རིགས་དང་རྣམ་པ་མི་འདྲ་བའི་བོད་གྲི།
བོད་གྲི།
བོད་གྲི།
བོད་གྲི།
བོད་གྲི།
བོད་གྲི།
བོད་གྲི།
ཁམས་པའི་བོད་གྲི།
བོད་གྲི།
བོད་གྲི།
མཁའ་འགྲོའི་བོད་གྲི།
གངས་རིའི་ཡུལ་གྲུ་འདིར་འཚོ་བའི་བོད་རིགས་མི་དམངས་ལ་མཚོན་ན་དུས་ཡུན་རིང་མོར་འབྲོག་ལས་ཀྱིས་འཚོ་ཞིང་། ཤ་བཟའ་བ་དང་དགྲ་ཇག་འགོག་སྲུང་སོགས་གྲི་དང་འགྲོགས་པའི་དོན་སྙིང་གལ་ཆེན་ལྡན་ཡོད། ཡིན་ནའང་དུས་རབས་མང་པོ་སོང་རྗེས་དེ་རིམ་བཞིན་ཕྲ་རྒྱན་སོགས་མང་པོ་སྤྲས་ཏེ་རྒྱན་ཆར་གྱུར་བ་རེད།
གཙང་ཁུལ་དང་ལྷ་ས་ཁུལ་དུ་ལྷ་རྩེའི་གྲི་ནི་སྐད་གྲགས་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། ད་ལྟ་དངོས་མིན་རིག་གནས་ཡིན་པའི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་གྲི་ལ་ལོ་ངོ1000ཙམ་གྱི་ལོ་རྒྱུས་ཡོད་པ་དང་། ལྕགས་ཀྱི་སྤུས་ཚད་ལེགས་ཤིང་རྣོ་ངར་ཆེ་བ། སྲ་བ། བརྐོས་ཚགས་ལེགས་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།
བོད་དུ་ལྷ་རྩེ་དང་ཕུ་མདོའི་གྲི་ཕུད་པའི་སྐད་གྲགས་ཅན་གཞན་ཞིག་ནི་ཡིད་འོང་གི་སྤུ་གྲི་རྒྱ་མོ་ཞེས་པའི་གྲིའི་རིགས་དེ་ཡིན་ཞིང་། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཡིད་འོང་ཡུལ་ནས་ཐོན་པའི་གྲི་བཟོའི་ལག་རྩལ་དེར་ལོ་ངོ400ཙམ་གྱི་ལོ་རྒྱུས་ཡོད་ཅིང་། གྲི་དེ་སྐད་གྲགས་ཆོད་དགོས་དོན་ནི་གྲི་བཟོ་བྱེད་ཀྱི་རྒྱུ་ཆ་ས་གནས་དེ་རང་ནས་ཐོན་པའི་གཏེར་ལྕགས་རིགས་གསུམ་ལས་བཟོས་པས་ཤིན་ཏུ་རྣོ་ངར་ཆེ་བ་དང་གྲི་ཤུབས་ཀྱང་ཉ་ཡི་ལྤགས་པ་ཡིན།
ཡིད་འོང་གྲིའི་ཁྱད་ཆོས་གཞན་ཞིག་ནི་མཛེས་སྡུག་ལྡན་པའི་རང་བྱུང་རི་མོས་བརྒྱན་ཡོད། འོན་ཀྱང་རི་མོ་དེ་དག་ནི་རང་དགར་ཐོན་པ་ཞིག་མ་ཡིན་པར་བཟོ་པ་ཚོས་བཙོ་སྦྱངས་བྱས་རྗེས་ཚྭ་ཆུ་བྱུག་པ་ལ་སོགས་བརྒྱུད་རི་མོ་དེ་དག་ཕྱིར་མངོན་གྱི་ཡོད་པ་རེད།
གྲི་ནི་བོད་རིགས་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་རྒྱན་ཆ་ཞིག་ཏུ་གྱུར། མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ས་བབ་གནས་ཚུལ་དང་ནམ་རྒྱུན་གྱི་འཚོ་བའི་དགོས་མཁོའི་དབང་གིས་འབྲོག་པའམ་ཡང་སྒོས་སུ་ཁམས་པའི་མི་རྣམས་ཀྱིས་སྐེད་པར་རལ་གྲི་ཞིག་དང་གློ་གྲི་ཞིག་འདོགས་པའི་གོམ་གཤིས་ཆགས་ཡོད་པ་རེད། ལྷག་དོན་བོད་དུ་ཚད་ལྡན་གྱི་རྒྱན་ཆའི་རྣམ་གྲངས་འདྲེན་སྐབས་རྒྱ་གྲི་ཕོར་ཤུབས་ཞེས་པ་དམིགས་སུ་བཤད་ཡོད་ལ་ཁམས་ཁུལ་དང་འབྲོག་ཁུལ་དུ་དེ་བས་ཀྱང་གྲིའི་སྤྱོད་གོ་ཆེ་ལ་རིན་ཐང་ཆེ་བ་ནི་སྨོས་མེད་ཁར། ཐ་ན་བུད་མེད་ཚོས་ཀྱང་གྲི་ཆུང་འདོགས་པ་དེ་རྒྱན་ཆར་བརྩིས་ནས་དང་དོད་བྱེད་ཀྱི་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་བོད་གྲིར་ལོ་ངོ་500ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་། བོད་གྲིའི་བཟོ་རྩལ་ལ་ཁྱད་ཆོས་མངོན་གསལ་ལྡན་ལ་བཟོ་ལྟའང་དཔེ་གསར་ཞིག་ཡོད་ཅིང་། གྲི་ཤུབས་ནི་སྤྱིར་ན་ཤིང་དང་ཀོ་བ། ཟངས་ལྕགས། དངུལ་སོགས་ཡིན་ལ་བོད་ཤར་ཁུལ་དུ་གཅན་གཟན་གྱི་རྐང་པའི་ལྤགས་པས་བཏུམས་སྲོལ་ཡང་ཡོད་པ་དང་། ཐ་ན་ལ་ལར་སྡེར་མོ་ཡང་མཉམ་དུ་ཡོད་པ་རེད། གྲི་ཤུབས་ཀྱི་ངོས་སུ་སྟག་སེང་ཁྱུང་འབྲུག་དང་མེ་ཏོག་སོགས་ཀྱི་རི་མོ་བརྐོས་སྲོལ་ཡོད་ལ་དེ་བས་ཀྱང་གཡུ་བྱུར་དང་མུ་ཏིག་སོགས་ཀྱིས་བརྒྱན་སྲོལ་ཡོད་པ་ནི་བོད་གྲིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ཡིན། ད་དུང་གྲི་ཆེ་རིགས་ཀྱི་རྒྱུ་ཆར་དར་གོས་སོགས་སྤྱད་སྲོལ་ཡོད།
མདོར་ན་གྲི་ནི་སྤྱོད་གོ་ཆེ་ལ་འཁྱེར་བདེ་ཞིང་མཛེས་རྩལ་གྱི་རིན་ཐང་མཐོ་བས་སྔར་བཞིན་བོད་རིགས་མང་ཚོགས་ཚོས་དགའ་པོ་བྱེད་ཀྱི་ཡོད་ལ། དེ་འདོགས་རྒྱུ་དེ་བས་གཟི་བརྗིད་ཞིག་ཏུ་བརྩི་བཞིན་ཡོད།