logo

མཛུབ་མོའི་ཐོག་གི་སྐོར་བྲོ་སྟེ་དཔལ་ཡུལ་མཛུབ་བྲོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་དྲ་བ། དུས་ཚོད།:2018-01-15 ཀློག་གྲངས།:


མཛུབ་མོའི་ཐོག་གི་སྐོར་བྲོ་སྟེ་དཔལ་ཡུལ་མཛུབ་བྲོ།

     མཛུབ་བྲོའམ་དཔལ་ཡུལ་མཛུབ་བྲོ་ནི2015ལོར་དཔལ་ཡུལ་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་ཞིབ་བཤེར་བྱེད་དུས་ཤེས་རྟོགས་བྱུང་བ་ཞིག་ཡིན་ལ། དེ་ནི་ཁམས་ཕྱོགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཞབས་བྲོའི་རིགས་ཤིག་ཡིན་པ་རེད། རྒྱལ་ནང་གི་དབང་གྲགས་ལྡན་པའི་ཆེད་མཁས་པས་ཡུལ་དངོས་ལ་རྟོག་ཞིབ་བྱས་ཏེ་ར་སྤྲོད་བྱས་པ་ལྟར་ན། མཛུབ་བྲོ་ནི་དཔལ་ཡུལ་རྫོང་ཁོ་ནར་ཡོད་པ་དང་། དེ་ནི་ད་ལྟ་ཤེས་རྟོགས་བྱུང་བའི་མཛུབ་མོས་ཞབས་བྲོ་འཁྲབ་པ་གཅིག་པུ་ཡིན་ལ། དེའི་ཁྱད་ཆོས་ནི་མཛུབ་མོས་ལུས་པོའི་ཚབ་བྱེད་པ་དང་། མཛུབ་མོས་ཞབས་བྲོ་འཁྲབ་པ་ཚང་མ་མཛུབ་མོ་འགུལ་དགོས་པ་རེད། གཡས་ལག་གི་གོང་མཛུབ་དང་དཀྱིལ་མཛུབ་གཉིས་ཀྱིས་གཙོ་བོར་འཁྲབ་པ་དང་། རོལ་དབྱངས་ཀྱིས་རམ་འདེགས་བྱེད་པ་ཞིག་རེད།
     ད་ལྟ། མཛུབ་བྲོ་ལ་ཞབས་བྲོ་འཁྲབ་སྟངས་ཀྱི་རིམ་པ་བརྒྱད་ཡོད་པ་དང་། རམ་འདེགས་ཀྱི་རོལ་དབྱངས120ཙམ་ཡོད་པ་རེད། དུས་རྒྱུན་ཡིན་ན། གཉེན་སྟོན་དང་ཆོ་གའི་མཛད་སྒོ། འདུ་འཛོམས་སོགས་སུ་འཁྲབ་སྟོན་བྱེད་པ་རེད། སྔོན་ཆད་ཀྱི་སྐབས། མཛུབ་མོའི་ཐོག་རི་མོ་མི་འགོད་པར་ལག་མཛུབ་ཁོ་ནས་འཁྲབ་པ་རེད། སྒ་རྗེ་ཤང་སྤང་འགོ་གྲོང་ཚོའི་རང་ལོ46ལ་སོན་པའི་ཨ་སྐྱིད་ལགས་ནི་མཛུབ་བྲོའི་རྒྱུན་འཛིན་པ་ཞིག་ཡིན་ལ། ཁོང་གིས"ལོ་གཞོན་ཚོས་མཛུབ་མོའི་ཐོག་ལ་རི་མོ་བྲིས་ནས་འཁྲབ་སྟོན་བྱེད་པར་གསོན་ཤུགས་གསར་པ་ཞིག་བསྣན་ཡོད་ལ། འདི་ནི་སྲོལ་རྒྱུན་རྒྱུད་འཛིན་དང་གོང་འཕེལ་བཏང་བ་ཞིག་རེད། ཁོང་ཚོས་མུ་མཐུད་མཛུབ་བྲོ་འདི་ཉིད་དར་སྤེལ་གཏོང་བའི་རེ་བ་ཡོད"ཅེས་བརྗོད་པ་རེད། ཕྱག་ཕྲེང་རྫོང་ཕྲེང་སྨད་ཤང་གི་བཀྲ་ཤིས་ལྷ་མོ་ནི"མཛུབ་བྲོ་འདི་ཉིད་ལ་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་བས། སློབ་གྲྭ་ནས་མཐར་ཕྱིན་རྗེས། དཔལ་ཡུལ་རྫོང་གི་སྒྱུ་རྩལ་ཚོགས་པར་ཞུགས་ཡོད་ལ། ལས་གྲོགས་ཚང་མས་རྒྱུན་དུ་ལག་མཛུབ་ནས་ཞབས་བྲོ་འཁྲབ་པ་ན། ཁོ་མོས་དེར་དོ་སྣང་ཆེན་པོ་བྱེད་པ་དང་། དེ་ཉིད་སྦྱོང་འགོ་ཚུགས་ཏེ་ད་ལྟ་ལོ་གཉིས་ཀྱི་རིང་ལ་སློབ་སྦྱོར་བྱས་ཡོད"ཅེས་ཟེར།

      དཔལ་ཡུལ་རྫོང་རིག་གནས་ཡུལ་སྐོར་དང་རྒྱང་སྒྲོག་བརྙན་འཕྲིན་ཅུད་ཀྱི་འགོ་འཛིན་ཉི་མ་གཡུ་སྒྲོན་གྱིས་དཔལ་ཡུལ་མཛུབ་བྲོ་ནི་སྔོན་ཆད་རྒན་རབས་ཉུང་ངུ་ཞིག་གིས་འཁྲབ་ཤེས་པ་ནས་ད་ལྟ་རྫོང་ཡོངས་ཀྱི་མི100ལྷག་གིས་འཁྲབ་ཤེས་པ་ཞིག་ཏུ་གྱུར་ཡོད་ལ། མིག་སྔར། རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་འཇུག་རེ་ལེགས་གྲུབ་བྱུང་ཡོད་པར་མ་ཟད། མུ་མཐུད་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞུག་གི་མིང་གཞུང་དུ་འཇུག་རེ་ཞུ་བཞིན་ཡོད་ཅེས་མཚམས་སྦྱོར་བྱས་པ་རེད།
      ད་ལྟ། དཔལ་ཡུལ་རྫོང་གིས་དམངས་ཁྲོད་གླུ་གར་གྱི་གཞི་གྲངས་མཛོད་བསྐྲུན་པའི་ལས་གཞི་སྤེལ་འགོ་ཚུགས་ཡོད་ལ། ཟླ་བ་གཉིས་ཀྱི་རིང་ལ། བརྙན་གཟུགས་དང་། པར་རིས། སྒྲ་ཕབ་ཀྱི་རྣམ་པའི་ཐོག་ནས་གླུ་གཞས་བརྒྱ་ཕྲག་ཙམ་ཕབ་ལེན་བྱས་ཡོད་པར་མ་ཟད། ཆེད་མངགས་མཛུབ་བྲོའི་གླུ་གཞས་ཀྱང124ཙམ་གསར་སྒྲིག་བྱས་ཡོད། རྒན་རབས་ཀྱིས་དར་མ་སྐྱོང་བའི་རྣམ་པ་འདིར་བརྟེན་ནས་མང་ཚོགས་ལ་མཛུབ་བྲོ་རྒྱུད་འཛིན་དང་རྒྱུས་ལོན་སྔར་ལས་ལྷག་པ་ཡོང་བར་བྱས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།