མཚོ་ལྷོ་ཁུལ་མང་རའི་གཉེན་སྲོལ་ལས་གཉེན་བཤད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-02-06
ཀློག་གྲངས།:
གཉེན་བཤད།
གཉེན་ཚང་གིས།དེ་རིང་གནམ་ལ་བལྟས་ན་སྐར་མ་བཟང་གི །
ས་ལ་བལྟས་ན་སྐར་རྩིས་ཡག་གི །
བཟའ་སྐར་འཕྲོད་སྦྱོར་གྱི་ཉི་མ། །
བཀྲ་ཤིས་པའི་ཉི་མ། །
བདེ་ལེགས་འབྱུང་བའི་དུས་ཚོད། །
ཕུན་སུམ་ཚོགས་པའི་དུས་བཟང་། །
རྟགས་དང་རྟེན་འབྲེལ་འགྲིག་པའི་ཉི་མ་འདིར། །
ངག་རྟ་སྙན་མོ་དབྱངས་ལ་འགུག་ནས། །
ཁ་ལྕེ་དམར་བོ་འབྲུ་ལ་བླངས་ནས། །
མིད་ཐག་སྦུབས་པའི་དབུགས་ལམ་དྲངས་ནས། །
ཁྱེད་རྣམ་པ་ཚོར་གཉེན་གྱི་དར་བ་རྣམ་གསུམ་བཤད་ཁུལ་རེ་བྱས་ན།
དང་བོ་གཉེན་འདི་གནམ་ནས་དར་ཟིག །
གནམ་ས་གཉིས་ཀྱིས་གཉེན་བཟུང་ཟིག །
ནམ་མཁའི་སྲས་མོ་སྤྲིན་གྱི་མེ་ཏོག་དེ། །
ས་འཛིན་ལེགས་དཔལ་ཆེན་མོ་མནའ་མ་བྱིན་ཟིག །
ནོར་འཛིན་རི་རྒྱལ་ལྷུན་པོ་མག་པ་བྱས་ཟིག །
བར་བ་དུས་བཞི་རྒྱལ་མོ་བྱས་ཟིག །
སྔ་དཔོན་ཉི་མ་སེར་བོ་བྱས་ཟིག །
ཕྱི་དཔོན་ཟླ་བ་དཀར་བོ་བྱས་ཟིག །
སྐྱི་བསེར་རླུང་གིས་བག་རྟ་བྱས་ཟིག །
བག་རྟ་ཟེར་བ་དེ་ནས་དར་ཟིག །
སྨིན་དྲུག་ཁྲ་མོ་བག་རོགས་བྱས་ཟིག །
བག་རོགས་ཟེར་བ་དེ་ནས་དར་ཟིག །
ཐོ་རེངས་སྐར་ཆེན་རྫོངས་བ་བྱིན་ཟིག །
རྫོངས་བ་ཟེར་བ་དེ་ནས་དར་ཟིག །
སྤྲིན་དཀར་དམར་གཉིས་ཀ་བསྐོན་ནས་བྱིན་ཟིག །
དགུང་སྐར་ཚོགས་མང་བོའི་ཕྲ་བཏབ་ཟིག །
འཇའ་ཚོན་སྣ་ལྔའི་སྐ་རགས་བཅིངས་ཟིག །
རིན་ཆེན་སྣ་ལྔའི་རྒྱན་བཏགས་ཟིག །
དགུང་ཉི་ཟླ་གཉིས་ཀ་འགྲུལ་འགོ་བྱས་ཟིག །
རྒྱུ་སྐར་ཉེར་བརྒྱད་མགྲོན་ལ་ཆས་ཟིག །
སྤྲིན་དཀར་ནག་བར་ནས་གློག་དམར་འཁྱུག་གེ།
ལྷོ་གཡུ་འབྲུག་སྔོན་མོའི་ངར་སྐད་སྒྲོགས་ཟིག །
སྦྲང་ཆར་བསིལ་མས་བསུ་བ་བྱས་ཟིག །
དགུང་སྐར་ཚོགས་མང་བོས་སྐྱེལ་ནས་སོང་ཟིག །
ཚོགས་པའི་འཚོགས་སྟོན་དེ་ནས་དར་ཟིག །
དེ་ནས་གནམ་ས་གཉིས་ཀྱི་གཉེན་སྟོན་བྱས་ཟིག་ཟེར་རྒྱུ་རེད།
ཡ། བར་དུ་ལྷ་ཀླུ་གཉིས་ཀྱི་གཉེན་བཟུང་ཟིག །
སྟོད་ལྷའི་རྣམ་པར་རྒྱལ་བའི་ཁང་བཟང་ནས། །
ལྷའི་སྲས་མོ་འཆི་མེད་དབང་མོ་དེ། །
ཀླུ་རྒྱལ་གཙུག་ན་རིན་ཆེན་ལ་མནའ་མ་བྱིན་ཟིག །
ཀླུ་ཆེན་པདྨ་ཆེན་པོ་མག་པ་བྱས་ཟིག །
ཀླུ་རྒྱལ་དུང་སྐྱོང་དཀར་བོ་བར་བ་བྱས་ཟིག །
བར་བ་ཟེར་བ་དེ་ནས་དར་ཟིག །
ལྷ་མོ་དབྱངས་ཅན་མ་དེ་བག་རོགས་བྱས་ཟིག །
མཚམས་སྤྲིན་དམར་བོའི་གོས་བསྐོན་ཟིག །
རིན་པོ་ཆེ་སྣ་ཚོགས་རྒྱན་ཆ་བྱས་ཟིག །
ཡིད་བཞིན་ནོར་བུ་རྫོང་བ་བྱིན་ཟིག །
ལྷའི་དབང་བོ་བརྒྱ་བྱིན་འགྲུལ་འགོ་བྱས་ཟིག །
རྒྱལ་ཆེན་སྡེ་བཞི་མགྲོན་ལ་ཆས་ཟིག །
གཡུ་འབྲུག་སྔོན་མོ་བཅིབས་ནས་སོང་ཟིག །
བཅིབས་རྟ་ཟེར་བ་དེ་ནས་དར་ཟིག །
སྔ་དཔོན་རྗེ་བཙུན་འཇམ་དབྱངས་བྱས་ཟིག །
ཕྱི་དཔོན་ཕྱག་ན་རྡོ་རྗེ་བྱས་ཟིག །
ལྷ་སྲིན་སྡེ་བརྒྱད་ཀྱིས་སྔོན་བསུ་བྱས་ཟིག །
སྦྲང་ཆར་བསིལ་མས་བསུ་བ་བྱས་ཟིག །
བསུ་ཆང་ཟེར་བ་དེ་ནས་དར་ཟིག །
རྩྭ་ཀུ་ཤ་གཉིས་ཀྱི་གདན་བཏིང་ཟིག །
འབབ་སྟན་ཟེར་བ་དེ་ནས་དར་ཟིག །
དགུང་ཉི་མས་སྔོན་ནས་ཨ་ཞང་བསུས་ཟིག །
དུང་ཟླ་བས་གཞུག་ནས་ཨ་ནེ་བསུས་ཟིག །
ལྷ་ཀླུ་གཉིས་ཀྱི་སྟོན་མོ་བྱས་ཟིག །
གཉེན་སྟོན་ཟེར་བ་དེ་ནས་དར་ཟིག །
ལྷ་ཕྲུག་ཀླུ་ཕྲུག་རྩེད་རིག་རྩེས་ཟིག །
རྩེ་མོ་ཟེར་བ་དེ་ནས་དར་ཟིག་རེད་ཟེར་རྒྱུ།
ཡ། ཐ་མ། རྒྱ་བོད་གཉིས་ཀྱིས་གཉེན་བཟུང་ཟིག །
རྒྱའི་ཐང་ཐའེ་ཙུང་གི་སྲས་མོ་ཀོང་ཇོ་དེ། །
བོད་རྒྱལ་སྲོང་བཙན་སྒམ་པོར་མནའ་མ་བྱིན་ཟིག །
བློན་པོ་མགར་དམ་པ་བར་བ་བྱས་ཟིག །
རྟ་མཆོག་དཀར་མོ་གཤོག་དྲུག་བག་རྟ་བྱས་ཟིག །
གསེར་སྒ་ཉི་མ་རང་ཤར་བསྟད་ནས་བྱིན་ཟིག །
བུ་མོ་མེ་ཏོག་ལྷ་མཛེས་བག་རོགས་བྱས་ཟིག །
རྒྱའི་བུ་མོ་ཉི་ཤུས་བསྐོར་ནས་ཡོང་ཟིག །
ཟ་འོག་རི་མོ་སྣ་ཚོགས་ཀྱིས་གོས་བསྐོན་ཟིག །
ལིང་དར་ཚོན་སྣ་ལྔའི་སྐ་རགས་བཅིངས་ཟིག །
གཡུ་བྱུ་རུ་མུ་མེན་མུ་ཏིག་གིས་རྒྱན་བཏགས་ཟིག །
ཇོ་བོ་ཤཱཀྱ་མུ་ནེ་རྫོངས་པ་བྱིན་ཟིག །
རིན་ཆེན་སྣ་ལྔའི་ལེགས་སྐྱེས་བསྐུར་ཟིག །
བློ་རིག་པ་བརྒྱ་ཡི་བློ་རྩལ་དང་། །
ཐབས་ཤེས་སྟོང་གི་མཐུ་རྩལ་བླངས་ཟིག །
སྔ་དཔོན་ཐུགས་རྗེ་ཆེན་པོ་བྱས་ཟིག །
ཕྱི་དཔོན་རྗེ་བཙུན་སྒྲོལ་མ་བྱས་ཟིག །
བློན་པོ་ལི་ཏོ་ཙུང་དེ་འགྲུལ་མགོ་བྱས་ཟིག །
རྒྱའི་རྟ་བ་ལྔ་བརྒྱ་མགྲོན་ལ་ཆས་ཟིག །
ནོར་རིན་ཆེན་བང་མཛོད་བྱེ་བ་བརྒྱ་ཕྲག་བྱིན་ཟིག །
སྨན་དཔྱད་ལྡེ་མིག་ལག་ཏུ་བཞག་ཟིག །
ནད་རིགས་འཇོམས་པའི་སྨན་སྣ་བྱིན་ཟིག །
རྟེན་གསུམ་བཞེངས་ཀི་བཟོ་བོ་མངགས་ཟིག །
བཟོ་རྩལ་དྲུག་ཅུ་ཐམ་པ་བསླབ་ཟིག །
རྟེན་གྱི་རྫོང་སྐལ་འཁོར་བཞི་བྱིན་ཟིག །
རི་ཆུ་ས་དཔྱད་སྣ་མང་འཁྱེར་ནས་ཡོང་ཟིག །
བོད་ཟླ་བཞི་བའི་བཅོ་ལྔ་བོད་ལ་ཕེབས་ཟིག །
ཆུ་བོ་རྣམ་བཞི་གཡས་སུ་འཁྱིལ་བ། །
རྩྭ་རྩི་ཤིང་མེ་ཏོག་སྤང་དུ་མཛེས་པ། །
ས་གཞི་ཆེན་པོ་གཉེན་སྟོན་བྱས་ཏེ། །
གླུ་སྒྲ་སྟོང་གིས་བྲོ་གར་འཁྲབ་ཀི ། །
གཉེན་དོན་འཛམ་གླིང་ཡོངས་ལ་ཁྱབ་ཟིག །
རྒྱ་བོད་མཛའ་མཐུན་དེ་ནས་བྱུང་ཟིག་ཟེར་རྒྱུ་རེད།
ཡ། ད་གོང་གི་གཉེན་སྟོན་དཔེ་བླངས་ནས། །
བདག་གཞི་མགྲོན་གཉིས་ཀྱིས་གཉེན་སྒྲིག་ཟིག །
ན་ནིང་གི་ལོ་བཟང་མགོར་བཞག་ཟིག །
ད་ལོའི་ཟླ་བཟང་ལ་གཉེན་རྟགས་བརྒྱབ་ཟིག །
བར་བ་བསམ་པའི་དོན་འགྲུབ་ཀྱིས། །
རིའི་རི་བརྒྱུད་དེད་ནས་དཔལ་མཁར་བརྩིགས་ཟིག །
ཆུའི་ཆུ་བརྒྱུད་དེད་ནས་ཟམ་པ་འཕངས་ཟིག །
མྱིའི་མྱི་བརྒྱུད་དེད་ནས་ཉེ་བོ་སྒྲིག་ཟིག །
ཆང་བདུད་རྩི་བསིལ་མའི་དམ་བི་ལ། །
འཇའ་དར་ཚོན་བལ་གྱི་གཡང་བཏགས་ནས། །
ཐོག་འབྲི་མར་སེར་བོས་བརྒྱན་བཏང་ངེ། །
བདུད་རྩི་བུམ་པ་བཟུང་ནས་སྟོད་ལ་འགྲོ་གི །
དེ་རིང་གཉེན་སྐར་བཟང་བོ་འདིར། །
བདག་ཞང་འཛིན་གཉིས་ཀྱི་གཉེན་བཟུང་ཟིག
གཉེན་ཉེ་བོ་གཉིས་ཀྱི་བསམ་དོན་འགྲུབ་ཟིག །
ཨ་ཞང་རྣམས་ཀྱིས་གསེར་གྱི་ཡར་ཀྱག་མགོར་ཁུར་ལེ། །
དངུལ་གྱི་མ་ཀྱག་རྡོག་པས་མནན་ལེ། །
གསེར་གྱི་ཐབ་ཀ་མདུན་ལ་བསུ་ལེ། །
ཨ་ཞང་རྒྱལ་བོ་འདྲ་བོ་ཕེབས་ཡག་གི །
གཉེན་ཚང་བློན་པོ་འདྲ་བས་བསུ་ཡག་གི ། །
སྔོན་བསགས་བསོད་ནམས་འབྲས་བུ་ཡིན་ནེ། །
དབང་ཐང་དར་བའི་སྔ་ལྟས་ཡིན་ནེ། །
རྟེན་འབྲེལ་འགྲིག་པའི་ཐོག་མ་ཡིན་ནེ། །
བདག་གཞི་མགྲོན་གཉིས་ཀའི་རྟེན་འབྲེལ་ཡག་གི་རེད་ཟེར་རྒྱུ།
འོ ལེགས་སོ། ། ལེགས་སོ། །
འབྲེལ་ཡོད་འོས་སྦྱོར།