བག་མ་གནས་ལ་འགྲོ་སྐབས་བག་ངུ་འཐེན་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-07-17
ཀློག་གྲངས།:
བུ་མོ་མ་ཉལ་ཡར་ལ་ལོངས། །
ཡར་ལ་ལོངས་ང་གནས་ལ་སོང་། །
བྱ་ངང་བ་སྐྱེས་སྐྱེས་བྲག་ནས་སྐྱེས། །
བྲག་ནས་སྐྱེས་ཏེ་མཚོ་ནས་རྒས། །
མ་བུ་མོ་སྐྱེས་སྐྱེས་ཡུལ་ནས་སྐྱེས། །
ཡུལ་ནས་སྐྱེས་ཏེ་གནས་ནས་རྒས། །
ད་མ་ངུ། མ་ངུ་ཡར་ལ་ལོངས། །
ཡར་ལ་ལོངས་ང་གནས་ལ་སོང་། །
དེ་རིང་ཉི་ཤར་རྩེ་མོ་ལ། །
རྐང་ཡོབ་ལ་བཞག་ནས་ལམ་ལ་ཆས། །
གནས་ཟེར་བ་རང་གི་རྒས་ཡུལ་ཡིན། །
ཡུལ་དེ་ནས་རྒས་ན་ཚོགས་བསགས་ཡིན། །
ད་མ་ངུ། མ་ངུ་ཡར་ལ་ལོངས། །
ཡར་ལ་ལོངས་ང་གནས་ལ་སོང་། །
དེ་རིང་བཀྲ་ཤིས་ཉི་མ་ལ། །
མགོར་ཝ་མོར་གྱོན་ནས་ལམ་ལ་ཆས། །
གནས་ཟེར་བ་རང་གི་མལ་ཡུལ་ཡིན། །
མལ་དེ་ནས་སྐྱིད་ན་བདེ་བ་ཡིན། །
ད་མ་ངུ། མ་ངུ་ཡར་ལ་ལོངས། །
ཡར་ལ་ལོངས་ང་གནས་ལ་སོང་། །
དེ་རིང་ཉི་མའི་གོང་རོལ་ལ། །
གོས་ཚར་ལྭ་གོན་ནས་ལམ་ལ་ཆས། །
གནས་ཟེར་བ་རང་གི་སྐྱིད་ཡུལ་ཡིན། །
ཡུལ་དེ་ནས་སྐྱིད་ན་བསོད་ནམས་ཆེ། །
ད་མ་ངུ། མ་ངུ་ཡར་ལ་ལོངས། །
ཡར་ལ་ལོངས་ང་གནས་ལ་སོང་། །
ཅེས་བག་ངུ་འཐེན་ཞོར་ཡར་ལ་ལངས་སུ་བཅུག་ནས་གཉེན་ཚང་གི་གྱོན་ཆས་དང་འདོགས་ཆ་ཚང་མ་བཏགས་ཏེ་གནས་ལ་ཆས་པའི་སྟ་གོན་བྱེད།
འབྲེལ་ཡོད་འོས་སྦྱོར།