logo

བུ་མོ་གནས་ལ་འགྲོ་དུས་བཅོལ་གདམས་བྱེད་སྟངས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-07-23 ཀློག་གྲངས།:
འགྲུལ་འགོས།
     ཡ----ད----ང་མི་གསུམ་གོང་ནས་རྩོག་མ་མྱོང་ནི་ཟིག་དང་ཚིག་གསུམ་མདུད་པ་བཀྲོལ་མ་མྱོང་ནས་ཟིག་ཡིན་ལ། ད་ཐེངས་བལྟས་ནས་སོང་ན་སྦྲ་ཡི་ཕུབ་ཕྱོགས་དང་ཆོན་ཐག་བརྡབས་ཕྱོགས་ཀྱིས་ངས་ཚིག་མི་བཤད་ག་མེད་རེད་ཟེར་ཞོར་ལ་མགྲོན་ཤ་སྒྲིག་ཡོད་པ་དེ་བཤིག་ནས་ལག་ངར་གསིལ་ནས་སོག་པ་ཨ་ནེར་བྱིན་ཏེ་སོག་པ་མིན་ལ་གསོག་པ་ཡིན། གསོག་གིན་གསོག་གིན་རུམ་ལ་བཅུག  དཔུང་རྟུ་མིན་ལ་དགྲ་དཔུང་ཡིན། དུམ་བུར་གཉིས་སུ་བཏང་ནས་སྡེར་མའི་ནང་དུ་བཞག  ལྕག་ནི་མག་པའི་ལག་ལ་བཞག་ཏེ་མི་བརྒྱ་ཡི་མགོ་ལ་ལྕག་གཡུག་པ། རྟ་བརྒྱ་མགོ་ལ་སྲབ་འཇོག་པ། འགྲོ་རྟ་ཐོག་ཡིན། འདུག་གདན་ཐོག་ཡིན། ཁ་ལས་རྟ་རྒོད་རྒྱུག་རྒྱུག་ཡིན་ཞེས་བཤད་རྗེས།
     ཡ----ངེད་ཚང་སྐྱེས་རབས་བཤད་ན་རྒས་རབས་ཡོད། སྐྱེས་པའི་རི་མོ་འགོད་རྒྱུ་དང་རྒས་པའི་གཉེར་མ་བཤིག་རྒྱུ་ཡོད། བྱུ་རུ་དམར་བོའི་ཐོད་ཅན་ཡིན། རྨ་བྱའི་སྔོན་མོའི་སྒྲོ་ཅན་ཞིག་ཡིན། བླ་རབས་འདེད་རྒྱུ་དང་དཔོན་རབས་རྩིས་རྒྱུ་ཡོད་ནི་ཚང་ཟིག་ཡིན། སྟོད་ན་སོག་པོའི་ལ་ལོ་འདེད་སའི་ལམ་ཡོད། སྨད་ན་ཚོང་བ་བཤར་སའི་ཤུལ་ཡོད།
     ངེད་ཚང་གི་བུ་མོའི་གོང་ཐང་བཤད་ན་རིན་ཐང་བཤད་དགོས། རྟ་ར་ར་ཆད་པའི་རྟི་ལེ་ཡིན། སྒྱེ་ཁྲ་ཁྲ་ཆད་པའི་ཀ་མོ་ཡིན། ཤ་རྩ་བྱུ་རུ་དམར་བོ་ཡིན། བྱུ་རུ་དམར་བོའི་གོང་གི་ཆེ་ཡིན། མིག་རྩ་མཆོང་གི་ཁྲ་ཡིན། མཆོང་གི་གོང་གི་ཆེ་ཡིན། སོ་རྩ་དུང་གི་དཀར་ཡིན། དུང་དཀར་གོང་གི་ཆེ་ཡིན། གཤིས་རྒྱུད་ཚ་རུའི་འཇམ་ཡིན། ཚ་རུ་གོང་གི་ཆེ་ཡིན། གསེར་ནག་སྲང་ལ་འཇལ་ན་མི་ཁུག  དངུལ་དཀར་སྟ་རེས་གསིལ་ན་མི་སྟེར་མོད། འོན་ཀྱང་། འུ་ཅག་ཁྱིམ་ཚང་གཉིས་ཉེ་བོ་བྱས་ནས་འགྲིག་ས་མཐུན་ས། ལོ་ཏོག་བཏབ་ན་སྐྱེས་ས་འཁྲུངས་ས་ཡིན་པས་ཆེ་ཆེ་ཆུང་ཆུང་གིས་བཏང་ནས། ཆུང་ཆུང་སྡུད་མ་ལ་བཏང་ནས། གཅིག་གིས་ལེན་བདེ་ནོ། ། གཅིག་གིས་སྐྱེལ་བདེ་ནོ་བཅོས་ནས། འབྲོང་རྭ་ཁ་ཅན་པོ་རི་ནས་བསྐྱུར་ནས། སྟག་ཐིག་ལེ་ཅན་པོ་ནགས་ནས་བསྐྱུར་ནས། འགྲུལ་བ་བུ་སྐལ་ལྟ་བུ་སྐྱེལ་ནས་ཡོང་ནོ་འདི་རྒན་རབས་རྣམས་དང་བར་བ་གཡང་ཁའི་ངོ་སོར་བལྟས་ནས་ཡོང་བ་ཡིན།
     དེ་ན་ངས་མང་བོ་ཉུང་ངུ་ལ་བཏང་ནས་ཚིག་གསུམ་སྡུད་མ་བྱས་ནས་བཤད་ན་བརྒྱ་བཤད་ཚིག་གི་རྩ་བ། སྟོང་དཀྲུགས་འོ་མའི་མར་ལོ། ངེད་ཚང་གི་བུ་མོ་འདི་མ་རྒས་ཕག་གི་གོ་རྒས་ཡིན་ནོ། ། འདྲ་མེད་ནོ། ། འགྲུལ་ཆུང་ནོ། ། ལག་ལས་ཀ་མེད་ནོ། ། རྒན་ལ་བརྩི་བཀུར་མེད་ནོ། ། བོས་ན་ཨ་ལན་མེད། དྲིས་ན་ཚིག་ལན་མེད། བཅོལ་ན་ཡ་ལན་མེད་ནོ། ། གོས་ཚ་རུའི་གོན་པའི་ཉལ་ལངས་མ་ཡིན་ནོ། ། ཟས་ཞིམ་པོ་བྱིན་པའི་གཅེས་ལངས་མ་ཡིན་ནོ། ། མ་མགོ་ནང་གི་གཅེས་མགོ  ལུ་གུ་ནང་གི་རྡང་མགོ་ཡིན། ལས་ལྗིད་མོ་ཕྲག་ལ་བབས་མ་མྱོང་། ཚིག་རྣོན་པོ་སྡུག་སྤྱད་བཤད་མ་མྱོང་། ཕྱེ་ཆུ་བརྫིས་ལག་པས་བསྣེས་མ་མྱོང་། ཆུ་ཟོ་ལུང་རྒྱབ་ལ་བླངས་མ་མྱོང་། ཤིང་སྟ་རེས་བུད་ཤིང་གསིལ་མ་མྱོང་། ནངས་མོ་མེ་བུད་ལངས་ཚད་མི་ཤེས། དམར་བོ་མེ་ཡི་འབུད་ཚད་མི་ཤེས། སྔོན་མོ་ཆུ་ཡི་ཁོལ་ཚད་མི་ཤེས། ཁོམ་ཁ་ལེབ་བར་གྱི་ཚོས་ཚད་མི་ཤེས། དཀར་བོ་འོ་མའི་བཞོ་ཚད་མི་ཤེས། ནང་སྡེ་བའི་གྲ་ག་ཕྱག་ལེན་མི་ཤེས། མི་ཤེས་ཉིན་མོ་སྩོབ་དགོས། མི་རིག་ཉིན་མོ་སྟོན་དགོས། དེ་རིང་ནས་བཟུང་ཁྱེད་ཚང་གི་མྱི་ཡིན་ནོ། ། ཁྱོད་མག་པའི་ཚེ་ཡི་སྐྱ་ཡ་ཡིན་ནོ། ། མཛོ་དོ་ལ་སྤྲེལ་པའི་ཉ་ཡ་ཡིན་ནོ། ། ཁལ་ལྗིད་མོ་ཁུར་བའི་དོ་ཡ་ཡིན་ནོ། ། སྟོད་བྱང་ལམ་བསྐྱོད་པའི་འགྲོ་ཡ་ཡིན་ནོ། ། སྐྱིད་རྟ་ཕོ་ཞོན་པའི་ཞོན་ཡ་ཡིན་ནོ། ། སྡུག་ཐོད་ལ་ལེན་པའི་གྲོགས་ཡ་ཡིན་ནོ། །
      གང་ལྟར་ཀྱང་ལག་པ་ཕྱི་ནང་ཤ་ཡིན་ནོ། ། མཛུབ་གུ་ལྔ་བོ་སྤུན་ཡིན་ནོ། ། ཤ་མཁལ་མ་གཉིས་ཀ་ཆེ་ཆུང་མི་བཏོད་རྒྱུ། ལག་ཕྱི་ནང་གཉིས་ཀ་ཁྱད་པར་མི་གཏོད་རྒྱུ། གོས་ཚ་རུའི་གཞུང་གི་འཇམ་ཤ་མི་གཏོད་རྒྱུ། རྐང་སག་ལྷམ་གྲུ་བཞིའི་བཟང་ངན་མི་གཏོད་རྒྱུ། གཡུ་བྱུ་རུའི་ཆ་མོའི་མང་ཉུང་མི་གཏོད་རྒྱུ། ཟས་ཞིམ་པོ་མངར་མོའི་ཁྱད་པར་མི་གཏོད་རྒྱུ། ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་ནོ། ། ཨ་ནེ་ཁྱོད་རང་མ་ཡི་ཚབ་ཡིན་ནོ། ། ཨ་མྱེས་ཁྱེད་རང་ཕ་ཡི་ཚབ་ཡིན་ནོ། ། གཡས་ནས་བུ་ཕྲུག་བསམ་ལེ། གཡོན་ནས་མནའ་མ་མི་བསམ་རྒྱུ། རང་མྱི་ལ་མྱི་གཞན་མི་བཅའ་རྒྱུ། བཟང་ཞིག་ཡོད་ན་བརྗོད་རྒྱུ། ངན་ཞིག་ཡོད་ན་གསང་རྒྱུ། ཟ་རུ་བཅུག་ནས་ཁ་ལ་མི་ལྟ་རྒྱུ། འགྲོ་རུ་བཅུག་ནས་རྗེས་ལ་མི་ལྟ་རྒྱུ། རང་གི་བུ་ཕྲུག་གཅེས་གཅེས་མནའ་མ་གཅེས་རྒྱུ་གལ་ཆེའོ། །
     ཡང་སྐད་སྙན་མོ་དབྱངས་ལ་དྲངས་ནས་བུ་མོ་བཅོལ་གདམས་གྱི་གླུ་འདི་འདྲ་ལེན་པ་ཡིན་ཏེ།
           ནངས་ལངས་ནས་སྐྱ་རེངས་ཤར་དུས་སུ། །
           མགོ་ཡར་ཁྱོགས་ཟེར་བའི་ཕ་ཞིག་དགོས། །
           ཕ་མེད་ན་ནམ་མཁའ་སྟོང་བ་རེད། །
           ཁྱོད་ཨ་མྱེས་ཕ་ཡི་ཚབ་ཡིན་དགོས། །
           དགུང་ཉི་མ་རི་མགོ་ཤར་དུས་སུ། །
           ཇ་འོ་མ་བསྐོལ་བའི་མ་ཞིག་དགོས། །
           མ་མེད་ན་ཆུ་ནག་སྟོང་ཁོལ་རེད། །
           ཁྱོད་ཨ་ནེ་མ་ཡི་ཚབ་ཡིན་དགོས། །
           དགུང་ཉི་མ་ཕྱི་དྲོ་ནུབ་དུས་སུ། །
           ཟོག་ར་ལ་འཇུག་པའི་སྤུན་ཞིག་དགོས། །
           སྤུན་མེད་ན་མདའ་ཤིང་སྒྲོ་མེད་རེད། །
           ཁྱོད་སྙིད་མོ་སྤུན་གྱི་ཚབ་ཡིན་དགོས། །ཞེས་ལེན་ཞོར་སྒོར་གྲོལ་བ་ཡིན། གཉེན་ཚང་གིས་ཨ་ཞང་རྣམས་ཀྱིས་ལེགས་སྐྱེས་དང་མགྲོན་ཤ བྲོ་ཆང་། གོ་རེ་ཁ་རྩིར་བལ་འདབ་འཐེན་པ་རྣམས་ཏ་ལེན་ནང་བསྡུ་གསོག་བརྒྱབ་ཏེ་ལམ་ལ་བཅུག་པ་ཡིན།


འབྲེལ་ཡོད་འོས་སྦྱོར།