logo

མཚོ་སྔོན་མང་ར་ཡུལ་གྱི་གཉེན་སྒྲིག་སྟངས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-06 ཀློག་གྲངས།:

དང་པོ། མང་རའི་གཉེན་སྒྲིག་གི་ཁྱད་ཆོས།
        གཉེན་སྒྲིག་ནི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་དང་གདུང་རྒྱུད་འཛིན་སྤེལ་བྱེད་པའི་སྣང་ཚུལ་ཞིག་ཡིན་པས་གཙོ་བོ་སྐྱེས་པའི་ཕྱོགས་ནས་རིགས་རྒྱུད་སྤེལ་བ་དང༌།  ཁྱིམ་ལས་གཉེར་བ།  ཕ་གཞི་རྒྱུད་འཛིན་བྱེད་པ།  ཐོན་སྐྱེད་སྤེལ་བ་བཅས་གཙོ་བོ་བཟུང་ནས་ཨ་ཅེ་དང་སྲིང་མོ་གནས་ལ་སྟེར་བ་ཡིན།  བུ་ལ་མནའ་མ་བསུ་སྟེ་ཕ་ཤུལ་བུ་འཛིན་བྱེད་པའི་སྲོལ་རྒྱུན་འབྱམས་སུ་སོང་ཡོད།
        དེའི་ཕྱིར།《གླིང་སྒྲུང》དུའང“སྨན་བུ་མོ་ཁྱིམ་ལ་སྡོད་ཐབས་མེད”ཅེས་གསུངས་པ་ནི་བུ་མོ་གནས་ལ་འགྲོ་བའི་གནས་ལུགས་བསྟན་ཡོད།  གལ་ཏེ་བུ་མེད་ན་བུ་མོ་ལ་མག་པ་བསུ་བའི་ཆོ་ག་སྤེལ་བཞིན་འདུག①
        མང་ཡུལ་ན་མག་པ་བསུ་བ་མཐོང་རྒྱུ་ཡོད་ནའང་ལྟ་སྟངས་འཛིན་ཚུལ་བག་མ་དང་གཅིག་མཚུངས་རེད།  བུ་རྒོད་པོ་ཡིན་ན་མག་པར་མི་འགྲོ་བ་རེད།  གལ་ཏེ་མག་པར་སོང་ན་འདྲ་མེད་ནུས་ཆུང་ཞིག་ལ་བརྩི་བཞིན་འདུག་པས་མག་པར་འགྲོ་བ་ཧ་ཅང་ཉུང༌།  “ཕ་ཤུལ་བུ་ཡིས་འཛིན་དགོས”ཞེས་པ་ལྟར་བུ་ཡོད་ན་བུ་མོར་མག་པ་མི་འཇོག  བུ་མེད་ན་བུ་མོར་མག་པ་འཇོག་སྲོལ་འདུག  མག་པ་རྒོད་དྲགས་ན་ཨ་ཞང་དང་ཨ་ནེ་ལ་ཁ་ཐང་དང་དབང་ཐང་མེད་པར་འགྲོ་ཉེན་ཆེ། མག་པ་གཉོམ་ཆུང་ཡིན་དྲགས་ན་ཁྱིམ་ཚང་ཉམས་རྒུད་དུ་འགྲོ་ཉེན་ཆེ་བས་མག་པ་ལེན་པ་ཤིན་ཏུ་ཉུང་ཙམ་ལས་མི་འདུག  གཞན་བུ་མང་པོ་ཡོད་ཅིང་རེ་རེར་མནའ་མ་བསུ་བའི་གནས་ཚུལ་འོག་བུ་མག་པ་སྟེར་བའི་སྲོལ་ཡོད།
        མང་རའི་ཡུལ་གྱི་གཉེན་འཛིན་སྟངས་ལ་དུ་མ་ཡོད་དེ།༡རང་དབང་རང་འཐད།༢ཕ་མས་སྒྲིག་པ་གཉིས་སུ་དབྱེ་ཆོག་ལ།  རང་དབང་རང་འཐད་ལ་ཕ་མ་འཐད་དེ་གཉེན་སྒྲིག་བྱས་པ་ཞིག་དང་ཕ་མ་མ་འཐད་པར་ཁྲིད་པ། ཕྱོགས་གཉིས་ཀའི་ཕ་མ་མ་འཐད་པར་འབྲོ་བ། ཕ་མས་སྒྲིག་པ་ལ་ཆུང་གཉེན་སྒྲིག་པ། བསླངས་པ།  སྲུ་མོ་ནུ་བོས་བླངས་པ་གསུམ་ཡོད། ད་ལྟའི་བར་དུ་ཁྱོ་མང་ཤུག་གཅིག་གི་ལམ་ལུགས་དང༌། ཁྱོ་གཅིག་ཤུག་མང་གི་ལམ་ལུགས་བྱུང་མེད།
        རང་དབང་རང་འཐད་ལས་ཕ་མས་སྒྲིག་པ་ནི་ཕོ་མོ་རང་འཐད་ཀྱིས་ཕན་ཚུན་ངོ་ཤེས་ཏེ་ཁྱིམ་གཅིག་ཏུ་འདུག་པའི་བློ་མཐུན་ཚེ་ཕ་མ་ལ་ཞུས་ཏེ་གཉེན་སྒྲིག་བྱས་པ་ཞིག་ཡིན།
        ཁྲིད་པ་ནི་རང་དབང་རང་འཐད་ཡིན་ཀྱང་བུ་མོའི་ཕ་མ་མ་འཐད་པར་ཕོ་མོ་གཉིས་ཀ་འུ་ཐུག་ནས་ལྐོག་ཏུ་ཁྱོ་བོའི་ཁྱིམ་དུ་འབྲོ་བའི་བྱ་སྤྱོད་ཅིག་ཡིན། དེ་ཡང་ནམ་གུང་གི་དུས་མག་པས་གྱོན་ཆས་ཆ་ཚང་འཁྱེར་ཡོང་ཏེ་བུ་མོའི་གྱོན་པ་བརྗེས་ནས་སྒོ་འགོ་དང་མལ་ཐུལ་སྟེང་ལ་ཁ་བཏགས་འཐེན་ནས་གཉེན་ཚང་ལ་འགྲོ། ཕྱི་ཉིན་གཉེན་ཚང་གིས་བར་བ་ཞིག་ཆེད་དུ་གཉེན་སློང་བར་མངགས་པ་རེད།
ཕྱོགས་གཉིས་ཀའི་ཕ་མ་མ་འཐད་པར་འབྲོ་བ་ནི་ཕོ་མོ་གཉིས་རང་འཐད་ཀྱིས་ཁྱིམ་གཅིག་ཏུ་འདུག་པར་གཏན་ཁེལ་བྱས་ཀྱང་ཕྱོགས་གཉིས་ཀའི་ཕ་མ་མ་འཐད་པས་གཉིས་ཀ་བཟའ་ཚང་བྱས་ནས་ཡུལ་གཞན་ལ་ལྡོམ་ནས་འབྲོ་བ་དེ་རེད།
        ཕ་མས་གཉེན་སློང་བ་ནི་ཕོ་མོ་གཉིས་ཀ་ངོ་ཤེས་མིན་གང་ལྟར་ཡང༌། ཕ་མས་ཐག་བཅད་ནས་གཉེན་གྱི་གོ་རིམ་བཞིན་གཉེན་སྒྲིག་པ་ཡིན།།
        སྲུ་མོ་ནུ་བོས་ལེན་པ་ནི་ཆེས་དམིགས་བསལ་གྱི་གཉེན་སྒྲིག་ཅིག་སྟེ། ཕུ་བོ་འདས་རྗེས་བུ་བུ་མོ་དང་བཟའ་ཟླ་རྣམས་ཀྱིས་འཚོ་བ་རོལ་ཐབས་བྲལ་བའི་གནས་སུ་ལྷུང་བ་ན་ཕ་མའི་རེ་བ་བཞིན་ཁྱོ་གའི་ནུ་བོ་དང་སྤུན་རྒྱུད་ལ་གཉེན་བསྐྱར་སྒྲིག་བྱེད་པ་ནི་བུ་ཕྲུག་དེ་དག་གི་ཆེད་དུ་དམིགས་བསལ་གྱིས་གཉེན་སྒྲིག་སྟངས་ཤིག་ཡིན།
        ཆུང་གཉེན་སྒྲིག་པ་ནི་ཕྱོགས་གཉིས་ཀའི་ཕ་གཉིས་ཀྱིས་བྱིས་པ་གཉིས་ཀ་མངལ་ན་ཡོད་པའི་དུས་གཅིག་བུ་དང་གཅིག་བུ་མོ་ཡིན་ན་ཕན་ཚུན་ལ་གཉེན་སྒྲིག་པའི་ཁས་འཆེས་བྱེད་པ་ཞིག་ཡིན།
གཉིས་པ། གཉེན་རྟགས་རྒྱག་པ།
        གཉེན་རྟགས་རྒྱག་པ་ནི་བུ་ལ་མནའ་མ་སློང་བའམ་མག་པ་སློང་བའི་ཆེད་དུ་ཕ་རོལ་བའི་བུ་བུ་མོ་ལ་གཉེན་འབྲེལ་གྱི་རྟགས་སུ་སློང་ཆང་བྱིན་ནས་རྟགས་སུ་བཞག་པ་ཡིན། དེ་སློང་ཆང་ཁ་མ་འབྱེད་ཅིང་བུ་མོ་དང་ཡང་ན་མག་པ་བསྟེར་རྒྱུའི་ཚིག་བྱིན་པ་དེ་ལ་ཟེར།
        དེ་ནི་གཉེན་གྱི་འགྲོ་སྟངས་ཤིག་ཡིན་པས་ཕོ་མོ་ཕྱོགས་གཉིས་ཀའི་དོ་སྣང་ཆེན་པོ་བྱེད་བཞིན་ཡོད།  “སྔར་འཛམ་གླིང་སེང་ཆེན་རྒྱལ་བོ་ཡར་ཁམས་བྱང་ལ་འབྱོན་པའི་ལམ་དེར། དར་ཡུལ་སྟོད་སྡེ་ཁྲི་སྐོར་བཅུ་བདུན་གྱི་དཔོན་པོ་དར་རྗེ་ཉི་མ་ཁྲི་བཙུན་ཞེས་བྱ་བ་ཞིག་ཡོད་པས། གཞི་ལ་གདན་དྲངས་ནས་དད་གུས་དང་ཞབས་ཏོག་ཕུལ་བ་དང་བླངས་སུ་བགྱིས་པ་དང༌།  དེ་ཉིད་སྲས་མོ་གཞོན་པ་དར་བཟའ་གཡུ་ཡི་སྒྲོན་ནེ་ཟེར་བ་དེ་ལ་འཛམ་གླིང་སེང་ཆེན་གྱིས་ལྷ་གཡུ་མདའ་དར་བཙུགས་ནས་སྣང་ངུ་གཡུ་སྟག་གི་བག་མར་བཞེས་པའི་ཞལ་དམ་གནང②”ཞེས་གཉེན་རྟགས་སུ་གཡུ་མདའ་དར་བཙུགས་ཏེ་གླིང་གི་མནའ་མ་ཡིན་པ་ཀུན་ལ་ཁྱབ་བསྒྲགས་གནང་བ་ལྟར་ཡིན། 
        ཕོ་མོ་རང་འཐད་ཀྱི་གཉེན་རྟགས་ནི་མཛུབ་དཀྲིས་དང་འདང་རྩིས་ཆེ་བའི་དངོས་པོ་ཕན་ཚུན་བརྗེ་རེས་བྱེད། གནམ་སྔོན་པོ་དཔང་ལ་བཙུགས། ཤི་ན་མཉམ་ཤི་དང་སྐྱིད་ན་མཉམ་སྐྱིད་ཀྱི་དམ་བཅས། མནའ་སྐྱེལ་བ་རེད།  ཁྲིད་པ་དང་བྲོས་པ་ཡང་རང་མོས་རང་འཐད་ཡིན་པས་ཕན་ཚུན་བློ་མི་འགྱུར་བའི་རྟགས་སུ་དངོས་བོ་སྟེར་བ་ལས་གཉེན་རྟགས་འདི་ཡིན་ཞེས་མེད།  ཆུང་གཉེན་སྒྲིག་པ་ལ་སྔར་བཤད་པའི་ཚིག་ཐོག་ནས་འདུག་པ་ལས་གཉེན་རྟགས་མེད། 
        གཉེན་རྟགས་དངོས་གནས་པ་ནི་ཆང་ཕང་ཁ་བཏགས་བླངས་བ་ལ་ཟེར་ཞིང༌། མིང་ལ་ཁ་བཏགས་བླངས་པའམ་གཉེན་རྟགས་བརྒྱབ་པ་ཟེར་ལ། ཕ་མ་དང་ཞང་བོ། ཨ་ཁུ་གཙོ་བྱས་པའི་ཉེ་རྒྱུད་རྩ་ལག་ཐམས་ཅད་གྲོས་མཐུན་བྱུང་སྟེ་བུ་མོ་བསྟེར་རྒྱུ་འཐད་པ་བྱུང་ན་ཆང་ཕང་ཁ་འབྱེད་དེ་ཚིག་བྱིན་པ་ལ་ཟེར། ཕན་ཚུན་ཕྱོགས་གཉིས་ཀས་གྲོས་བྱས་ཏེ་གཉེན་རྟགས་ལ་མི་འགྱུར་གོར་མོ་རྡོ་བཞིན་ཚིག་རྟིང་ཚིག་གིས་མནན་ནས“མདའ་ཤོར་ནམ་མཁས་མི་ཁོག ། ཚིག་ཤོར་རྟ་བོས་མི་ཟིན། །”ཅེས་པ་ལྟར་འགྱུར་ལྡོག་འབྱུང་མི་སྲིད་པ་དེ་རེད། གལ་ཏེ་འགྱུར་བ་བྱུང་ཚེ་ཕ་རོལ་གྱི་སྙན་གྲགས་ལ་གནོད་པའམ་ངོ་ཚ་ཉོས་པས་སྐྱིན་ཚབ་ལྡབ་འགྱུར་གྱིས་སྤྲོད་དགོས།
        གཉེན་རྟགས་བརྒྱབས་ན་བུ་མོ་དེ་གཞན་ལ་མནའ་མ་བྱིན་མི་ཆོག་ལ་གཞན་གྱིས་མནའ་མར་སློང་མཁན་བྱུང་ན་ཡང་གཉེན་རྟགས་བརྒྱབས་པའི་ཚུལ་དེ་བཤད་དགོས། གཉེན་རྟགས་བརྒྱབས་པའི་བུ་མོ་ཞིག་གཞན་གྱིས་ཁྲིད་པའམ་ཡང་ན་གཞན་ལ་བག་མར་བྱིན་ན་དེ་ནི་ཕན་ཚུན་བར་གྱི་གྱོད་ལ་འགྱུར་སྲིད།
གསུམ་པ། གཉེན་སྒྲིག་གི་འཛེམ་བྱ།
        སྤྱིར་བོད་ཀྱི་གཉེན་སྒྲིག་ནང་འཛེམ་དོགས་བྱེད་དགོས་པའི་དོན་དག་འགའ་སྣང་བ་ནི་ཚན་རིག་དང་མཐུན་པའི་སྡོམ་ཚིག་ཅིག་ཡིན། འཛེམ་བྱ་ནི་བོད་མིའི་བསམ་བློའི་འདུ་ཤེས་དང་འཚོ་བའི་གོམས་གཤིས་ལ་འབྲེལ་བ་དམ་པོ་ཡོད་པས་ཚོད་འཛིན་བྱེད་པའི་སྤྱི་ཚོགས་སྣང་ཚུལ་ཞིག་ཡིན། མང་རའི་ཡུལ་གྱི་གཉེན་སྒྲིག་ཕྱོགས་ཐད་ནས ༡ ཉེ་དུ་གཉེན་སྒྲིག་པ་འཛེམ་བྱར་བྱེད་པ།③༢ ཤ་རུས་མི་གཙང་བ་གཉེན་སྒྲིག་པ་འཛེམ་བྱར་བྱེད་པ། ༣ མི་རིགས་གཞན་ལ་གཉེན་སྒྲིག་པ་འཛེམ་བྱར་བྱེད་པ། ༤ ལོ་རེས་སྤར་ཁ་མི་མཐུན་པ་ལ་གཉེན་སྒྲིག་པར་འཛེམ་པ། ༥ ལུང་བསྟན་མི་ཆུད་པར་འཛེམ་པ། ༦ སྲུང་མ་མི་གཅིག་པར་འཛེམ་པ། ༧ ཆོས་ལུགས་མི་གཅིག་པར་འཛེམ་པ་སོགས་ཡོད།
༡ ཉེ་དུ་གཉེན་སྒྲིག་པ་འཛེམ་བྱར་བྱེད་པ། བོད་ཀྱི་གཉེན་སྒྲིག་བྱེད་མི་ཆོག་པའི་ཁྱབ་ཁོངས་ཀྱི་བརྩི་ཚུལ་ལ་ས་ཁུལ་སོ་སོར་བརྩི་སྟངས་མི་འདྲ་བ་མང་བོ་ཡོད་ཀྱང་སྤྱིར་ཡུལ་ཚང་མར་ཉེ་དུ་གཉེན་སྒྲིག་བྱས་ཚེ་སྤུན་མཆེད་ལ་འཛེམ་རྒྱུ་མེད་པ་ཀླ་ཀློ་དང་འདྲ་ཟེར་ནས་ཧ་ཅང་ཐ་ཤལ་གྱི་སྤྱོད་ཚུལ་ཞིག་ཏུ་རྩི་བཞིན་ཡོད་ལ་འཛེམ་བྱར་འཛིན། ཡུལ་གྲུ་མང་ཆེ་བར་ཕ་ཚན་མི་རབས་བདུན་བརྒྱུད་དང་མ་ ཚན་མི་རབས་ལྔ་བརྒྱུད་ཚུན་ཆད་དུ་གཉེན་སྒྲིག་བྱེད་མི་ཆོག་པ་དང༌། མང་རའི་ཡུལ་དུ་ཡང་དེ་བཞིན་ཡིན།
        འོན་ཀྱང༌། མང་ཡུལ་གྱི་ས་ཆ་རེ་འགའ་ན་སྔོན་ཆད་རང་གི་གདུང་རྒྱུད་གཙང་མ་གཞན་དང་མི་འདྲེས་པའི་ཆེད་དུ་རིགས་རུས་ཆོ་འབྲང་ཕན་ཚུན་ཁོ་ན་ལ་གཉེན་སྡེབ་པ་ལས་གཞན་ལ་གཉེན་སྡེབ་མི་རུང་བའི་ལྟ་བ་མཁྲེགས་འཛིན་བྱེད་ཀྱིན་ཡོད། 
        ཁོ་ཚོར་སྐྱེས་པའི་ཕྲུ་གུ་ནི་གླེན་ཞིང་ལྐུགས་པ་དང་བདེ་ཐང་མིན་ལ།  དུད་འགྲོ་ནང་བཞིན་སྐྱུག་བྲོ་བའི་བྱ་སྤྱོད་ཡིན་ཁར་བློ་གསལ་དག་གིས་དགག་པ་ཚ་བོ་རྒྱག་བཞིན་ཡོད་ནའང་ལྷག་རོ་ཙམ་བཅོས་བསྒྱུར་བྱེད་དཀའ་བའི་གནས་སུ་གྱུར་འདུག དེ་ནི་མིའི་སྤྱོད་ལམ་དང་འགལ་ཏེ་མིའི་རིགས་ཀྱི་རང་དབང་དང་ཐོབ་ཐང༌། བདེ་ཐང་ལ་གནོད་པ་ཚབས་ཆེན་བཟོས་པ་རེད།
༢ ཤ་རུས་མི་གཙང་བ་གཉེན་སྒྲིག་པ་འཛེམ་བྱར་བྱེད་པ། ཁྱིམ་ཚང་གང་གི་བྱིས་པ་གང་རུང་ཞིག་བཅུ་དྲུག་ལང་ཚོ་རྫོགས་ལ་ཉེ་དུས་ཕ་མ་གཉིས་ཀྱིས་ཁོ་ཚོའི་གཉེན་དོན་ལ་སེམས་ཁུར་དང་གྲ་སྒྲིག་བྱེད་འགོ་བརྩམས་ཏེ་སུ་ཚང་གི་བུ་བུ་མོ་རིགས་རུས་ཆོ་འབྲང་དང་ཕ་མེས་ཡང་མེས་རྣམས་ཀྱི་ཤ་རུས་རྒྱུད་གཙང་མིན་ལ་བལྟས་ཏེ་ཕ་ཁུངས་མ་རྒྱུད་འདེད་པ་ཡིན།
        ཡང“ཕ་ཚིགས་རྫོགས་མཐའ་མེད། མ་ཚིགས་བདུན་ནས་བུད”ཅེས་པའི་ཕ་ཚན་རྒྱུད་ཡིན་པ་ཙམ་གྱིས་གཉེན་སྒྲིག་བྱེད་མི་ཆོག་པ་དང༌། མ་ཚན་མི་རབས་བདུན་བརྒྱུད་ཚུན་ཆད་གཉེན་སྒྲིག་བྱེད་རྒྱུར་འཛེམ་ཡོད④ཅེས་པ་ལྟར་བོད་ལ་མི་དང་དུད་འགྲོ་ཁྱད་པར་འབྱེད་པའི་བྱ་སྤྱོད་བླ་ན་མེད་པ་ཞིག་ཡོད་པ་གསལ་བོར་ཤེས། 
༣ མི་རིགས་གཞན་ལ་གཉེན་སྒྲིག་པ་འཛེམ་བྱར་བྱེད་པ། མང་རའི་ཡུལ་དུ་མི་རིགས་མི་གཅིག་པའི་མི་ལ་གཉེན་སྒྲིག་བྱེད་པ་ལ་ཤིན་ཏུ་འཛེམ་བྱར་བྱེད། དེ་ནི་ཤ་རུས་གཙང་མ་སླད་པར་བྱེད་པའི་ཉེས་ཅན་དུ་བརྩི། དེ་བས་མི་རིགས་མི་གཅིག་པར་གཉེན་སྒྲིག་བྱས་པ་ལས་སྐྱེས་པའི་བུ་རབས་ཚ་རྒྱུད་ནི་ཤ་རུས་མི་གཙང་བར་འཛིན་པས། མང་རའི་ཡུལ་ན་མི་རིགས་མི་གཅིག་པའི་གཞན་ལ་གཉེན་སྒྲིག་བྱེད་པ་ད་ལྟའང་ཤིན་ཏུ་དཀོན། །
༤ལོ་རེས་སྤར་ཁ་མི་མཐུན་པ་ལ་གཉེན་སྒྲིག་པར་འཛེམ་པ། ཕན་ཚུན་ལོ་རེས་བར་སྐལ་མཐུན་མིན། ཁྱིམ་གྱི་འབྱོར་བ་དང་མི་གཤིས་བཟང་ངན། ཆོས་སྐྱོང་སྲུང་མ་མཐུན་མིན་སོགས་རྒྱུས་ལོན་བྱས་མཐར་གཉེན་རྟགས་རྒྱག་པའམ་གཉེན་སློང་བའི་སྟ་གོན་བྱེད། “རྒྱལ་སྲས་དགྲ་ལྷ་རྩེ་རྒྱལ་ལ། །འཇིག་རྟེན་བཞག་པའི་འདུན་མ་ལ། །ཤིང་ཁྲི་རྒྱལ་གྱི་སྲས་མོ་ཏེ། །རྒྱ་ལྕམ་མེ་ཏོག་ལྷ་མཛེས་མ། །ཕོ་བརྒྱའི་ཤེས་པ་ཡོད་པས་ཟེར། །མོ་བརྒྱའི་མཛངས་པ་ཡོད་པས་ཟེར། །ཕུ་བླ་མ་རྣམས་ཀྱིས་ལུང་ལ་བབས། །རྩིས་པ་རྣམས་ཀྱི་རྩིས་ལ་བབས། །ཕ་ཁུ་རྣམས་ཀྱི་བློ་ཕྱོགས་མཐུན། །ཡང་ན།  ངེད་གླིང་གི་ལྷ་སྲས་དགྲ་ལྷ་ལ། །ཚེ་གཅིག་གི་འདུན་མ་བཟང་ལེ་ཞིག ། བླངས་བསམས་ནས་ཕྱོགས་བཞིར་བརྟག ། ཕུ་མོ་བ་གསུམ་ལ་མོ་ཞིག་བརྒྱབ། ། མེ་ཏོག་མོ་ཡི་ནང་དུ་བབས། །མདའ་རྩིས་པ་གསུམ་ལ་རྩིས་ཤིག་བརྒྱབ། །ལོ་རེས་སྤར་ཁ་མཐུན་གདའ་ཟེར། །ལོ་ཁམས་སྨེ་བ་འཕྲོད་གདའ་ཟེར། །⑤”ཅེས་པ་ལྟར་མོ་པྲ་རྩིས་གསུམ་ལ་གཞིགས་ཏེ་གཉེན་དོན་ཐག་གཅོད་བྱེད་ པ་ནི་ཧ་ཅང་མཐོང་ཆེན་དུ་རྩིས་པ་ཡིན།
        དང་ཐོག་བུ་ལ་མནའ་མ་བཙལ་དང་བུ་མོར་མག་པ་བསུ་བ་གང་ཡིན་རུང༌། གཉེན་ཡ་ཚང་གི་མི་རྒྱུད་དང་མི་གཤིས།  ཤ་རུས་པ། སྲུང་མ། འབྱོར་བ་བཅས་རྩད་གཅོད་ནན་མོ་བྱས་ཏེ་རང་དང་མཐུན་པར་སློང་ཆང་འཁྱེར་ནས་བག་མག་སློང་དུ་འགྲོ་བ་རེད། 
        འབྱུང་བ་རྩིས་ཚུལ་ལ《སྔགས་ཀྱི་བཀླག་ཐབས》ལས། “ས་དགྲ་མེ་ཡིན་མེ་དགྲ་ཆུ། །ཆུ་དགྲ་རླུང་ཡིན་རླུང་དགྲ་ས། །ས་ནི་མེ་ལ་ནུས་པ་མེད། །མེ་ནི་ཆུ་ལ་ནུས་པ་མེད། །ཆུ་ནི་རླུང་ལ་ནུས་པ་མེད། །   རླུང་ནི་ས་ལ་ནུས་པ་མེད། །ས་ཆུ་ཕན་ཚུན་གྲོགས་པོ་སྟེ། །མེ་རླུང་ཕན་ཚུན་གྲོགས་པོ་ཡིན། །ནམ་མཁའ་ཀུན་གྱི་གྲོགས་ཡིན་ཏེ། ། ཀུན་ཀྱང་ནམ་མཁའི་གྲོགས་སུ་འགྱུར། །”ཞེས་དང“གླང་ལུག་གཉིས་ཀྱིས་རི་རྩོད། ཁྱི་འབྲུག་གཉིས་ཀྱིས་ཐོགས་རྒྱག”ཅེས་དང“ཁྱི་འབྲུག་སྐད་ཀྱི་བདུན་ཟེར། བྱི་རྟ་རྨིག་པའི་བདུན་ཟེར། སྟག་སྤྲེལ་རྩལ་གྱི་བདུན་ ཟུར། ཕག་སྦྲུལ་ཚང་གི་བདུན་ཟུར། གླང་ལུག་རྡུང་བའི་བདུན་ཟུར། བྱ་ཡོས་ཟས་ཀྱི་བདུན་ཟུར”ཞེས་ལོ་རེས་བར་སྐལ་དང་འབྱུང་བ་མི་མཐུན་པར་གཉེན་མི་སློང༌།
        གལ་ཏེ་ཕོ་མོ་ཕན་ཚུན་རང་འཐད་བྱུང་སྟེ་འབྲལ་ཐབས་མེད་ན་སྤར་བཅོས་སོགས་རིམ་གྲོ་སྣ་ཚོགས་བསྒྲུབས་ནས་འགལ་རྐྱེན་ཟློག་པར་བྱས་ཏེ་གཉེན་རྟགས་རྒྱག་པ་རེད། གཞན་ཕན་ཚུན་གཉིས་རང་འཐད་བྱུང་ཡང་ཕ་མ་གཉིས་གང་རུང་མ་འཐད་ན་གཉེན་སྒྲིག་ཐབས་མེད་པས་གཉེན་གཤོལ་དང་ཁྲིད་པའང་ཡོད།
༥ ལུང་བསྟན་མི་ཆུད་པར་འཛེམ་པ། མང་རའི་ཡུལ་དུ་བུ་དང་བུ་མོ་གཉེན་སྒྲིག་བྱེད་པ་ལ་མོ་འདེབས་པ་རྒྱུགས་ཆེ་ལ། མོ་ལ་བུ་མོ་དེ་མནའ་མར་བསུས་རྗེས་བཀྲ་ཤིས་མིན་གྱི་སླད་མའི་དོན་དག་ལེགས་ མིན་ལ་བརྟག་པ་རེད།
        བུ་ལ་མནའ་མར་སློང་འདོད་དུས་རང་གི་བློར་བབས་པའི་བུ་མོ་འགའ་འདེམས་ནས་དེ་དག་ལས་སུ་ཞིག་བཟང་མིན་མོ་ལ་བརྟེན་ནས་ཐག་གཅོད་པ་རེད། གལ་ཏེ་མོ་རྟགས་མི་ལེགས་ན་དེ་མནའ་མར་སློང་བ་གཤོལ་ནས་གཞན་ཞིག་ལ་འདང་རྒྱག་དགོས། མང་རའི་ཡུལ་དུ་རྩིས་བྱེད་པ་ལས་མོ་འདེབས་པའི་སྲོལ་འདི་དར་ཁྱབ་ཆེ་ཞིང་མོ་རྟགས་མ་ལེགས་ན་ལུང་བསྟན་མི་ཆུད་ཟེར་བ་རེད།
༦ སྲུང་མ་མི་གཅིག་པར་འཛེམ་པ། མང་རའི་ཡུལ་དུ་གཉེན་སྒྲིག་དུས་ཆ་རྐྱེན་གཅིག་ནི་སྲུང་མ་མཐུན་མིན་ལ་བལྟ་བ་དེ་རེད། སྲུང་མ་མ་མཐུན་ན་གཉེན་སྒྲིག་པ་ལ་འཛེམ་པ་རེད། དཔེར་ན་ཐེའུ་རེང་དང་ཤ་ཟ་ཧོར་མོ་ལྟ་བུ་སྟེ། དེ་དག་གིས་གཞན་གཉེན་དུ་བསུ་བ་ལ་འགལ་བ་མེད་ཀྱང་དེ་དག་ལས་མནའ་མར་བསླངས་ན་རྗེས་མར་གནོད་པ་ཆེ་ཞེས་འཛེམ་མོད། ད་ལྟ་སྲོལ་དེ་རིམ་བཞིན་ཉམས་དམས་སུ་འགྲོ་བཞིན་ཡོད།
༧ ཆོས་ལུགས་མི་གཅིག་པར་འཛེམ་པ། མང་རའི་རོང་ཕྱོགས་འདིར་ཆོས་ལུགས་རྙིང་མ་དང་དགེ་ལུགས་པ་མ་གཏོགས་མེད། དེའི་གཉིས་ཀྱི་བར་ལ་གཉེན་སྒྲིག་བྱེད་པ་ལ་འགལ་ཆ་ཅི་ཡང་མེད་མོད། ཆོས་ལུགས་གཞན་པ་བོན་པོ་དང་དབྱི་སི་ལན་ཆོས་ལུགས་སོགས་ལ་གཉེན་སྒྲིག་བྱེད་པ་ལ་ཤིན་ཏུ་འཛེམ་པ་རེད། གལ་ཏེ་ཆོས་ལུགས་གཞན་པ་ཞིག་ལ་གཉེན་སྒྲིག་བྱས་ན་དེ་ནི་བུ་དང་བུ་མོའི་མདུན་ལམ་ཐད་བཀྲ་མི་ཤིས་པ་ཞིག་དང༌། ཁྱིམ་ཚང་ལ་བཀྲ་མི་ཤིས་པ་ཞིག་དང༌། སྡེ་བ་ལ་བཀྲ་མི་ཤིས་པ་ཞིག་ཏུ་ངོས་འཛིན་པ་རེད།
        ང་ཚོས་ཚན་རིག་དང་མཐུན་པའི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས་པ་མ་ཟད།  སྤྱི་ཚོགས་སྟེང་ཕོ་མོ་འདྲ་མཉམ་དང༌། གཉེན་སྒྲིག་རང་དབང༌། ཁྱོ་གཅིག་ཤུག་གཅིག་གི་གཉེན་སྒྲིག་གི་རྩ་དོན་ལག་བསྟར་བྱས་ཏེ་རྗེས་རབས་པ་རྣམས་ཀྱི་ལུས་སེམས་བདེ་ཐང་དང་འཚར་ལོངས་འབྱུང་བར་གེགས་རྐྱེན་མི་བཟོ་བ་བྱེད་པ་ནི་ང་ཚོའི་འོས་འགན་ཡིན། མིའི་རིགས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་སོང་ཁར་གནས་ཚུལ་དེ་ད་ལྟ་ཧ་ཅང་ལྐོག་གྱུར་ཙམ་ལས་མཐོང་རྒྱུ་མི་འདུག
མཆན་འགྲེལ།
①དབྱིན་བཀྲ་ཤིས་ཕུན་ཚོགས་ཀྱིས་བརྩམས་པའི2008ལོའི《བོད་ལྗོངས་ཞིབ་འཇུག》 དེབ་བཞི་བའི《འབྲུག་ཆུའི་བོད་རིགས་ཀྱི་ཡུལ་སྲོལ་གཉེན་སྒྲིག་སྐོར་བཤད་པ》ལས། ཀན་སུའུ་འབྲུག་ཆུའི་ཕོ་མོ་གཉེན་སྒྲིག་པའི་ཡུལ་ཆོས་ནང་དུ་བུ་མོའི་ཁྱིམ་དུ་སོང་བའི་མག་པར་སྤྱི་ཚོགས་ཀྱི་གནས་བབས་ཞན་པ་དང༌། མི་གཞན་གྱིས་མིག་ལམ་དུ་མི་འཇོག་པར་ཁྱད་གསོད་བྱེད་པ། ། ཁྱིམ་ཚང་ནང་དུ་གནས་བབས་དམའ་བ། གྱོས་པོ་དང་གྱོས་མོས་མག་པར་ཁྱིམ་དབང་འཛིན་དུ་མི་འཇུག་པ། ཁྱིམ་གྱི་དོན་གལ་ཆེ་བའི་རིགས་མག་པ་ཤེས་སུ་མི་འཇུག་པ། ཁོས་བཤད་པའི་སྐད་ཆར་མི་བརྩི་བ་དང༌།  རང་གི་མནའ་མའམ་ནང་མི་གཞན་དང་ཁ་རྩོད་རིགས་བྱུང་ན་བུ་ལན་བུ་ཅན་ཁྱོད་ཅེས་གཤེ་གཤེ་གཏོང་བས་མནའ་མ་ལེན་མ་ཐུབ་པའི་སྐྱེས་པ་ཕོ་ཧྲེང་དུ་ལུས་ནའང་བུ་ མོ་མཛེས་མའི་ཁྱིམ་དུ་མག་པ་མི་འགྲོ་ཟེར་གྱིན་ཡོད། ཕ་མས་མག་པ་ཞིག་འགུགས་ཐབས་བྱེད་པ་ དེའི་གང་ཐད་ཀྱི་ཆ་རྐྱེན་ཡང་ཅི་ཐུབ་ཀྱིས་དམའ་རུ་མི་གཏོང་མཐུ་མེད་ཡིན་པའི་དབང་གིས་རང་གི་བུ་མོ་ཁ་སྒོ་མཛེས་ཤིང་སྐྱོན་གཉིས་ལྡན་གྱི་མཛངས་མར་བླངས་པའི་མག་པ་ནི་མནའ་མ་ལེན་ མ་ཐུབ་པའི་སྐྱེས་པ་ཐ་མ་དང་ཡུལ་གཞན་ནས་གྲོང་འདིར་ཁྱིམ་ཉུལ་དུ་ཡོང་བའི་འཁྱམ་པོ་ཡིན། གཅིག་ནི་སྡེ་བའི་ནང་གི་བུད་མེད་ནང་ནས་ཆེས་ཕུལ་དུ་བྱུང་བ་ཡིན་ལ། ཅིག་ཤོས་ནི་སྡེ་བའི་ནང་གི་སྐྱེས་པ་ཆེས་ཞན་པ་དང་ཆེས་ཐ་མ་ཡིན་པས། མི་རྣམས་ཀྱིས་ཉི་མའི་འོད་ཟེར་ལུད་ཕུང་ཐོག་ཏུ་འཕྲོ་བར་འདུག་ཅེས་ཟེར། གཞན་འབྲུག་ཆུ་ནི་བོད་རིགས་ལས་རུས་མ་འཆོལ་བའི་ས་ཆ་ཞིག་ཡིན་པས་མག་པ་བུ་མོའི་ཁྱིམ་དུ་སོང་རྗེས་ངེས་པར་དུ་རུས་བསྒྱུར་ནས་མོ་ཚང་གི་རུས་ཀྱི་རྗེས་སུ་འབྲང་དགོས་པ་མ་ཟད། སྐྱེས་པའི་བུ་ཚའི་རུས་ཀྱང་ཨ་མའི་རྗེས་སུ་འབྲང་དགོས་ཞེས་བཤད་ཡོད།
②མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དཔར་དུ་བསྐྲུན་པའི《ཧོར་གླིང་གཡུལ་འགྱེད》ལྕགས་པར་གྱི་སྟོད་ཆའི་ཤོག་ངོས142ན་གསལ།
③ཕ་ཚན་གྱི་གདུང་རྒྱུད་གཙོ་བྱས་ནས་མ་ཚན་གྱི་རིགས་རྒྱུད་ལའང་གཉེན་སྡེབ་སྲོལ་མེད། ཕ་ཚན་མ་ཚན་གྱི་ཕན་ཚུན་གཉེན་སྡེབ་ན་ཕྲུ་གུ་ཐམས་ཅད་དབང་བོ་སྐྱོན་ཅན་དང་ཀླད་པ་མི་གསལ་བའི་གླེན་པ་དང་དབང་བོ་མི་གསལ་བ་སྐྱེ་ངེས
④2002ལོའི《བོད་ལྗོངས་ཞིབ་འཇུག》དེབ་གསུམ་པའི་སྐུ་ཞབས་རྒྱང་འཁོར་ཚེ་ཕུན་གྱི《བོད་ཀྱི་གཉེན་སྒྲིག་སྐོར་གྱི་འཛེམ་བྱ་ལ་དཔྱད་པ》ཞེས་པའི་ཤོག་ངོས40ན་གསལ། 
⑤1997ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི《མོན་གླིང་གཡུལ་འགྱེད》ལྕགས་པར་གྱི་ཤོག་ངོས69ན་གསལ།


འབྲེལ་ཡོད་འོས་སྦྱོར།