལས་བསེད་དཀྲོལ་བྱེད་དགོས་པས། གོས་རྒྱན་ནི་ས་ཁོངས་རིག་གནས་ཀྱི་མེ་ལོང་ལྟ་བུ་ཡིན་ཞེས་སྨྲས་ཀྱང་འགལ་བ་མེད་པར་འདོད་དོ། །
མཇུག་བསྡུ་བ།བོད་ཀྱི་གོས་རྒྱན་གྱི་ས་ཁོངས་ཁྱབ་ཚུལ་ལ་མཐོ་སྒང་འབྲོག་ཁུལ་དང་ཞིང་འབྲོག་ཁུལ། ཞིང་ནགས་ཁུལ། ཞིང་ལས་ཁུལ་བཅས་སུ་དབྱེ་བ་ལས་མདོ་དབུས་མཐོ་སྒང་གི་ས་ཁམས་ངོས་འཛིན་དང་། ས་གཤིས་ཤེས་རྟོགས། སྐྱེ་ཁམས་མ་ལག་གི་གྲུབ་ཚུལ་སོགས་ལ་རྒྱུས་མངའ་བྱེད་ཐུབ་པ་དང་། གནའ་ནས་ད་ལྟའི་བར་དུ་གོས་རྒྱན་རིག་གནས་དང་འབྲེལ་བའི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས། མི་ཆོས་ཀུན་སྤྱོད་སོགས་མང་དུ་བྱུང་ཡོད་པ་དང་། གོས་རྒྱན་རིག་གནས་ཀྱི་རྩ་བའི་རྣམ་པ་དེ་ས་ཁོངས་རང་དང་ཁ་བྲལ་ན་དེ་འབྲེལ་གྱི་རིག་གནས་མང་པོ་ཞིག་ཀྱང་རང་ཤུགས་སུ་ཉམས་འགྲོ་བར་མ་ཟད། སྐྱེ་ཁམས་རིག་གནས་དང་གཞི་མཐུན་དུ་གྲུབ་པའི་གོས་རྒྱན་དང་། དེ་འབྲེལ་གྱི་སྐྱེ་ཁམས་མ་ལག་ལའང་ངོ་བོ་དང་རྣམ་པའི་ཆ་ནས་འགྱུར་ལྡོག་འབྱུང་ངེས། རང་བྱུང་ཁོར་ཡུག་གི་ས་བབ་དང་བསྟུན་ནས་གྲུབ་པའི་གོས་རྒྱན་དང་དེ་ལས་མངོན་པའི་རིག་གནས་རེ་རེ་ནི། སྲོལ་རྒྱུན་རིག་གནས་ཀྱི་རྩ་བའི་ཁྱད་ཆོས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བརྡ་རྟགས་གལ་ཆེན་ཞིག་ཀྱང་ཡིན། ཁྱད་པར་དུ་གོ་ལ་ཡུལ་གཅིག་ཏུ་འཕེལ་བའི་གོ་རིམ་ཁྲོད་དུ། གོས་རྒྱུན་རིག་གནས་ཀྱི་བརྡ་རྟགས་ནི་ཡུལ་ཁམས་ཆ་ལུགས་ཀྱི་བརྡ་རྟགས་དང་ངག་ཐོག་སྐད་ཁོངས་ཀྱི་བརྡ་རྟགས། རིག་གནས་ཐུན་མིན་གྱི་བརྡ་རྟགས་ལྟ་བུར་འགྱུར་ངེས་པས། གོས་རྒྱན་རིག་གནས་ཀྱི་ས་ཁོངས་ཁྱབ་ཚུལ་དང་དེ་ལས་སྣང་བའི་སྐྱེ་ཁམས་མ་ལག་གི་ཁྱད་ཆོས་དང་བསྟུན་ནས་ཞིབ་འཇུག་སྔོག་འདོན་བྱ་རྒྱུ་ནི། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གསར་སྤེལ་བྱེད་པའི་དུས་རབས་གསར་བའི་ཐབས་ལམ་གལ་ཆེན་ཡིན།
མཆན་དང་ལུངང་ཁུངས།
[1] 张瑛著:西南彝族服饰文化历史地理[M].北京:民族出版社,2005年(5),P/43.
[2] དོན་འགྲུབ་རྒྱལ་དང་ཁྲིན་ཆིན་དབྱིན། ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1983ལོ། ཤོག་ངོས18
[3] ནག་པོ་སྐལ་བཟང་། བོད་ཀྱི་གོས་རྒྱན་ངོ་སྤྲོད། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས20
[4] གཅན་བཀྲ་བྷོ། བོད་ཀྱི་རྒྱན་གོས་སུ་མངོན་པའི་རུས་བླ་ཡི་དད་མོས་སྐོར་རོབ་ཙམ་གླེང་བ། [J] ཀྲུང་གོའི་བོད་རིག་པ། 2019ལོའི་དེབ་དང་པོ། ཤོག་ངོས85
[5] གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས8
[6] 李玉琴,藏族服饰文化研究[M],中国书籍出版社,2020年,P/56.
[7] གཅན་ཉི་གཞོན། བོད་ཀྱི་རྒྱན་གོས་རིག་གནས་སྐོར་ཅུང་ཙམ་གླེང་བ། [J] མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་རིག་གཞུང་དུས་དེབ། 2009ལོའི་དེབ་དང་པོ། ཤོག་ངོས9
[8] གཙན་ཚ་བཀྲ་བྷོ། དམངས་སྲོལ་རིག་པའི་སྤྱི་དོན། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2008ལོ། ཤོག་ངོས33-34
[9] ཀྲུང་གོའི་བོད་ལྗོངས་དྲ་བ་ལས་དྲངས། (中国藏族网通)
[10] ཟོག་གི་ཁུལ་རྩིད་དང་བལ་ནག་སོགས་འཐག་ནས་བཟོས་ཤིང་པའི་སྐྱེས་མ་ཚོས་ལས་ཀ་ལས་དུས་གོན་པའི་སྟོད་ལྭ་ཞིག
[11] རས་སྔོན་པོའི་མཐའ་རུ་རས་དཀར་ཕྲ་བུ་ཞིག་བཞག་ནས་ཁབ་སྐུད་ཐུང་ལེན་བྱས་ཤིང་ལྟག་ཚུགས་འཐེན་ནས་བཟོས་པ་ཞིག་ཡིན་ལ། སྐྱེས་མ་ཚོས་ས་ལས་རྡོ་ལས་བྱེད་དུས་སྐྲའི་ཐོག་ལ་ས་རྡུལ་མི་འགྲོ་བའི་གོ་ཆོད།
[12] ནང་མ་ཕྱིང་བ་དང་ཚ་རུ། ཕྱི་མ་རས་དམར་སྨུག་དང་སྣམ་ཕྲུག་ཡིན་པའི་སྐྱེས་མའི་དགུན་ཞྭ་ཞིག
[13] 德荣·泽仁邓珠,藏族通史·吉祥宝瓶[M],西藏人民出版社,2001年,P/791
[14] ན་མུ་ཡུའི་བོད་རིགས་ནི་གཙོ་བོ་སི་ཁྲོན་ལེང་ཧྲན་ཁུལ་གྱི་མེན་ཉིང་དང་། ཞི་ཁྲང་། ཚྭ་ཐོག་རྫོང་། མུ་ལི་རྫོང་། དཀར་མཛེས་ཁུལ་དཀར་མཛེས་རྫོང་དང་བརྒྱད་ཟིལ་སོགས་སུ་འདུས་སྡོད་བྱས་ཡོད་ལ། བོད་དབྱི་འདུས་སྡོད་ཁུལ་གྱི་ཤར་རྒྱུད་ཨེར་སུག་རིག་གནས་ཁྱབ་ཁུལ་གྱི་བོད་པ་ཡིན།
[15] འདྲ་པ་ནི་སྔོན་ཆད་དཀར་མཛེས་ཁུལ་ལ་རྫོང་ཁག་ཉེར་གཅིག་ཡོད་དུས་མགར་ཐར་རྫོང་གི་ཁོངས་སུ་གཏོགས་མོད། རྗེས་སུ་རྟའུ་དང་ཉག་ཆུ་རྫོང་གཉིས་ཀྱི་ཁོངས་སུ་བགོས་ནས། རྟའུ་རྫོང་གི་འདྲ་པ་ལ་འདྲ་སྟོད་དང་ཉག་ཆུ་རྫོང་གི་འདྲ་པ་ལ་འདྲ་སྨད་ཅེས་འབོད། འདྲ་པའི་ཡུལ་སྐད་དང་ཟས་གོས། གནའ་བྲོ་དང་གཉེན་སྒྲིག་བྱེད་སྟངས། འཛུགས་སྐྲུན་དང་རྫ་བཟོའི་ལག་རྩལ་སོགས་ལ་ལུང་པ་གཞན་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས་རིག་གནས་ཀྱི་རྫོང་ཤིན་ཏུ་མཐུག་པའི་བོད་ཀྱི་ཡུལ་ལུང་ཞིག་ཡིན།
[16] གཅན་བཀྲ་བྷོ། བོད་ཀྱི་རྒྱན་གོས་སུ་མངོན་པའི་རུས་བླ་ཡི་དད་མོས་སྐོར་རོབ་ཙམ་གླེང་བ། [J] ཀྲུང་གོའི་བོད་རིག་པ། 2019ལོའི་དེབ་དང་པོ། ཤོག་ངོས87
རྩོམ་པ་པོ་ངོ་སྤྲོད།
ཀུན་བཟང་རྡོ་རྗེ། ཕོ། ཕ་ཡུལ་མཚོ་སྔོན་མཚོ་ལྷོ་བྲག་དཀར་རྫོང་། ད་ལྟ་སི་ཁྲོན་ཞིང་ཆེན་བྲག་འགོ་རྫོང་ཏེ་དར་བོད་ཀྱི་གོས་རྒྱན་རིག་གནས་བཤམས་སྟོན་ཁང་དུ་ལས་ཀ་གཉེར་བཞིན་ཡོད།
རྩོམ་ཁུངས། ༢༠༢༦ལོའི«བོད་ཀྱི་དམངས་སྲོལ་རིག་གནས»དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།
