logo

མང་རའི་ཡུལ་གྱི་གཉེན་སློང་ཚུལ་དང་གྲོས་ཤ་གྲོས་ཆང་འཐུང་ཚུལ།

རྩོམ་པ་པོ།:《མང་རའི་ཡུལ་གྱི་གཉེན་སྲོལ》ལས་བ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-16 ཀློག་གྲངས།:

གཉེན་སློང་བ།

        གཉེན་སློང་བ་ནི་བུ་མོ་དང་མག་པ་དངོས་སུ་བསླངས་པ་ལ་ཟེར་ཏེ། མང་རའི་ཡུལ་དུ་དེ་ལ་ཆང་ཕང་ཁ་བཏགས་བྱིན་པ་ཞེས་ཟེར།
        སློང་དུ་འགྲོ་བ་ལ་བར་བས་ཆང་ཕང་ཁ་བཏགས་འཁྱེར་ནས་སློང་དུ་འགྲོ་བ་རེད།  བར་བ་ནི་སྡེ་བའི་ནང་གི་མི་འཇོན་ཐང་དང་རང་ཚུགས་ཅན།  མཚན་སྙན་ཡོད་པའི་མི་ཞིག་འདེམ་དགོས་པ་ལས།  ཁ་ལྕེ་བདེ་ཞིང་གཉེན་ཕྱོགས་ལ་བྱང་ཆ་ཡོད་པའི་བསམ་ཤེས་ཅིག་ཡིན་དགོས།  བོད་ལ་སྐྱེས་པ་ལས་བུད་མེད་བར་བ་འགྲོ་སྲོལ་ཡེ་ནས་མེད། མང་ཡུལ་དུའང་གཅིག་མཚུངས་རེད། བར་བ་ནི་གཉེན་ལ་མཁས་པའམ་ཁ་ལྕེ་བདེ་ན་གཉེན་ཚང་གི་འགྲོ་གྲོན་ཇེ་ཉུང་དུ་གཏོང་ཐུབ་པ་མ་ཟད།  གཉེན་དེ་མགོ་མཇུག་བར་གསུམ་ཚང་བ་ཞིག་འཁྱོངས་ཐུབ།  ཁྱིམ་ཚང་གཉིས་ཀའི་ཕྱོགས་ནས་ཁས་ལེན་པའམ་འབྲེལ་འདྲིས་བཟང་བའི་མི་ཞིག་ཡིན་ཏེ་གཉེན་སྒྲིག་ཆོ་ག་ནང་མེད་དུ་མི་རུང་བའི་མི་སྣ་གཙོ་བོ་ཞིག་ཡིན་པ་རེད། 
        བུ་མོ་གཞོན་ནུ་མ་རིམ་བཞིན་ལང་ཚོ་རྒྱས་ནས་མོའི་ལོ་བཅོ་ལྔ་ཡས་མས་སུ་སྐྲ་ཕབ་པའི་ཆོ་ག་ཞིག་ཡོད་དེ་བུ་མོ་རྒྱབ་ཀྱི་ཐོད་ལོག་ཅེས་པའི་འདོགས་ཆ་བླངས་ནས་གོས་སྐུད་སྣ་ལྔས་མཐའ་རྒྱན་ལ་གཡུ་བྱུར་མང་བོ་གྲལ་སྒྲིག་པའི་སྐྲ་ལོང་ལ་བརྗེས་པ་དེ་ནི་ན་གཞོན་གྱི་མཛད་སྒོ་ཞིག་ཡིན་ཏེ་ལང་ཚོ་རྫོགས་པའི་རྟགས་མཚན་ཞིག་ཡིན་པ་མ་ཟད། བརྩེ་དུང་རང་དབང་གི་སྒོ་མོ་འབྱེད་པའི་མཚན་མ་ཞིག་ཀྱང་ཡིན་པས་ཕ་མས་ཐེ་གཏོགས་ཆེན་པོ་མི་བྱེད།
        བོད་རིགས་བུ་མོ་རྣམས་ཀྱིས་པང་གདན་དཀྲིས་པ་དང་རྣ་ཕུག་པ། བྱུ་རུ་ཇེ་མང་གཏོང་བ།  སྐྲ་ཕབ་པ།  མགོ་གཡུ་འདོགས་པ་སོགས་ཡག་བཏོད་པ་ནི་ཡིད་ཀྱི་འགྱུར་བ་ཕྱི་ཚུལ་ལ་མངོན་པའིརྟགས་མཚན་དང་ལང་ཚོ་སྨིན་པའི་མངོན་རྟགས་ཞིག་ཀྱང་ཡིན། མང་ཡུལ་ཏུ་སྐྲ་ཕབ་པ་དང་རྣ་ཕུག་པ་ལས་གཞན་མི་འདུག  དེ་ནས་བཟུང་འཇིག་རྟེན་གྱི་ཁྱིམ་གཞི་བསྐྲུན་པའི་གོམ་པ་དང་པོ་སྤོ་འགོ་བརྩམས་པ་རེད།
        མོ་ལོ་བཅུ་དྲུག་དང་བཅོ་བརྒྱད་ལ་གཉེན་སྒྲིག་པ་ནི་ཤིན་ཏུ་ལེགས་ཤིང༌།① “བཅུ་དགུ་བུ་མོ་གདོང་ནག་མ།  མགོ་གསེར་གཡུས་བརྒྱན་ཡང་མ་ལེན་ཞིག”ཅེས་པ་ལྟར་བཅུ་དགུ་བུ་མོ་ལོ་ན་ཆེ་བས་མནའ་མ་མི་སློང་ཟེར་སྲོལ་འདུག 
        གཉེན་རྟགས་རྒྱག་དུས་སྔོན་ཕར་ཕྱོགས་ཀྱི་བུ་བུ་མོ་གང་རུང་དེ་ཅུང་ཙམ་འཐད་པའི་ཚིག་ཟུར་ཙམ་ལོན་ན་ངོ་སོ་ཆེ་བའི་རྒན་པོ་བསམ་ཤེས་ཞིག་ཆང་ཕང་ཁ་བཏགས་འཁྱེར་ནས་གཉེན་སློང་དུ་སྐུལ་བ་ཡིན། བར་བས་ང་དེ་རིང་ཉིན་བཟང་གི་དུས་འདི་དང་བསྟུན་ནས་འདི་བ་ཚང་གིས་ཁྱེད་ཚང་བུ་མོ་གཅེས་ཕྲུག་མ“གཉེན་སློང་དུ་མངགས་པའི་མི་ཡིན། འཕངས་བའི་མདའ་ཡིན”ཏེ“སེམས་ལ་འཛིན་རྒྱུའི་ཚིག་དང་རུམ་ལ་འཛིན་རྒྱུའི་བྲོ”ཤིག་གནང་རྒྱུར་ཞུ་བ་བྱས་པ་ཡིན། ཕ་མ་གཙོ་བྱས་ཏེ་ནང་མི་ཐམས་ཅད་འཐད་པ་བྱུང་ན་ཆང་ཕང་ཁ་བཏགས་བླངས་ནས་ཨ་ཁུ་དང་ཨ་ཞང་ཉེ་འཁོར་ལ་འདྲི་དགོས་ཞེས་ཐད་ཀར་ལན་མི་སྟེར་བ་རེད། བར་བ་ཐེངས་ཅི་ཙམ་སོང་བ་མང་ན་བུ་མོའི་རིན་ཐང་དེ་ལྟར་ཆེ།  ཁྱོད་ཐེངས་རྗེས་མར་ཤོག་དང་ལོན་གསལ་བོ་ཞིག་སྟེར་ངེས་ཡིན་ཟེར། སྤྱིར་བཏང“བར་བ་གཡང་ཁ”ཐེངས་གསུམ་ཙམ་མ་སོང་ན་བུ་མོ་སྟེར་རྒྱུའི་ཚིག་མི་སྟེར། མ་འཐད་ན་ཐད་ཀར་ཆང་ཕང་ཁ་བཏགས་ཕྱིར་སློག་སྟེ་བག་མ་གཞན་བཙལ་བར་འགོར་འགྱངས་བྱེད་དུ་མི་འཇུག
        བར་བ་ཐེངས་རྗེས་མར་ཡོང་དུས་ཁྱིམ་ཚང་ཕུ་ནུ་རྣམས་གྲོས་བགྱིས་ཏེ་འཐད་པ་ཡིན་ན་ཤ་འགོ་རུས་འགོ་མཐོ་བའི་ཉེ་བོ་དག་བོས་ནས་ཆང་དམ་བི་ཁ་ཕྱེས་ཏེ་མཆོད་ཁ་ཐེངས་གསུམ་ལ་འཕེན་ཞོར་དུ་དེ་རིང་ནས་བཟུང་ངེད་ཚང་གི་གཅེས་ཕྲུག་མ་འདི་ཁྱེད་ཚང་ལ་བྱིན་པ་ཡིན།  སྤྱིར་ཡིན་ན་ངེད་ཚང་གི་བུ་མོ་འདི་ངེད་རྒན་རྒོན་གཉིས་ཀྱིས“ལ་རིང་མོ་འགོ་བའི་ལག་རྟེན།  ཚེ་ཕྱི་མར་འགྲོ་བའི་ཡུལ་སྲུང”ལྟ་བུ་ཡིན་པས་གཞན་ལ་སྟེར་འདོད་མེད་མོད།  འོན་ཀྱང༌། འུ་ཅག་ ཁྱིམ་ཚང་གཉིས་སྔོན་ནས་ད་ལྟའི་བར་དུ་“གཉེན་ཐོག་གཉེན་དང་ལྕགས་ཐོག་ལ་རྣོ”ཡིན་པས་བཟང་ཐོག་ལ་བཟང་བརྗོད་རྒྱུ་མ་གཏོགས། ངན་ཏིལ་འབྲུ་ཙམ་ཡང་བརྩི་རྒྱུ་མེད།  ཉེ་བོ་ཞེ་མཐུན་དང་བཟང་བོ་ལས་མཐུན་ཡིན་ཏེ་སྐྱིད་ཀྱི་འཚོ་བ་མཉམ་རོལ་དང༌།  སྡུག་གི་འཁུར་བོ་མཉམ་འཁུར་བྱེད་པ་ཡིན་པ་དང༌།  བར་བ་རྒན་པོས་དཀའ་ཚེགས་ལ་མ་འཛེམས་པར་ཐེངས་གང་མང་ལ་ནན་ཞུ་བྱེད་དུ་ ཡོང་བས་དཀའ་སྡུག་གང་མང་མྱང་མཐར་ཁྱོད་ཀྱི་ངོ་སོ་མ་ཆོད་པར་གཅེས་ཕྲུག་འདི་ཁྱེད་ཚང་ལ་བསྟེར་རྒྱུ་ཡིད་འཐད་བྱུང་བ་ཡིན་ཞེས་བརྗོད་ མ་ཐག  བར་བ་རྒན་པོ་ཡིས། འོ་ལེགས་སོ། །  ལེགས་སོ། །  “བླ་མས་ཅི་གསུང་བཀའ་ཡིན།  མཛུབ་གུས་གར་བསྟན་ཤར་ཡིན”ཁ་དྲོ། བཀྲ་ཤིས། རྨ་བྱས་འབྲུག་སྒྲ་ཐོས་པ་བཞིན་དགའ་སྤྲོ་སྣང་གིས་བརྟས་པར་གྱུར་ནས་འདོད་དོན་འགྲུབ་པའི་གཏམ་བཟང་འདི་གཉེན་ཚང་ལ་བསྐྱལ་བ་ཡིན།
        བུ་དང་བུ་མོས་ཕན་ཚུན་རིག་མ་མྱོང་བ་དང་ཆ་རྒྱུས་གསལ་བོ་མེད་པར་ཕ་མས་གཉེན་རྟགས་བརྒྱབ་ནས་གཉེན་སྒྲིག་པའང་གང་མང་ཡོད། རང་དབང་རང་འཐད་ཀྱིས་གཉེན་སྒྲིག་བྱས་པའང་ཡོད། རང་དབང་མ་ཡིན་པའི་གཉེན་སྒྲིག་དེ་མཐའ་འཁྱོངས་པ་ཡང་མང་བོ་ཡོད་ལ་བཟའ་ཚང་མི་མཐུན་པའི་ཁར་བཟའ་འཐོར་བ་ཡང་གང་མང་ཡོད། ད་ལྟ་གཉེན་སྒྲིག་པ་མང་ཤོས་ནི་སྔོན་ཆད་ཀྱི་སྲོལ་དེ་ལས་བརྒལ་ཏེ་རང་དབང་རང་འཐད་བརྒྱུད་ནས་གཉེན་སྒྲིག་པ་དང་ཕ་མས་སྒྲིག་པ་ལས་སྔོན་གྱི་སྲོལ་དེ་སྐྱོང་མཁན་ཤིན་ཏུ་ཉུང༌།

གྲོས་ཤ་གྲོས་ཆང་འཐུང་བ།

        གྲོས་ཤ་གྲོས་ཆང་ནི་བག་མ་དུས་ནམ་ཞིག་ལ་སྐྱེལ་བ་དང་ཇི་ལྟར་སྐྱེལ་བ། བག་མའི་གོས་དང་རྒྱན་ཆ། ཨ་མའི་ནུ་རིན། ཨ་ཞང་དུ་ཡིས་སྐྱེལ་བ་སོགས་གཏན་ལ་འབེབ་པའི་ཆེད་དུ་ལུག་བཤས་ཏེ་ཆང་འཐུང་ནས་གྲོས་བྱེད་པ་ལ་ཟེར།
        དེ་ཡང་གཉེན་ཚང་གིས་ཉིན་བཟང་སྐར་བཟང་ཞིག་འདེམས་ནས་བར་བ་རྒན་པོ་དང་མག་པ་གཉིས་ཀྱིས་ཤ་ཁོག་གཅིག་དང་ཡང་ན་གསོན་ལུག་ཅིག  ཆང་དཀར་ནག ཝུ་ཆང༌།  ཀ་ར།  བ་དམ།  ཁ་ཟས་གང་མང་ཁྱེར་ཡོང་སྟེ་ཨ་ཞང་ཚང་གི་ཉེ་འབྲེལ་རྩ་ལག་ཐམས་ཅད་བོས་ནས་ལུག་བཤས་ཏེ་ཁྲག་རྒྱུ།  གཡོས་རྒྱུ།  ཕྱེ་རྒྱུ་སོགས་བླུགས་ཏེ་ཤ་འཚོད་པ།  ཆང་ཀ་ར་སིལ་ཏོག་ཚང་མ་བཤམས་ནས་བུ་མོའི་གྱོན་ཆས་དང་ཨ་མའི་ནུ་རིན་སོགས་གཏམས་པ་རེད།
        ཉིན་དེར་ཁྱིམ་དེའི་ཤ་ཉེ་རིང་ཐམས་ཅད་འབོད་པའི་སྲོལ་ཡོད་དེ། ཤ་ལ་ལོངས་སུ་སྤྱོད་ཅིང་ཆང་འཐུང་བཞིན་རང་རང་གི་འདོད་མོས་བཞིན་བུ་མོའི་ཐད་ནས་གཏམ་སྣ་ཚོགས་ལབ་པ་རེད། སྲིད་པའི་ཁ་དཔེ་ལ“ཚོང་མཐོ་རུ་གཏམས་ན་དམའ་རུ་འགྲོ་བ། གཉེན་ཆུང་ངུ་གཏམས་ན་ཆེ་རུ་འགྱུར་ངེས”ལྟར་དང་ཐོག་ཚང་མས་འདོད་པ་བཞིན་ཁ་ནང་དུ་ཡོང་སྟངས་མང་པོ་བཤད་མཐར་རིམ་བཞིན་ཇེ་ཆུང་ལ་བཏང་ནས་ཁྱིམ་གྱི་འབྱོར་བའི་ཚད་དང་བསྟུན་ནས་བྱུ་རུ་ཆེ་ཆུང་དང་མང་ཉུང་སོགས་གཏན་ལ་ཕབ་པ་ཡིན།  བྱུ་རུ་སྐེ་རྒྱན་དང༌།  གསེར་གྱི་རྣ་ལུང༌། མཛུབ་དཀྲིས། སྐག་བཅིངས། སྐྱ་ ལོང༌།  བ་སོའི་སོར་གདུབ།  གོས་ཚར་ལྭ་སོགས་རིན་ཐང་ཅན་གང་མང་དང་ཨ་མའི་ནུ་རིན།  མགྲོན་བཅའ་ཚུལ།  དྲི་སྐོལ་འཛིན་ཚུལ་རྒྱས་པ་ཡིན་ན་བརྒྱ་དང་བཅུ་གསུམ་ཚང་དགོས།  འབྲིང་ཡིན་ན་རིམ་པ་བཅུ་གསུམ་ཚང་དགོས། མ་མཐའ་ཡང་དྲི་སྐོལ་གསུམ་ཚང་དགོས་ལ་ཇི་ལྟར་འཛིན་ཚུལ། འབབ་སྟན་དང་སྒོ་འབྱེད་ཡོད་མེད། མག་པའི་རྣ་འབྱོག  མ་སྲུ་འགོག་ཚུལ།  དཀར་ཡོལ་དཀར་རྒྱུན་གྱི་གྲངས་ཀ  ཞང་བོའི་ཞང་རྟ།  མིང་བོའི་མིང་རྟ། བོད་རྒྱ་མགྲོན་གཉིས་ཀྱི་གང་ཡིན་ཚུལ་སོགས་འབྲེལ་ཡོད་གནད་དོན་མང་བོ་ཞིག་ཐག་གཅོད་གནང་བ་དེར་ཕྱི་གྲོས་རགས་མོ་ཟེར་བ་རེད།
        དེར་ཚོགས་པའི་ཤ་ཉེ་རྣམས་རེས་མོས་སུ་བཤད་ལ། དཔེར་ན། ངེད་གའི་བུ་མོ་ཚ་མོ་འདི། མ་རྨ་བྱ་འདྲ་བའི་བུ་མོ་ཡིན།  ཕ་ཉི་མ་འདྲ་བའི་བུ་མོ་ཡིན།  ཞང་ཟླ་བ་འདྲ་བའི་ཚ་མོ་ཡིན། ཕ་ཁུ་རི་རབ་འདྲ་བའི་གཅེས་ཕྲུག་ཡིན།  མིང་བོ་འབྲོང་དམར་འདྲ་བའི་སྲིང་མོ་ཡིན།  ནུ་བོ་རྒྱ་སྟག་འདྲ་བའི་ཨ་ཅེ་ཡིན། ཕ་བཟང་གི་བུ་མོ། ཞང་བཟང་གི་ཚ་མོ། ཤ་རྩ་བྱུ་རུ་དམར་བོ་ཡིན།  སོ་རྩ་དུང་སོ་དཀར་མོ་ཡིན། ཞེ་རྩ་ཨ་འཇམ་ཚ་རུ་ཡིན།  ཕ་ཨ་ཁུ་རྣམས་ལ་བརྩི་འདང་ཆེ།  མ་སྲུ་མོ་རྣམས་ལ་བྱང་སེམས་ཆེ།  ནང་བཟའ་ཚང་གྲོགས་ལ་འདང་བརྩི་ཆེ།  ཆུང་བྱིས་པ་རྣམས་ལ་བྱམས་བརྩེ་ལྡན། ལག་ལས་ཀ་མེ་སྟག་མེ་ཆ་ཡིན།  ཕྱི་སྡེ་བས་རིག་ན་ཡིད་སྨོན་འཆོར།  ནང་ན་ཟླས་རིག་ན་ཡིད་སེམས་འགུལ་ཐེབས་པའི་བུ་མོ་ཡིན་རྐྱེན།  དགུང་སྔོན་པོ་འདྲ་བའི་གོས་དགོས།  སྤྲིན་དཀར་བོ་འདྲ་བའི་ཚར་ལྭ་དགོས།  འབྲུག་ཕོ་ཆུང་འདྲ་བའི་འདོགས་ཆ་དགོས།  དགུང་མཚམས་སྤྲིན་འདྲ་བའི་སྐ་རགས་དགོས། ཆར་ཟིལ་མ་འདྲ་བའི་གཡུ་བྱུར་དགོས།  དེ་དགོས་ནས་མིན་ལ་འབབ་ནི་ཡིན།  དགོས་པ་ནམ་མཁའི་མཐའ་ཡིན་ནོ། འབབ་པ་རྒྱ་མཚོའི་གཏིང་ཡིན་ནོ་འདི་ངེད་ཚང་གི་མིང་ཡིན་ནོ།  ཁྱོ་ཀའི་ནོམ་ཡིན་ནོ། བུ་མོའི་རྒྱན་ཡིན་ནོ། འདི་མི་འབབ་པའི་བུ་མོ་ཡིན་ནི་མ་རེད།  ཅེས་པའི་ཕར་བཤད་ཚུར་བཤད་སྣ་ཚོགས་བྱེད་མཐར་ དོན་དངོས་ལ་འཇོག་པ་ཡིན་ནོ། །②
        བོད་མིར་གྲངས་ཀ་མང་བ།  རིན་ཐང་ཆེ་བ།  མདོག་ལྡན་པ།  བོངས་ཆེ་བར་དགའ་བོ་བྱེད་པའི་འདུ་ཤེས་འཛིན་སྟངས་ནི་བོར་ཐབས་མེད་པའི་ཁྱད་ཆོས་ཞིག་ཡིན་ཏེ། མི་རྣམས་ཀྱི་སེམས་ཁོང་ན་གཏན་དུ་གནས་པའི་མཛེས་དཔྱོད་ཀྱི་ལྟ་ཚུལ་ཡིན་སྟབས་རིག་གནས་དང་ཁོར་ཡུག་ལ་འབྲེལ་ཆེན་པོ་ཡོད་སྙམ།  དགོང་མོ་དེར་གྱོན་ཆས་སོགས་བཤད་པ་མང་དྲགས་ན་ཕྱི་ནངས་སྔ་མོར་བར་བས་བུ་མོའི་ཨ་ཕ་དང་ཨ་ཁུར་ཞུ་བ་ནན་མོ་ཡང་དང་ཡང་དུ་ཞུས་ན་གཉེན་ཚང་གིས་དེ་འདྲ་མང་པོ་ཞིག་སྐོལ་ཀྱིན་མེད་པས་ཇེ་ཉུང་དུ་གཏོང་བཞིན་ཡོད་པ་དེར་ནང་གྲོས་ཞིབ་མོ་ཟེར།  ཉིན་བཟང་སྐར་བཟང་གི་བག་སྐར་ ཞིག་འདེམས་ནས་ཨ་ཞང་ཅི་ཙམ་གྱིས་བསྐྱལ་རྒྱུ་གཏན་ལ་འབེབས་པ་ཡིན། 
        ངེས་པར་མེད་དུ་མི་རུང་ཞིག་ནི་གྲོས་བྱེད་སྤྱད་ཀྱི་ཤ་ཆང་མེད་ན་གྲོས་འགོ་མི་འཁྱོངས། “གྲོས་འགོ་མ་ཚོན་པོ་ཤ་ཡིས་བྱེད།  གྲོས་བར་མ་སྔོན་མོ་ཆང་གིས་བྱེད།  གྲོས་གཞུག་མ་སྙན་མོ་གཏམ་གྱིས་བྱེད”ཅེས་པ་ལྟར་ཤ་ཉེ་མང་གྲོས་ཤ་དང་ཆང་གིས་མགྲོན་འབོད་གཏོང་བ་བཞིན་གཅིག་རྗེས་གཉིས་མཐུད་དུ་ཐོན་གྱིན་འདུག གྲོས་ཤ་གྲོས་ཆང་ནི་བདག་གཞི་མགྲོན་གཉིས་ཀའི་གྲོས་མོལ་བྱེད་པའི་ཚོགས་འདུ་ཡིན་ཏེ་ཐག་གཅོད་གནང་དགོས་པའི་གནད་དོན་མང་པོ་ཕན་ཚུན་གྲོས་བགྱིས་ཏེ་གཏན་ལ་ཕབ་པ་ཡིན། སྔ་མ་གྲོས་ཡག་ན་རྗེས་མའི་ལམ་བཟང་ཞེས་པ་ལྟར་གཉེན་གྱི་ཆོ་གའི་ནང་མེད་དུ་མི་རུང་བའི་དོན་གལ་ཆེན་ཞིག་རེད།
མཆན་འགྲེལ།
①དེ་ནི་དགེ་འདུན་ཆོས་འཕེལ་གྱི《འདོད་པའི་བསྟན་བཅོས》ལས། “དེའི་ཕྱིར་ཕོ་ལོ་ཉེར་བཞི་ལོན་པ་དང༌། །  བུད་མེད་བཅུ་དྲུག་ལོའམ་བཅོ་བརྒྱད་མ། ། འདོད་པ་འོས་པའི་དུས་ལ་བབས་གྱུར་ཅིང༌། ། ཁྱིམ་སོ་འཛིན་དག་ཀྱང་འདི་ནས་བྱ། །”ཞེས་པ་མཐུན།
②སྔར་ཡིན་ན་སྲམ་གྱི་ཆེ་ཆུང་དང་སྲམ་ཁྲ་ཡིན་མིན་བཤད་ཚུལ་མང་པོ་འདུག་ཀྱང་མང་ཚོགས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་སྔར་ལས་ལྷག་པར་ཞིག་ཇེ་མཐོར་སོང་ཁར“ཚད་ལས་བརྒལ་བའི་རྒྱན་ཆ་ནི་མི་རིགས་ཀྱི་གེགས་རྡོ”ཡིན་པ་ངོས་ཟིན་རྗེས། 2006ལོར་རྒྱན་ཆ་ཇེ་བཅོས་བསྒྱུར་བྱེད་པའི་མཐོ་རླབས་འཕྱུར་བས་སྲམ་པགས་རིམ་བཞིན་མཐོང་རྒྱུ་མེད་པར་གྱུར་འདུག


འབྲེལ་ཡོད་འོས་སྦྱོར།