ཨ་མདོའི་འབྲོག་ཁུལ་དུ་དར་བའི་བུ་ལོན་སྟོན་མོའི་སྐོར་གླེང་བ།
གླེང་གཞི།
བུ་ལོན་སྟོན་མོ་ཞེས་པ་ནི་ཨ་མདོའི་འབྲོག་ཁུལ་དུ་དར་བའི་སྲོལ་ཁྱད་པར་ཅན་ཞིག་དང༌། སྔོན་ཆད་ནས་དར་བའི་དམིགས་བསལ་གྱི་སྲོལ་ཞིག་ཡིན་མོད། ཨ་མདོ་འབྲོག་ཁུལ་གྱི་ལོ་རྒྱུས་ཁྲོད་དུ་སྲོལ་འདི་སྤྱོད་པ་ཆེས་ཉུང་ཞིང་དམིགས་བསལ་རེ་གཉིས་མ་གཏོགས་སུས་ཀྱང་མི་སྤྱོད་པས་སྲོལ་འདིའི་སྐོར་གྱི་རྒྱུ་ཆ་ཡིག་ཐོག་ན་ཅི་ཡང་མེད་ལ་བོད་ཀྱི་དམངས་སྲོལ་ལ་ཞིབ་འཇུག་བྱེད་མཁན་གྱི་ཁྲོད་དུ་སྲོལ་འདི་རྟོགས་མཁན་ཡང་ཤིན་ཏུ་ཉུང༌། འོན་ཀྱང་དམངས་ཁྲོད་ན་ད་དུང་ཉམས་མེད་པའི་ཁར་དཔལ་འབྱོར་གྱི་དུས་རབས་འདིར་མུ་མཐུད་དུ་སྤྱོད་མཁན་ཡང་རེ་གཉིས་བྱུང༌། དེ་བས་ད་སྔ་སུས་ཀྱང་བུ་ལོན་སྟོན་མོ་འདིར་ཞིབ་འཇུག་བྱས་མ་མྱོང་བ་དང༌། བོད་རིག་པའི་ཁྱབ་ཁོངས་སུ་ཆ་མེད་རྒྱུས་མེད་དུ་གྱུར་པའི་གནད་འདི་གསལ་བོར་བྱེད་པའི་ཆེད་དང། དེས་སྤྱི་ཚོགས་ལ་དགེ་སྐྱོན་ག་འདྲ་འབྱུང་མིན་ནི་ངེས་པར་དཔྱད་དགོས་པ་ཞིག་ཡིན། 2009ལོར་བསྟུན་མར་བྱུང་བའི་བུ་ལོན་སྟོན་མོ་དེ་དག་ནི་བུ་ལོན་སྟོན་མོ་ལ་དབྱེ་ཞིབ་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པས་བདག་གིས་དེ་དག་གཞིར་བཟུང་ནས་བུ་ལོན་སྟོན་མོའི་བྱུང་ཚུལ་དང༌། དེའི་འགྲོ་ལུགས། དེའི་དགེ་སྐྱོན་སྐོར་ལ་གང་འཚམ་གྱིས་དཔྱད་པ་ཅུང་ཟད་གཏང་འདོད།
བུ་ལོན་སྟོན་མོའི་གོ་དོན་དང་དེའི་འབྱུང་རྐྱེན།
བུ་ལོན་སྟོན་མོ་ཞེས་པ་ནི་བུ་ལོན་འཇལ་ཐབས་མེད་པའི་སྐྱེ་བོ་དང་ཡང་ན་འཇལ་ཐབས་མེད་པའི་དུས་དང་གནས་སུ་སྤྱོད་པའི་དམིགས་བསལ་གྱི་བྱེད་ཐབས་ཤིག་ཡིན། བུ་ལོན་ཞེས་པ་འདིར། 《དག་ཡིག་གསར་བསྒྲིགས》ལས། “བུ་ལོན། 1གཞན་གྱི་ལག་ནས་བསྐྱིས་པའི་རྒྱུ་ནོར་གྱི་མིང་སྟེ། བུ་ལོན་འཇལ་ལྟ་བུ། 2བཤུ་གཞོག་གྲལ་རིམ་གྱིས་རང་གི་རྒྱུ་རྫས་གཞན་ལ་བསྐྱིས་ནས་སྐྱེད་ཀ་ལེན་པའི་བཤུ་གཞོག་བྱེད་ཐབས་ཤིག་གི་མིང་སྟེ། ཞིང་བདག་གྲལ་རིམ་གྱི་བུ་ལོན་བཏང་ནས་འཕེལ་ཏོག་བླངས་ལྟ་བུ། ①”ཞེས་དང༌། 《བོད་རྒྱ་མཛོད་ཆེན་མོ》ལས། “བུ་ལོན། འབྲུ་དངུལ་སོགས་གཡར་ནས་སྐྱེད་ཁ་སྤྲོད་ལེན་བྱེད་པ་ཞིག②”ཅེས་འགྲེལ་ཡོད་ཀྱང་འདིར་བཤད་པའི་བུ་ལོན་སྟོན་མོ་ཞེས་པའི་བུ་ལོན་ནི་སྐྱེད་ཁ་ཡོད་པའི་འབྲུ་སོགས་བསྐྱིས་ནས་འཇལ་ཐུབ་མིན་ལ་མི་གོ་བར་དོམ་གང་ཞིག་འཇལ་བའི་ཐབས་ཤིག་ལ་གོ་བ་ཡིན། 《དག་ཡིག་གསར་བསྒྲིགས》ལས། “སྟོན་མོ། མགྲོན་པོ་ལ་བཟའ་བཏུང་གིས་སྣེ་ལེན་བྱེད་པའི་བྱ་བའི་མིང་སྟེ། ལོ་གསར་སྟོན་མོ། རྒྱལ་ཚུགས་སྟོན་མོ་ཞེས་པ་ལྟ་བུ། མིང་བསྡུས་ནས་སྟོན་ཞེས་བྲིས་ཆོག་སྟེ་དགའ་སྟོན་ལོ་སྟོན་ཞེས་པ་ལྟ་བུ། ③”《བོད་རྒྱ་ཚིག་མཛོད་ཆེན་མོ》ལས། “དགའ་སྤྲོའི་གསོལ་ཚིགས་དང་དེ་འབྲེལ་གྱི་ལྟད་མོ། དུས་ཆེན་གྱི་སྟོན་མོ། དགའ་སྟོན། ཤི་སྟོན། གསོལ་སྟོན་བཤམས་པ། གསོལ་སྟོན་བཤམས་པ། སྟོན་མོ་འདྲེན་པ། མགྲོན་རིགསལ་སྟོན་མོ་འདྲེན་པ④”ཞེས་འགྲེལ་ཡོད།
གོ་དོན་དེ་ལས་བལྟས་ན་བུ་ལོན་སྟོན་མོ་ཞེས་པར་གོ་བ་ལོན་པ་ཆེས་སླ་སྟེ། བུ་ལོན་འཇལ་བའི་ཆེད་དུ་མགྲོན་པོ་ལ་སྟོན་མོ་ཞིག་བྱས་ནས་རྒྱུ་ནོར་བགོ་བཤའ་བྱེད་པ་དེ་ཡིན། བགོ་བཤའ་དེ་ནི་བུ་ལོན་ཅན་དེར་རོགས་སྐྱོར་དང་གདུང་སེམས་མཉམ་སྐྱེས་བྱས་པ་ཞིག་ཀྱང་རེད། འབྲོག་པའི་ངག་རྒྱུན་ལ“བུ་ལོན་སྟོན་མོ་འགྱོག་པའམ”ཡང་ན“བུ་ལོན་སྟོན་མོ་བཀྱགས་པ”ཞེས་རྗོད་བཞིན་ཡོད་མོད། བདག་གིས་བོད་ཀྱི་སྤྱི་སྐད་ཀྱི་འགྲོས་དང་མཐུན་ཕྱིར་བུ་ལོན་སྟོན་མོ་བྱེད་པ་ཞེས་པའི་ཐ་སྙད་འདི་སྤྱོད་ཀྱིན་ཡོད། ལ་ལས་བུ་ཡང་དོན་ལ་ལེན་པས་བུ་ལེན་སྟོན་མོ་ཟེར་མོད། དེ་ནི་ཡིག་དོན་ལ་མ་ཞུགས་པའི་འགྲེལ་བ་ཞིག་རེད།
བུ་ལོན་སྟོན་མོ་འདི་ནམ་ཞིག་ལ་དར་ཞིང་སུ་ཞིག་གིས་གསར་བཏོད་བྱས་པ་ད་ལྟ་ཆེས་ལྐོག་ཏུ་གྱུར་པའི་གནད་དོན་ཞིག་ཡིན་པས་སུས་ཀྱང་གསལ་བོ་ཞིག་བཤད་དཀའ། ཡིན་ན་ཡང༌། ང་ཚོས་དེའི་འབྱུང་རྐྱེན་ལ་རིགས་པས་དཔྱད་ཆོག་སྟེ། བུ་ལོན་སྟོན་མོ་ནི་གུ་ཐུག་པའི་སྤྱོད་སྟངས་ཤིག་ཡིན། སྤྱོད་སྟངས་འདིའི་ཤུགས་ན་མི་ཆོས་ཀྱི་བསམ་བློ་ཞིག་དང་ལྷ་ཆོས་ཀྱི་བསམ་བློ་ཞིག་གབ་ཡོད་པ་མཐོང་སྟེ། སུ་ཞིག་གིས་དོམ་འཇལ་མ་ཐུབ་ན་སྡེ་བས་བྱམས་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་སྡེ་མི་དག་ལ་རྒྱུ་ནོར་ཅུང་བསླངས་ནས་བུ་ལོན་སྟོན་མོ་བྱེད་པ་རེད། གཅིག་ནི་དོམ་འཇལ་དགོས་པ་ནི་མི་ཆོས་ཀྱི་འགྲོ་ལུགས་དང་མཐུན་པ་དང་གཉིས་སུ་དོམ་པ་ལ་རོགས་རམ་བྱེད་པ་ཡང་མི་ཆོས་དང་ལྷ་ཆོས་གང་ལ་ཡང་མཐུན་པ་ཞིག་ཡིན་ཞིང༌། ཁྱད་པར་སྙིང་རྗེས་ཀུན་ནས་བསླངས་པའི་ལས་གང་ཞིག་ཡིན་རུང་དེ་ལ་འབྲས་བུ་ཆེན་པོ་ཞིག་ཡོད་པར་འདོད་པ་ནི་བསམ་བློའི་ཐད་ནས་བུ་ལོན་སྟོན་མོ་བྱུང་བའི་རྟགས་མཚན་གལ་ཆེ་བ་ཞིག་རེད།
བུ་ལོན་སྟོན་མོ་ནི་ལྷ་ཆོས་དང་མི་ཆོས་ཀྱི་བསམ་བློའི་ཐད་ནས་གུ་ཡངས་དང་བཟོད་སྒོམ་སྙིང་རྗེ་དང་འབྲེལ་ཡོད་པ་ཞིག་ཏུ་ངོས་འཛིན་ན་ཡང༌། བུ་ལོན་སྟོན་མོ་བྱེད་མཁན་དེར་ལྟ་སྟངས་ལེགས་པོ་མི་འཛིན་པ་ནི་བུ་ལོན་སྟོན་མོ་ཁྱབ་བརྡལ་དུ་མི་འགྲོ་བའི་རྒྱུ་རྐྱེན་ཉག་གཅིག་རེད། དེ་བས་བུ་ལོན་སྟོན་མོའི་སྲོལ་འདི་སྔོན་ཆད་ལོ་རྒྱུས་སྟེང་དུ་བྱུང་མྱོང་མོད། རེ་གཉིས་མ་གཏོགས་བྱུང་མྱོང་མེད་པ་ཡང་བོད་ཀྱི་སྲོལ་འདི་དང་འབྲེལ་བ་ཡོད་པ་ཡིན། འདི་ལས་བལྟས་ན་བུ་ལོན་སྟོན་མོ་གཅིག་ལས་གཉིས་མི་འབྱུང་བ་དང་དོམ་འཇལ་བ་ནི་རང་གི་རྩོལ་བ་ལ་བསྟུན་དགོས་པ་ཡང་བུ་ལོན་སྟོན་མོའི་སྲོལ་འདིའི་ཤུགས་ན་ཡོད་པའི་རེ་བ་ཆེས་ཆེ་བ་ཞིག་ཡིན་པ་ཤེས་ཐུབ། ཡིན་ན་ཡང་ཆེས་ངོ་མཚར་བ་ཞིག་ནི་བུ་ལོན་སྟོན་མོའི་སྲོལ་དེ་གཏན་ནས་ཆད་ཟིན་པ་ཞིག་མ་ཡིན་པར་ད་ལྟ་ཡང་རེ་གཉིས་འབྱུང་བཞིན་ཡོད་ཅིང༌། དེ་ནི་སྔོན་ཆད་ཀྱི་མི་ཆོས་ཀྱི་དགོངས་དོན་ལས་འགལ་ནས་ཉོག་དྲ་བཟོ་བའི་ཚུལ་ཡང་མངོན་ཞིང་དེ་ལས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་འབྱུང་བ་ཡང་མངོན་སུམ་དུ་མཐོང་ཐུབ་པ་རེད།
བུ་ལོན་སྟོན་མོ་དང་དེའི་འགྲོ་ལུགས་ལ་དཔྱད་པ།
བུ་ལོན་སྟོན་མོ་བྱེད་པའི་ཚད་གཞི་ནི་མི་གང་ཞིག་ལ་བུ་ལོན་ནམ་ཡང་ན་དོམ་མང་བོ་བྱུང་ནས་འཇལ་ཐབས་མེད་པའི་གནས་སུ་གྱུར་ན། ཁོ་རང་གིས་དེ་བཞིན་བུ་ལོན་ནམ་དོམ་འཇལ་བའི་ཐབས་མེད་པ་གསལ་བསྒྲགས་བྱས་ན་ཚོ་དཔོན་ནམ་སྡེ་བའི་རྒན་པོའི་ལྷན་ཚོགས་ལ་ཞུས་ན་ཁོ་ཚོས་གནས་ཚུལ་བརྟག་དཔྱད་བྱས་ནས་ཚད་དེ་ལ་སླེབས་པ་ཡོད་ན་དེའི་ལུགས་དོམ་པ་རྣམས་ལ་བསྒྲགས་ནས་བུ་ལོན་སྟོན་མོ་བྱེད་པ་ཀུན་ལ་སྒྲོག་ངེས་རེད།
བུ་ལོན་སྟོན་མོའི་སྐབས་སྦྲ་སྒོའི་མཚམས་ནས་གཅོད་ཅེས་པའི་ཁ་དཔེ་ཞིག་ཡོད་པ་བཞིན་ཁྱིམ་དེའི་ཕྱུགས་ཟོག་ཡོད་ཚད་སྦྲ་སྒོའི་ཁའི་ཚུན་བཅད་ནས་བསྟེར་དགོས་ཞེས་པའི་དོན་རེད། སྔོན་ཆད་བུ་ལོན་སྟོན་མོ་བྱེད་དུས་རང་གི་ཁྱིམ་ཚང་གི་རྒྱུ་ནོར་ཁབ་གང་ཡང་མ་ལུས་པར་གཏོང་དགོས་པ་མ་ཟད་བུ་དང་བུ་མོ། མ་མཐའ་ཆུང་མ་ཡང་གཞན་ལ་བསྟེར་དགོས་ཞེས་བཤད་སྲོལ་ཡོད། དེ་དང་མཉམ་དུ་གཉེན་ཉེ་དུ་དང་གྲོགས་པོ། མ་མཐའ་སྡེ་བས་ཀྱང་རོགས་རམ་བྱས་ནས་གཞན་ལ་ཆད་པའི་བུ་ལོན་ནམ་དོམ་གྱི་ཕྱེད་ཀ་ཙམ་གྱི་རྒྱུ་ནོར་གྱི་རོགས་བྱ་དགོས།
བུ་ལོན་སྟོན་མོ་བྱེད་དུས་འགྲོ་ལུགས་ཆ་ཚང་བ་ཞིག་ཡོད་ལ། བུ་ལོན་སྟོན་མོ་ལ་མགོ་འཛིན་བྱེད་མཁན་དག་གིས་དོམ་པ་རྣམས་བོས་ནས་དེའི་ལུགས་གསལ་སྒྲོག་བྱེད་པ་དང༌། དེ་ནི་ཁྱིམ་དེ་རྒྱུ་ནོར་ཡོད་ཚད་དང་གཞན་པས་རོགས་བྱས་པའི་རྒྱུ་ནོར་ཡོད་ཚད་ལ་གོང་མཐོན་པོ་བརྒྱབས་ནས་བཤམས་ཏེ་དོམ་པ་དག་གིས་འདེམས་ཆོག་ལ། གལ་ཏེ་དངོས་པོ་གཅིག་དོམ་པ་འགས་འདེམས་ན་རྒྱན་འཕངས་ནས་ཐག་གཅད་དགོས། དངོས་པོ་དེ་དག་གིས་དོམ་པའི་དོམ་གྱི་གཉིས་ཆའི་གཅིག་མ་གཏོགས་མི་འཇལ་བས་གཉིས་ཆའི་གཅིག་དོམ་པ་རང་གིས་འཁུར་བ་སྟེ་དེ་ནས་བཟུང་དོམ་དེ་རྩ་མེད་དུ་གྱུར་པ་རེད།
རྗེས་ཕྱོགས་ཀྱི་འགྲོ་ཕྱོགས་ཀྱང་ཆ་ཚང་བ་ཞིག་ཡོད་དེ། དཔེར་ན་ཚོང་བརྒྱབས་ནས་མ་རྩ་བརྡིབས་པ་ཞིག་ཡིན་ན་བུ་ལོན་སྟོན་མོ་བྱས་རྗེས་ཚོང་བརྒྱབ་མི་ཆོག ལོ་ངེས་ཅན་ཞིག་གི་ནང་དུ་ཁོ་ལ་ནོར་ལུག་གི་ཁ་གྲངས་ཀྱང་བུ་ལོན་སྟོན་མོའི་ཚད་གཞི་ལས་ལྷག་ན་དེ་ཡང་མུ་མཐུད་དུ་དོམ་པ་ལ་སྐྱིན་ཚབ་འཇལ་དགོས་པ་རེད། གཞན་བུ་ལོན་སྟོན་མོ་བྱེད་དུས་བུ་དང་ཆུང་མ་ཡང་གཞན་གྱིས་དོམ་ཚབ་ཏུ་ལེན་ན་བསྟེར་དགོས་པ་དང༌། དེ་དག་གིས་གཞན་གྱི་ཁྱིམ་དུ་ལས་ཀ་བྱས་པའི་ཡོན་བརྩི་སྟེ་ལོ་གང་ཞིག་འགོར་ན་ཡང་འདུག་དགོས་པ་ལས་དེའི་ནང་དུ་བུ་ལོན་སྟོན་མོ་འཇལ་མཁན་ལ་དབང་ཆ་ཅི་ཡང་མེད་ཅིང༌། ཕལ་ཆེར་ཐུག་འཕྲད་ཀྱང་བྱས་མི་ཆོག་པའི་ཚོད་ཡིན། དེ་ཡང་བུ་དང་ཆུང་མ་དག་འཐད་མོས་བྱུང་བའི་འོག་ཏུ་བྱ་དགོས་ལ། བུ་ལོན་སྟོན་མོ་བྱེད་དུས་ངེས་པར་སྦྲ་ཁྱིམ་དང་ཉེར་སྤྱད་ཡོད་ཚད་དོམ་པར་བྱིན་ནས་རང་ཉིད་སྦྲའི་སྒོ་ལས་ཀྱང་ཕྱིར་འབུད་མི་ཆོག་པར་སྦྲ་སྒོ་བརྒྱབས་ནས་ལྟག་ག་ནས་ཕྱིར་འགྲོ་དགོས་པ་རེད། དེའི་མཚོན་དོན་སྦྲ་དེ་ཁྱོད་ལ་གཏན་ནས་མི་དབང་ཞིང་རང་གི་ཁྱིམ་ལ་ཡང་རྒྱབ་གཏད་པ་ཡིན་པ་མཚོན་ཞེས་བཤད་སྲོལ་ཡོད། བྱིན་རྗེས་གཞན་གྱི་རོགས་རམ་བྱས་ནས་ཕྱིར་སྟེར་བའམ་ཡང་ན་གཞན་པས་རོགས་སྐྱོར་བྱས་ནས་འཚོ་ཐབས་བྱེད་པའམ་ཡང་ན་གནས་གཞན་དུ་ལྡོམ་ནས་འགྲོ་དགོས་པ་རེད། གལ་ཏེ་སྡེ་ནང་དུ་མུ་མཐུད་དུ་སྡོད་ན་ལོ་ངེས་ཅན་ཞིག་ལ་སྡེ་བའི་ཚོགས་ས་འདུ་སར་ཡོང་མི་ཆོག་ལ། སྡེ་ བའི་ཁྱིམ་ཚང་གང་ཞིག་གིས་ཀྱང་དེའི་རུ་སྐོར་བྱས་ནས་འབབ་མི་ཆོག་པའི་མི་ལྷག་མ་ཞིག་ཏུ་བརྩིས་པ་རེད། དེ་ལྟར་བྱེད་པའི་རྒྱུ་མཚན་ནི་གཅིག་ནི་མི་གཞན་གྱིས་བུ་ལོན་མང་བོ་ལེན་པ་སྔོན་འགོག་བྱེད་པ་དང་གཉིས་སུ་ཁོ་རང་ཉིད་ལ་བསམ་ཤེས་སུ་འཇུག་པའི་དོན་ཡོད། དེ་བས་མི་མང་བོ་ཞིག་ལ་དོམ་ཇི་འདྲ་ཡོད་རུང་ཁོས་ནུས་པས་འཇལ་ཨེ་ཐུབ་ལྟ་བ་ལས་བུ་ལོན་སྟོན་མོ་འཇོག་མི་འདོད་པ་རེད།
ཆེས་གུ་ལ་ཐུག་པའི་དབང་གིས་བྱུང་བ་མ་གཏོགས་བུ་ལོན་སྟོན་མོ་མི་བྱེད་ལ་བུ་ལོན་སྟོན་མོ་ནི་མི་ཆེས་ཐ་ཤལ་གྱི་མཚོན་རྟགས་ཡིན་པས་མི་མང་བོ་ཞིག་གིས་དོམ་ཇི་འདྲ་ཡོད་ཀྱང་བུ་ལོན་སྟོན་མོ་བྱེད་པར་གཏན་ནས་མི་འཐད། དེ་བས་ལོ་རྒྱུས་སྟེང་དུ་བུ་ལོན་སྟོན་མོ་བྱས་པ་ཤིན་ཏུ་ཉུང༌། ལོ་ལོན་རྒན་པ་དག་ལ་བཅར་འདྲི་བྱས་ན་ཡང་སྔོན་ཆད་དེ་འདྲ་ཞིག་ཡོད་ཅེས་པ་ལས་ས་ཆ་གང་ཞིག་ཏུ་མི་འདིས་བྱས་ཞེས་པ་ལྟ་བུའི་དཔེ་ཞིག་འགོད་དཀའ། དེ་བས་བུ་ལོན་སྟོན་མོ་ནི་གཞན་ལ་རོགས་རམ་དང་བྱམས་སྙིང་རྗེས་རྒྱབ་སྐྱོར་བྱས་ན་ཡང༌། བོད་ཀྱི་སྤྱི་ཚོགས་ཀྱིས་དེ་ལྟ་བུ་ནི་ཆེས་གུ་ལ་ཐུག་ན་མ་གཏོགས་གང་འགར་བྱས་ན་མི་ཆོས་དང་ལྷ་ཆོས་གང་ལ་ཡང་མི་མཐུན་པའི་ངོས་འཛིན་བྱས་ཡོད་པ་རེད། དེ་ལྟ་བུའི་བསམ་བློ་ལས་བུ་ལོན་སྟོན་མོ་བྱེད་མཁན་ནི་མི་ཆེས་ཐ་ཤལ་ཞིག་ཏུ་བརྩི་བ་དང་རྗེས་སུ་གདུང་སེམས་མཉམ་སྐྱེས་བྱེད་པ་སོགས་ལ་གེགས་རྒྱ་ཆེན་པོ་ཞིག་ཡོད་པས་དེ་ལྟ་བུའི་སྲོལ་དར་ཁྱབ་ཏུ་འགྲོ་བར་བཀག་འགོག་བྱས། ངོ་མཚར་བའི་སྲོལ་འདི་ད་ལྟ་ཡང་རྒྱུན་ཡོངས་སུ་ཆད་པ་ཞིག་མ་ཡིན་པར་མུ་མཐུད་དུ་རྒྱུན་སྐྱོང་བཞིན་ཡོད་ཅིང༌། ལྷག་པར་ད་ལྟའི་སྤྱི་ཚོགས་འདིར་དེ་དང་ལེན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ལོ་འདི་གཉིས་ཀྱི་རིང་ལ་མདོ་སྨད་ཀླུ་ཚང་དང་ཐར་ཤུལ་དུ་ བསྟུན་མར་བུ་ལོན་སྟོན་མོ་འགའ་བྱུང་བ་རེད།
དཔེ་དང་བོ། བུ་ལོན་སྟོན་མོ་བྱེད་མཁན་གནམ་ཆེ་གེ་མོ། ལོ་ཞེ་བརྒྱད། ཀོས་ནན་རྫོང་ཐར་ཤུལ་ཡུལ་ཚོའི་སྡེ་བ་ག་གེ་མོའི་ཡིན་ལ། 2009ལོའི་ཟླ་དགུ་བར་བུ་ལོན་སྟོན་མོ་བྱས། བཟའ་མི་བརྒྱད་ཡོད་ཅིང་བུ་གསུམ་ལས་གཅིག་གྲྭ་བ་བྱས་པ་ལས་གཞན་གཉིས་ལ་མནའ་མ་བླངས་ཡོད། ཁོའི་བུས་ཤོ་བརྒྱབས་ནས་མ་རྩ་བརྡིབས་པ་དང༌། ཁོས་རྩེ་ཁོག་ཏུ་ཞིང་བཏབ་པ་ཐན་པ་བྱུང་ནས་མ་རྩ་བརྡིབས་པ། མགོ་ལོག་ཏུ་ལམ་ལས་ནས་མ་རྩ་བརྡིབས་པ་བཅས་ལས་དོམ་སྒོར་ཁྲི105ཡོད་ཟེར།
བུ་ལོན་སྟོན་མོ་བྱེད་པའི་རྒྱུ་མཚན་ཁོ་ཕ་བུ་གཉིས་ཀས་དོམ་མ་འཕྲོད་པར་རང་སྲོག་གཅོད་རྒྱུ་ཞེས་བཤད་པས་སྡེ་བས་ཁོ་ཕ་བུ་གཉིས་ཀའི་སྲོག་བསྐྱབ་དགོས་ཟེར་ནས་རྒྱུ་ནོར་བསྡུས་ནས་བུ་ལོན་སྟོན་མོ་བྱས་པ་རེད། བུ་ལོན་སྟོན་མོ་བྱེད་པའི་ཉིན་དེར་སྡེ་བའི་རྒན་པོ་རྣམས་ཀྱིས་ཁོ་ཕ་བུ་གཉིས་ཀྱིས་སྲོག་སྐྱོབ་པ་གལ་ཆེ་ཚུལ་དང་ཀུན་གྱིས་བུ་ ལོན་སྟོན་མོ་དང་ལེན་བྱ་དགོས་ཚུལ་སོགས་རྒྱ་ཆེར་བཤད། དོམ་པ་རྣམས་ལ་ནོར་ལུག་ དང་རྟ། འཕྲུལ་འཁོར་བཅས་བྱིན་ནས་བུ་ལོན་སྟོན་མོ་བྱས།
ལུག་ག་ཞིག་ལ་སྒོར300ཅན་དང་ལྔ་བརྒྱ་ཅན། ནོར་ལ་ནོར་གཅིག་ལ་སུམ་སྟོང་ལྔ་བརྒྱ་ཅན་དང༌། བཞི་སྟོང་ཅན། ལྔ་སྟོང་ཅན། རྟ་ལ་སྒོར་ཁྲི་གཅིག་དང་སྟོང་ལྔ་ཅན་དང༌། འཕྲུལ་རྟ་ལ་སྒོར་ཁྲི་གཅིག་ཅན་དང་ཁྲི་གཉིས་ཅན། ས་ཞིང་མུའུ་གཅིག་ལོ་གཅིག་ལ་གླས་པས་སྒོར400རྩྭ་ས་མུའུ་གཅིག་ལ་ལོ་གཅིག་ལ་སྒོར་སུམ་ཅུར་བཀུག་ཡོད། དོམ་པ་མང་ཆེ་བ་སྡེ་བ་དེའི་ཡིན་ལ་བརྒྱ་ཆའི40རོང་བ་རེད། བུ་ལོན་བྱིན་པ་འདིས་ཁོ་རྣམས་ཀྱི་དོམ་གྱི་སུམ་ཆའི་གཅིག་མ་གཏོགས་འཇལ་མེད་པས་བུ་ལོན་སྟོན་མོ་འདི་དང་ལེན་མི་བྱེད་ཅེས་ཚོགས་ཐོག་ལ་མ་ཡོང་བ་ཡོད་མོད། རྗེས་སུ་སྡེ་བ་དེའི་རྒན་པོ་དང་དཔོན་པོ་རྣམས་ཀྱིས་རྒྱུ་ནོར་སྐྱེལ་ནས་སོང་བས་དང་ལེན་མི་བྱེད་ཀ་མེད་བྱུང་བ་ཡང་ཡོད།
དཔེ་གཉིས་པ། བུ་ལོན་སྟོན་མོ་བྱེད་མཁན། བདུད་ཆེ་གེ་མོ། རྩེ་ཁོག་རྫོང་བོན་རྒྱ་ཡུལ་ཚོའི་སྡེ་བ་ག་གེ་མོའི་ཡིན་ལ། 2009ལོའི་ལུགས་རྙིང་ཟླ་བཅུ་བའི་ཚེས14ཉིན་བུ་ལོན་སྟོན་མོ་བྱས། བུ་ལོན་སྟོན་མོ་བྱེད་མཁན་ཁོར་བཟའ་མི་བཅུ་ཡོད་དེ། བུ་གཉིས་ལ་མནའ་མ་བླངས་ཡོད་ལ་བུ་མོ་དང་བུ་གཅིག་ད་དུང་ཡུལ་ན་ཡོད། མནའ་མ་ཆེ་བར་བྱིས་པ་གཉིས་སྐྱེས་ཡོད། ཁོ་ལོ་བཅུ་བདུན་བཅོ་བརྒྱད་ནས་ཚོང་ལས་གཉེར་ཞིང་ཁོས་ཚོང་གཙོ་བོ་ནི་རྟ་ཚོང་ཡིན། རྗེས་སུ་རླངས་འཁོར་གྱི་ཚོང་དང༌། ཞོར་ལ་ཞིང་བཏབ་པས་མ་རྩ་བརྡིབས། ཁོས་བུ་ལོན་སྟོན་མོ་བྱས་ཏེ་དོམ་སྒོར་ཁྲི་བརྒྱ་དང་ཞེ་བརྒྱད་བསལ་ན་ཡང༌། ད་དུང་སྒོར་དོམ་མ་འཇལ་བ་སྒོར་ཁྲི་སུམ་ཅུ་ནས་བཞི་བཅུ་བར་ཡོད། གཞན་ད་དུང་དངུལ་ཁང་ལ་ཡང་དོམ་མང་བོ་ཆད་ཡོད་འདུག
བུ་ལོན་སྟོན་མོ་བྱེད་པའི་རྩ་འཛུགས་བྱེད་མཁན་ནི་སྡེ་བའི་རྒད་པོ་དག་ཡིན་ལ། ཁོ་ཚོས་གྲོས་བྱས་ཏེ་ཁོ་ཡང་མོས་མཐུན་བྱུང་བ་ལ་བརྟེན་ནས་བུ་ལོན་སྟོན་མོ་བྱས། སྟོན་མོ་འདིའི་ནང་དུ་སྡེ་བས་སྒོར་ཁྲི་དྲུག་བཅུའི་མ་རྩ་བསྡུས་ཡོད་ཟེར། དོམ་པ་དེ་ལས་རྒྱ་དང་ཁ་ཆེ། རོང་འབྲོག བུད་མེད་གྲྭ་བ་བཅས་མི་དོན་དྲུག་ཡོད་ལ་དེ་དག་ལས་མང་ཆེ་བ་ཞིག་ཁོའི་གྲོགས་པོ་དང་མནའ་བཅད་ཤ་ཉེ་རིང་བཅས་རེད། ཡིན་ན་ཡང༌། མི་སྐོར་ཞིག་གིས་བུ་ལོན་སྟོན་མོ་འདི་ཁས་མ་བླངས་པར་དེར་སོང་མེད། དོམ་པ་ལས་ཆེས་མང་བ་ནི་སྒོར་ཁྲི15ཡིན་ལ། ཆེས་ཉུང་བ་ལྔ་སྟོང་ལྷག་ཡོད། ཚེས11ཉིན་རང་གི་ས་ཆའི་དོམ་པ་རྣམས་བོས་ནས་ཁང་བ་དང་རྩ་ས་རྣམས་གཞན་ལ་མི་འཁོར་བའི་ཆེད་དུ་ཡིན་ལ་དེ་ལས་ཀྱང་ལུགས་འདི་ད་ལྟ་བྱུང་བ་ཞིག་མིན་པར་ལོ་རྒྱུས་སྟེང་བྱུང་མྱོང་བ་ཞིག་ཡིན་པ་སོགས་གསལ་བོར་བསྟན་ལ་ཀུན་ལ་བུ་ལོན་འདི་ཀུན་གྱིས་དང་ལེན་བྱེད་པར་རེ་བ་ནན་གྱིས་བཤད་ཟེར།
དངོས་གཞིའི་ཉིན་ནི་ཚེས14ཉིན་ཡིན། ཉིན་དེར་སྔོན་ནས་བརྡ་བརྒྱབ་པ་བཞིན་གཅིག་ཏུ་འཛོམས། བུ་ལོན་སྟོན་མོ་ལ་འཕྲུལ་རྟ་བཞི་དང༌། ར་ལུག་བདུན་ཅུ། ནོར50། ལ་ལོ18བཅས་ཡོད། ད་དུང་ཁང་བ་འགའ་དང་རྩྭ་ས་མུའུ་སྟོང་བཅས་ཡོད། དེ་དག་རིན་པ་ཡང་རྒྱུན་ལྡན་ལས་ལྡབ་མང་བོར་འཕར་ཡོད་དེ་ར་མ་ཞིག་ལ་སྒོར 400དང༌། ལུག་གཅིག་ལ་སྒོར1000རྟ་གཅིག་ལ་ཁྲི་ 4ནས5བཅས་གཏན་ལ་ཕབ་ཡོད། དཔེར་ན་མི་ཞིག་ལ་སུམ་ཁྲི་ལྔ་སྟོང་གི་རིན་པར་ཁང་མིག་གཅིག་གི་ཕྱེད་དང་ར་མ་གཅིག་མ་གཏོགས་མེད་ཅིང༌། ཁོས་ཁང་བ་བཤིག་དུས་རྒྱུགས་བཞི་མ་གཏོགས་མི་འདུག་ཟེར།
ཐོག་མར་དོམ་པ་དག་ལས་འདི་ཁས་མི་ལེན་ཟེར་མཁན་འགའ་རེས་ཁོ་ཚོས་བུ་ལོན་སྟོན་མོ་འདི་དང་ལེན་བྱ་དགོས་ན་ཁྱིམ་གྱི་སྣོད་ཅ་ལག་དང་སྦྲ་ཁྱིམ་སོགས་ཡོད་ཚད་བགོ་དགོས་ཟེར། ཡང་ལ་ལས་ཁོ་ཚོས་བུ་ལོན་སྟོན་མོ་བྱས་ན་རྗེས་སུ་བུ་སྟོན་འཇལ་མཁན་གྱིས་སྔོན་བཞིན་ཚོང་ལས་གཉེར་མི་གཉེར་བ་ཁས་ལེན་དགོས་ཟེར་མཁན་ཡོད་ཀྱང་གཞན་གྱིས་ཁ་བརྡ་སློབ་གསོ་བྱས་པ་བརྒྱུད་དང་ལེན་བྱས་ཤིང་རྗེས་སུ་དོན་དག་མི་གླེང་རྒྱུ་བྱས་ཟེར།
ཐེངས་འདིའི་བུ་ལོན་སྟོན་མོ་ལས་སྔོན་ཆད་ཀྱི་སྲོལ་བཞིན་མ་བྱས་པར་ཁང་བ་སྣོད་ཅ་ལག་ཡོད་ཚད་བགོས་མེད་ལ་ཁང་ལེབ་གཅིག་དང༌། རྒྱ་ཁང་གཅིག་བཅས་ནོར་ཚེ་ཐར་ལྔ་དང༌། རྟ་ཚེ་ཐར་གཅིག་མ་གཏོགས་ལྷག་མེད། དཔེ་གསུམ་པ་ནི་ཐར་ཤུལ་ཡུལ་ཚོ་སྡེ་བ་ག་གེ་མོའི་མི་གཉིས་རེད། འདིའི་སྐོར་གྱི་རྒྱུ་ཆ་གསལ་བོ་མ་ལོན་ཡང་སྡེ་བས་རྒྱབ་སྐྱོར་མ་བྱས་པར་གཉེན་ཉེ་དག་གིས་རྒྱབ་སྐྱོར་བྱས། དཔེ་བཞི་བ། བུ་ལོན་སྟོན་མོ་བྱེད་མཁན། རྟ་ཆེ་གེ་མོ། ཀོས་ནན་རྫོང་ཐར་ཤུལ་ཡུལ་ཚོ་སྡེ་བ་ག་གེ་མོའི་སྟེ་ལོ38ཡིན། ད་ལྟ་ཀོས་ནན་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་ཅིང༌། ཉེས་པ་བསམ་བཞིན་དུ་གཞན་ལ་རྨས་སྐྱོན་བཟོས་པ་ཡིན་སྐད། ཁོས་ཐར་ཤུལ་ཞང་དུ་ཚོང་ཁང་ཞིག་གཉེར་ཡོད་ལ། ཆུང་དུས་ནས་རྟ་ཚོང་སོགས་ཚོང་སྣ་ཚོགས་རྒྱག་བཞིན་ངེས་མེད་དུ་འཁྱམས་བཞིན་ཡོད། བུ་ལོན་སྟོན་མོ་འདི་ཁོས་བྱས་པ་མ་ཡིན་པར་ཁོའི་ཕ་རྒན་གྱིས་བྱས་པ་ཡིན་མོད། སྡེ་བས་འདི་ནི་སྲོལ་ངན་པ་ཞིག་ཡིན་ཞེས་རྒྱབ་སྐྱོར་མ་བྱས་པས་ཁོའི་ཉེ་འབྲེལ་དག་གིས་རྒྱུ་ ནོར་སྐོར་ཞིག་བསྡུས་ནས་བུ་ལོན་སྟོན་མོ་བྱས་པ་ཞིག་རེད།⑤
སྔོན་དང་ད་ལྟ་གང་ཡིན་རུང་བུ་ལོན་སྟོན་མོ་རྩ་འཛུགས་བྱེད་མཁན་སྡེ་བའི་རྒད་པོ་དག་ཡིན་ལ། ཁོ་ཚོས་བསམ་པ་ནི་ཁོས་བུ་ལོན་དེ་འདྲ་མང་བོ་ཞིག་ཆད་པ་དེས་བུ་ལོན་ཅན་དེར་མཚོན་ན་ཆེས་ཐག་གཅོད་དཀའ་བའི་གནད་དོན་ཞིག་ཏུ་བསམ་པས། བུ་ལོན་དེ་མ་འཇལ་ན་རང་གཞན་ཀུན་ལ་གནོད་པས་སྡེ་བས་རོགས་བྱེད་པ་དང་དོམ་པས་ཀྱང་རོགས་བྱེད་དགོས་པའི་འདོད་ཚུལ་གྱིས་ཆེས་དཀའ་བའི་གནད་དོན་དེ་ཐག་གཅོད་པ་ཉག་གཅིག་རེད། དེ་བས་ཁོའི་གཉེན་ཉེ་དག་དང་སྡེ་མི་དག་ཀྱང་བུ་ལོན་སྟོན་མོ་འདིར་ཞུགས་ནས་བུ་ལོན་འཇལ་བའི་འགན་གཙོ་བོ་འཁུར་ནས་རང་འགུལ་གྱིས་རྒྱུ་ནོར་འབོར་ཆེན་ཞིག་གིས་རོགས་བྱེད། ཡིན་ན་ཡང༌། ཁོ་ཚོ་ལ་མཚོན་ན་འདི་ནི་ཕུ་ནུའི་བརྩེ་འདང་དང་ལ་རྒྱ་བསམ་པ་ལས་བུ་ལོན་མཁན་དེར་གདུང་སེམས་མཉམ་སྐྱེས་བྱས་པ་ཙམ་རེད།
ཡིན་ན་ཡང་ད་ལྟའི་བུ་ལོན་སྟོན་མོ་སྔོན་གྱི་བུ་ལོན་སྟོན་མོ་དང་མི་འདྲ་ས་ཞིག་ཡོད་པ་ནི་ད་ལྟའི་སྟོན་མོ་འདིས་སྔོན་ཆད་ཀྱི་ནང་བཞིན་རྒྱུ་ནོར་ཡོད་ཚད་བུ་ལོན་དུ་གཏོང་བའི་གནས་ཚུལ་མེད་ལ། སྔོན་ཆད་ཀྱི་ནང་བཞིན་བུ་ལོན་སྟོན་མོ་བྱེད་པའི་མི་དག་གིས་ཆེད་དུ་རྩ་འཛུགས་བྱས་ནས་དེའི་འགྲོ་འདུག་ལ་ཆེད་དུ་ལྟ་རྟོག་བྱེད་པ་ཡང་མེད་པས་བུ་ལོན་སྟོན་མོ་འདི་རིགས་སྔོན་ཆད་དང་བསྡུར་ན་ཤིན་ཏུ་སྟབས་བདེ་བ་ཞིག་རེད། དེ་བས་བུ་ལོན་སྟོན་མོ་དང་ལེན་བྱེད་མཁན་དག་གིས་དང་ལེན་བྱེད་མི་འདོད་པའི་གནས་ཚུལ་བྱུང་བ་རེད། གནས་ཚུལ་དེ་ལྟ་བུ་བྱུང་བས་སྡེ་བས་ཀྱང་བུ་ལོན་སྟོན་མོ་ལ་རྒྱབ་སྐྱོར་མི་བྱེད་པའི་གནས་ཚུལ་ཤུགས་དྲག་པོ་བྱུང་སྟེ་དཔེར་ན། དཔེ་མཚོན་གསུམ་པ་དང་བཞི་བ། ལྔ་བ་བཅས་ལ་སྡེ་བས་རོགས་མ་བྱས་པར་གཉེན་ཉེ་དག་གིས་རོགས་བྱས་པ་རེད།
འདི་ལས་ཤེས་ཐུབ་པ་ནི་ཁོང་ཚོས་བུ་ལོན་སྟོན་མོ་འདི་དང་ལེན་བྱས་ན་ཡང་ཁོས་རང་ནུས་ཡོད་ཚད་ཀྱིས་དོམ་འཇལ་མེད་ཅིང་གཞན་ལ་ཕན་པ་མེད་པར་བུ་ལོན་འཇལ་མཁན་ལ་ཕན་པ་དེ་མཚོན་པ་རེད། དེ་བས་བསམ་འཆར་མང་བོ་ཞིག་བྱུང་འདུག་པ་མངོན་གསལ་རེད། ལྷག་པར་མང་བོ་ཞིག་ལ་མཚོན་ན་ཁྲིམས་ལུགས་ཀྱིས་ཡོད་ཚད་ཐག་གཅོད་པའི་དུས་རབས་འདིར་བུ་ལོན་སྟོན་མོའི་སྲོལ་འདི་ནི་བློ་ཡུལ་དུ་དཔོག་དཀའ་བ་ཞིག་རེད། དེ་བས་དཔེ་མཚོན་གཉིས་པའི་སྐབས་སུ་དོམ་པ་མང་བོ་ཞིག་གིས་དང་ལེན་མ་བྱས་པ་རེད། གལ་ཏེ་དང་ལེན་མ་བྱས་ན་ད་དུང་ཁོས་དོམ་དེ་འཇལ་ནུས་པའི་དུས་ཚོད་ལ་སྒུག་པ་ལས་ཐབས་གཞན་མེད། དང་ལེན་བྱས་པ་དག་ཀྱང་ཁོས་གྲོགས་པོ་དང་མནའ་བཅད་ཡིན་པས་དེ་ཚོས་ཁོ་ཡིན་པ་མ་གཏོགས་འདི་དང་ལེན་བྱེད་ཐབས་མེད་ཅེས་བཤད་ཀྱིན་འདུག བུ་ལོན་སྟོན་མོ་རྩ་འཛུགས་བྱེད་མཁན་གྱིས་བཤད་པ་ལྟར་ན་གལ་ཏེ་བུ་ལོན་སྟོན་མོ་འདི་དང་ལེན་མ་བྱས་ན་རྗེས་སུ་དོམ་པ་དག་ལ་འདི་ལྟ་བུའི་རྒྱུ་ནོར་གྱིས་དོམ་འཇལ་བའི་གོ་སྐབས་ཀྱང་མེད་དེ་རྒྱུ་མཚན་ནི་ཁོ་ལ་དོམ་མང་ཞིང་དོམ་འཇལ་བའི་ནུས་པ་མེད་པ་ཀུན་གྱིས་ཤེས་པ་ལྟར་རེད་ཅེས་བསྒྲགས་ཡོད་འདུག འདི་ལ་བདེན་པ་ཤས་ཆེ་སྟེ་དོམ་འདི་དག་ལས་མང་བོ་ཞིག་ནི་ལོ་ངོ་ཉི་ཤུ་སུམ་ཅུའི་རིང་ལ་འཇལ་མ་ཐུབ་པའི་དོམ་ཡིན་པས་དོམ་པ་དག་ལ་གསལ་བོ་རེད། དེ་བས་དོམ་པ་མང་བོ་ཞིག་གིས་གནད་འདི་ལ་ བསམ་པ་ནི་བུ་ལོན་སྟོན་མོ་དང་ལེན་བྱེད་པའི་རྒྱུ་མཚན་ཆེན་པོ་ཞིག་གོ །
ལྷག་པར་གལ་ཆེ་བ་ཞིག་ནི་བུ་ལོན་སྟོན་མོའི་སྐབས་དངོས་པོའི་རིན་པ་ལྡབ་མང་བོ་འཕར་བ་ནི་བུ་ལོན་སྟོན་མོའི་ཁྱད་ཆོས་ཤིག་སྟེ། འདི་ནི་བུ་ལོན་སྟོན་མོ་བྱེད་དགོས་པའི་རྒྱུ་རྐྱེན་ཞིག་སྟེ་ཕྱི་ངོས་ནས་དོམ་པ་དག་ལ་དོམ་འཇལ་ཟིན་ན་ཡང་དོན་དུ་ཆ་ཤས་ ཤིག་མ་གཏོགས་འཇལ་མེད་པས་མཐར་གཏུགས་ན་དོམ་འདི་དོམ་འཇལ་མཁན་དང༌། སྡེ་བ་དོམ་པ་གསུམ་ཀས་འཇལ་བ་ཞིག་རེད།
ཐེངས་འདིའི་འཇལ་སྟངས་ལ་བལྟས་ན་ཁྱིམ་ཚང་གི་ཉར་སྤྱད་དག་དང༌། ཁང་བ་རེ་གཉིས་ཚེ་ཐར་གྱི་ཕྱུགས་འགའ་བུ་ལོན་སྟོན་མོའི་གྲས་སུ་བཞག་མི་འདུག་སྟེ་བུ་ལོན་སྟོན་མོ་རྩ་འཛུགས་བྱེད་མཁན་དག་གིས་བཤད་པ་ལྟར་ན་འདི་ནི་ང་ཚོས་ཁོ་དང་ལྷག་པར་ཁོའི་ཁྱིམ་མི་དག་ལ་བྱེད་འོས་པའི་གདུང་སེམས་མཉམ་སྐྱེས་ཤིག་ཡིན་པ་དང་ཚེ་ཐར་དག་དེའི་གྲས་སུ་མ་བགྲང་བ་ཡང་བོད་ཀྱི་ཆོས་ལུགས་ཀྱི་འགྲོ་སྟངས་ལ་བརྩི་སྲུང་བྱས་པ་ཞིག་རེད།
བུ་ལོན་སྟོན་མོའི་དགེ་སྐྱོན་དང་དེའི་སྤྱི་ཚོགས་ལ་སྐྱེལ་ཡོང་བའི་འབྲས་བུ་ལ་དཔྱད་པ།
ལོ་འདི་གའི་རིང་ལ་བོད་ཀྱི་ས་ཆ་འགའ་རེར་བུ་ལོན་སྟོན་མོ་འགའ་རེ་བྱུང་ཞིང༌། བུ་ལོན་སྟོན་མོ་དེ་དག་ལ་དོམ་འཇལ་མཁན་དེ་དག་གིས་དགའ་བསུ་བྱེད་པ་ལས་བོད་སྤྱི་ཚོགས་ཡོངས་ནས་ངོས་འཛིན་ལེགས་པོ་ཞིག་བྱུང་མེད། ངོས་འཛིན་དེ་དག་ཀྱང་ཕལ་ཆེར་སྤྱི་ཚོགས་ལ་སྐྱེལ་ཡོང་བའི་གནད་དོན་སྐོར་ལ་ཕྱོགས་སོ་སོའི་ངོས་འཛིན་མི་འདྲ་བས་རེད།
བུ་ལོན་སྟོན་མོའི་གནས་ཚུལ་འདི་བསྒྲགས་པ་ན་བོད་ཀྱི་སྤྱི་ཚོགས་སུ་གླེང་གཞི་ཤུགས་དྲག་པོ་བྱུང་བ་རེད། གླེང་གཞི་དེ་དག་གི་གནད་བསྡུས་ན་བུ་ལོན་སྟོན་མོ་ལ་ཟུར་དང་ངོས་མི་འདྲ་བའི་སྒོ་ནས་ངོས་འཛིན་བྱེད་སྟངས་མི་འདྲ་བ་བྱུང་བས་ཡིན་ལ། དེ་དག་ཀྱང་མཐར་གཏུགས་ན་བུ་ལོན་སྟོན་མོ་འདིར་དགེ་མཚན་ནམ་སྐྱོན་ཆ་ཅི་ཞིག་ཡོད་པ་དང༌། དེས་སྤྱི་ཚོགས་ལ་སྐྱེལ་ཡོང་བའི་ཤུགས་རྐྱེན་ག་འདྲ་ཞིག་ཡིན་པ་དེ་རེད། དངོས་པོ་གང་ཞིག་ཡིན་ན་དེར་སྐྱོན་ཆའམ་དགེ་མཚན་མཐའ་གཅིག་ཏུ་འདི་ཞེས་བཤད་པ་མི་ཐུབ་སྟེ་གང་ལ་ཡང་དགེ་མཚན་ཡོད་ལ་སྐྱོན་ཆ་ཡང་ཡོད་པས་བུ་ལོན་སྟོན་མོ་ལ་མཚོན་ན་ཡང་དེ་བཞིན་རེད། དོམ་པ་དག་གིས་ཁོ་ཚོའི་དོམ་མང་བོ་དེ་དག་རྒྱུ་ནོར་རེ་གཉིས་ཀྱིས་འཇལ་བ་འདི་གནས་ལུགས་དང་མི་མཐུན་པར་འདོད། ཁོ་ཚོས་བསམ་པ་ནི་རང་གི་རྒྱུ་ནོར་ཡིན་པ་ལས་དོམ་འཇལ་མཁན་དེའི་གདུང་སེམས་མཉམ་སྐྱེས་བྱེད་པ་གཏན་ནས་མ་ཡིན་ཏེ། དེས་བུ་ལོན་ནམ་དོམ་མང་བོ་བླངས་པའི་རྒྱུ་ནོར་དག་ཁོས་ཆུད་ཟོས་སུ་བཏང་བ་ལས་གཞན་སུ་ཞིག་གི་ཐད་དུ་བཏང་མེད་པས་སོ་ཟེར། འོན་ཀྱང་དོམ་པ་དེ་དག་གིས་ཀྱང་མི་འདོད་བཞིན་དུ་ལེན་དགོས་པ་ལས་ཁྲིམས་གཏུག་དང་གཞན་པའི་འགྲོ་ལུགས་དང་དུ་ལེན་ཀྱིན་མེད། ཁོ་ཚོས་ངོས་འཛིན་ལ་ཁྲིམས་ཐོག་ནས་བཤད་ན་རྒྱུ་ནོར་དེ་ཙམ་ཡང་ལེན་རྒྱུ་མེད་པས་རང་ལ་དེ་ལས་ཀྱང་གྱོང་ཞིག་འཁེལ་པར་འདོད། དེ་བས་བུ་ལོན་སྟོན་མོས་རྒྱུ་ནོར་ཉུང་ངུ་དེ་དང་ལེན་མི་བྱེད་ག་མེད་ཡིན་ནའང༌། འདི་ནི་དགེ་མཚན་གཏན་ནས་མེད་ཅིང་རང་གཞན་གྱི་རྒྱུ་ནོར་ཆུད་ཟོས་སུ་བཏང་བ་ཞིག་རེད་ཟེར།
འདི་ནི་དོམ་པ་དག་གིས་བཤད་པ་བཞིན་དེའི་དགེ་མཚན་ནི་བུ་ལོན་སྟོན་མོ་རྩ་འཛུགས་བྱེད་མཁན་གྱིས་གལ་ཏེ་བུ་ལོན་སྟོན་མོ་འདི་དང་ལེན་མ་བྱས་ན་རྗེས་སུ་དོམ་པ་དག་ལ་འདི་ལྟ་བུའི་རྒྱུ་ནོར་གྱིས་དོམ་འཇལ་བའི་གོ་སྐབས་ཀྱང་མེད་དེ་རྒྱུ་མཚན་ནི་ཁོ་ལ་དོམ་མང་ཞིང་དོམ་འཇལ་བའི་ནུས་པ་མེད་པས་ཁྱོད་ཀྱིས་ཇི་འདྲར་སྒུག་ཀྱང་ཕན་པ་ཅི་ཡང་འབྱུང་མི་སྲིད། དེ་བས་འདི་དང་ལེན་བྱས་ན་གཅིག་ནི་དོམ་པ་རང་ལ་དངོས་པོ་ཅུང་རེ་ལེན་རྒྱུ་ཡོད་པས་འདི་ནི་ཅི་ཡང་མེད་པ་ལས་བཟང་ལ། ཕྱོགས་གཞན་ཞིག་ནས་བུ་ལོན་ཅན་དེར་རོགས་རམ་བྱས་པ་ཞིག་ཡིན། དོམ་པ་དག་ཀྱང་ཁོའི་སྔོན་ཆད་ཀྱི་ཚོང་རོགས་དང་གྲོགས་པོ་ཡིན་པས་ཁོ་ལ་གདུང་སེམས་མཉམ་སྐྱེས་བྱེད་པ་ནི་མི་ཆོས་དང་ལྷ་ཆོས་གང་དང་ཡང་མཐུན་པ་ཞིག་རེད་ཅེས་བཤད་པ་ལྟར་རེད།
ཡིན་ན་ཡང༌། བུ་ལོན་སྟོན་མོ་རྩ་འཛུགས་བྱེད་མཁན་དང་དོམ་པའི་ངོས་ནས་བཤད་ན་བསམ་ཚུལ་མི་མཐུན་ཏེ་དེ་ལྟ་བུའི་གནས་ཚུལ་དེ་བདེན་པ་ཡིན་ཡང༌། སྤྱི་ཚོགས་ལས་རིགས་ཀྱི་མི་སྣ་མང་བོ་ཞིག་གིས་ཕྱོགས་གཞན་ནས་བལྟས་ན་བུ་ལོན་སྟོན་མོས་སྤྱི་ཚོགས་འདིར་ཤུགས་རྐྱེན་ངན་པ་འབྱུང་ངེས་རེད། ད་ལྟ་སྐྱིད་ཉལ་བྱེད་ཅིང་རྒྱུ་ནོར་གྱི་ཕྱོགས་ནས་སྐབས་འཚོལ་བྱེད་པ་མང་བས་བུ་ལོན་སྟོན་མོ་བྱེད་པ་འདིས་རྗེས་སུ་བུ་ལོན་ཇི་འདྲ་བླངས་ཀྱང་དེ་ལ་སེམས་ཁུར་ཇེ་ཆུང་དུ་འགྲོ་བས་འདིས་བག་མེད་རྒྱས་སྤྲོད་བྱེད་པར་ཤུགས་རྐྱེན་ངན་པ་འབྱུང་སྲིད་ལ། དེང་སང་ཤོ་རྒྱག་པ་སོགས་ཀྱི་སྲོལ་དར་ཁྱབ་ཆེ་བས་དེ་དག་གི་དོམ་མང་བོ་བླངས་ཀྱང་དེ་ལ་སེམས་ཁུར་མི་འབྱུང་བས་གནོད་སྐྱོན་ཤིན་ཏུ་ཆེ། ལྷག་པར་དེང་རབས་བུ་ལོན་སྟོན་མོ་ནི་བུ་ལོན་ཅན་ལ་རྒྱུ་ནོར་གསོག་པའི་གོ་སྐབས་ཕྱེས་པ་ཞིག་ཀྱང་ཡིན་ཏེ་སུ་ཞིག་གིས་བུ་ལོན་མང་བོ་བླངས་ནས་རང་ལ་དེ་འཇལ་བའི་ནུས་པ་ཡོད་ཀྱང་མེད་ཁུལ་གྱིས་བུ་ལོན་བྱེད་པ་ཡང་འབྱུང་ངེས་ཟེར།
དོན་དངོས་སུ་ཡང་སྤྱི་ཚོགས་ལས་རིགས་སྟེང་གི་མི་སྣ་འདི་དག་གིས་བཤད་པ་ལྟར་གྲུབ་སྟེ། བུ་ལོན་སྟོན་མོ་བྱེད་མཁན་མང་ཆེ་བ་སྒོར་མོ་ཆུད་ཟོས་གཏོང་མཁན་མང་ཚོགས་ཕལ་བ་ལས་ཆེས་ཆེར་བརྒལ་ཡོད་ཅིང༌། གོང་གི་དཔེ་མཚོན་དྲུག་ལས་ལྔ་ཤོ་དང་འབྲེལ་བ་ཡོད་པ་རེད། ད་དུང་མི་རེ་འགས་སྒོར་ཁྲི་མང་བོས་དོམ་བླངས་ནས་ཕྱིའི་མིང་ཐོག་ནས་བཟའ་ཚང་ཐོར་ནས་རྒྱུ་ནོར་ཡོད་ཚད་ཆུང་མའི་ཕྱོགས་སུ་བྱིན། བྱིས་པ་དག་ལ་ཡང་འོས་འཚམས་ཀྱིས་བཀོད་སྒྲིག་བྱས་ནས་བུ་ལོན་སྟོན་མོ་འཇོག་རྩིས་བྱེད་པ་ཡང་མཐོང་ལ། ལ་ལས་རང་གི་སྒོར་མོ་ཡོད་ཚད་མིང་གཞན་པ་ཞིག་གི་སྟེང་ནས་ས་གནས་གཞན་གྱི་དངུལ་ཁང་དུ་བཞག་ནས་བུ་ལོན་སྟོན་མོ་འཇོག་རྩིས་བྱས་པ་ཡང་ཡོད། ལ་ལས་བུ་ལོན་སྟོན་མོ་ནི་རང་གི་དོམ་གྱི་ཁུར་བོ་ལ་གཡོལ་བའི་ལག་ཆ་ཞིག་ཏུ་འཛིན་བཞིན་ཡོད་ལ་ལ་ལས་འདི་ལ་བརྟེན་ནས་རང་གི་རྒྱུ་ནོར་བསོག་པའི་གོ་སྐབས་ཤིག་འཚོལ་བའང་མཐོང་བས་སྔོན་གྱི་བུ་ལོན་སྟོན་མོ་དེ་ད་ལྟ་ཡོངས་སུ་འགྱུར་ནས་ཉོག་དྲར་འགྱུར་བཞིན་ཡོད་འདུག ལྷག་པར་བུ་ལོན་སྟོན་མོ་བྱས་ཟིན་པ་རེ་གཉིས་ཀྱིས་བུ་ལོན་སྟོན་མོ་བྱས་ནས་ཅུང་མ་འགོར་བར་རླངས་འཁོར་བསྐོར་ནས་འགྲོ་བ་སོགས་ཀྱིས་སླར་ཡང་དོམ་པ་དང་བུ་ལོན་སྟོན་མོ་འཇལ་མཁན་བར་དུ་ཉོག་དྲ་འབྱུང་བཞིན་པའང་མཐོང༌། དཔེར་མཚོན་གཉིས་པའི་མི་སྣས་བུ་ལོན་སྟོན་མོ་བྱས་ནས་ལོ་གཅིག་མ་འགོར་བའི་ནང་དུ་རླངས་འཁོར་ཆེ་ཆུང་གཉིས་ཉོས་པ་དང༌། དཔེར་མཚོན་དང་བོའི་མི་སྣས་བུ་ལོན་སྟོན་མོ་བྱས་ནས་ཅུང་མ་འགོར་བར་རླངས་འཁོར་ཞིག་བསྐོར་ནས་འགྲོ་བ་དོམ་པ་གཅིག་གིས་མཐོང་ནས་བུ་ལོན་སྟོན་མོས་གོ་མི་ཆོད་དེ་ཁྱོད་ལ་ད་དུང་རྒྱུ་ནོར་ཡོད་ཅེས་གྱོད་བརྒྱབས་པའི་གནས་ཚུལ་བྱུང་བ་ཡང་ཐོས། དེ་བས་མི་མང་བོ་ཞིག་གིས་བུ་ལོན་སྟོན་མོ་དང་ལེན་བྱས་ན་ཡང༌། ཁོ་ཚོས་དོམ་གྱི་སྐོར་ལ་རྩིས་བརྒྱབས་པ་ལ་སུ་ཞིག་གིས་ཁོ་ལ་དོམ་བསྟེར་དགོས་པའི་སྐོར་ལ་རྩིས་བརྒྱབས་མེད་པས་ཁོ་ཚོས་ད་དུང་རང་གི་རྒྱུ་ནོར་ཡོད་ཚད་ཀྱིས་བུ་ལོན་སྟོན་མོ་འཇལ་མེད་པའི་དོགས་པ་ཡང་ཤིན་ཏུ་ཆེ། དེ་བས་བུ་ལོན་སྟོན་མོས་སྐྱེལ་ཡོང་བའི་འགལ་ཟླ་ནི་ཚོད་དཔག་བྱེད་མི་ཐུབ་པ་ཞིག་རེད།
གནད་དོན་འདི་དག་འབྱུང་དོན་ནི་སྔོན་གྱི་བུ་ལོན་སྟོན་མོའི་སྲོལ་མ་བརྩི་བ་ལས་བྱུང་བ་སྟེ། སྔོན་གྱི་བུ་ལོན་སྟོན་མོ་བྱེད་དུས་ངེས་པར་སྦྲ་ཁྱིམ་དང་ཉར་སྤྱད་ཡོད་ཚད་དོམ་པར་བསྟེར་དགོས་ལ་བྱིན་རྗེས་གཞན་གྱི་རོགས་རམ་བྱས་ནས་ཕྱིར་སྟེར་བའམ་ཡང་ན་གཞན་པས་རོགས་སྐྱོར་བྱས་ནས་འཚོ་ཐབས་བྱེད་པའམ་ཡང་ན་གནས་གཞན་དུ་ལྡོམ་ནས་འགྲོ་དགོས་པ་རེད། གལ་ཏེ་སྡེ་ནང་དུ་མུ་མཐུད་དུ་སྡོད་ན་ལོ་ངེས་ཅན་ཞིག་ལ་སྡེ་བའི་ཚོགས་ས་འདུས་སར་ཡོང་མི་ཆོག་ལ། སྡེ་བའི་ཁྱིམ་ཚང་གང་ཞིག་གིས་ཀྱང་དེའི་རུ་སྐོར་བྱས་ནས་འབབ་མི་ཆོག་པའི་མི་ལྷག་མ་ཞིག་ཏུ་བརྩིས་པ་རེད། ད་ལྟའི་བུ་ལོན་སྟོན་མོ་འདི་དག་གིས་སྔོན་ཆད་ཀྱི་སྲོལ་དེ་མ་བརྩི་བར་བུ་ལོན་སྟོན་མོར་འཇལ་མཁན་དེར་བསྟུན་དྲགས་པས་ལོ་རེ་གཉིས་ཀྱི་ནང་དུ་བུ་ལོན་སྟོན་མོ་དུ་མ་བྱུང་བ་རེད། བུ་ལོན་སྟོན་མོ་བྱུང་བའི་མྱུར་ཚད་འདི་ལས་བལྟས་ན་སྟོན་མོ་འདི་བུ་ལོན་འཇལ་མཁན་དག་ལ་ཆེས་སྟབས་བདེ་བར་མཚོན་པ་རེད།
ང་ཚོའི་ས་ཆ་འདིར་བུ་ལོན་སྟོན་མོ་ཐོག་དང་བོ་ཐར་ཤུལ་དུ་བྱུང་བ་ནས་སྟུད་མར་བུ་ལོན་སྟོན་མོ་འགའ་བྱུང་ཞིང༌། ད་དུང་བུ་ལོན་སྟོན་མོ་འཇོག་འདོད་པའང་འབྱུང་བཞིན་ཡོད་པས་ཀླུ་ཚང་གི་སྡེ་བ་རེ་འགས་ཆེད་དུ་ཚོགས་འདུ་ཚོགས་ནས་ཕྱིན་ཆད་སྡེ་བའི་ནང་དུ་ཤོ་བརྒྱབས་ན་དོམ་ལ་ཆད་པ་དང་ཚོང་བརྒྱབས་ནས་དོམ་ལ་ཆད་པ་ལ་རོགས་སྐྱོར་མི་བྱེད་ཅེས་གསལ་སྒྲོག་བྱས་པའང་བུ་ལོན་སྟོན་མོ་དང་དེས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་མི་འབྱུང་བའི་ཆེད་དུ་སྟེ། དེ་ལས་བལྟས་ན་ད་ལྟའི་བུ་ལོན་སྟོན་མོ་འདི་རིགས་སྤྱི་ཚོགས་ཀྱིས་ཀྱང་ཁས་ལེན་བཞིན་མེད་པའི་ཚུལ་ཆེས་གསལ་བོ་རེད། ལྷག་པར་འབྲོག་ཕྱོགས་ཀྱི་སྡེ་བ་མང་ཆེ་བས་འདི་ནི་བླུན་པོའི་བྱེད་སྟངས་འབའ་ཞིག་ལ་ངོས་འཛིན་བཞིན་ཡོད།
མཇུག་གི་གཏམ།
བུ་ལོན་སྟོན་མོའི་སྲོལ་ཁྱད་པར་བ་འདི་ཨ་མདོའི་འབྲོག་ཁུལ་དུ་བྱུང་ན་ཡང་དེ་འདྲ་དར་ཁྱབ་མེད། ཡིན་ན་ཡང་ལོ་འདི་གའི་ནང་དུ་ཨ་མདོའི་མང་ར་དང་འབལ་གྱི་འབྲོག་ཕྱོགས་སུ་སྟུད་མར་ཐེངས་འགའ་ལ་བྱུང༌། བདག་གིས་བཅར་འདྲི་དང་རྟོག་དཔྱོད་བརྒྱུད་ནས་ཤེས་པ་ལྟར་ན་བུ་ལོན་སྟོན་མོ་འདིར་དགེ་མཚན་ཅུང་ཟད་མེད་པ་ཞིག་གཏན་ནས་མིན་ན་ཡང༌། སྤྱི་ཚོགས་ཀྱི་ལས་རིགས་མང་བོས་སྔོན་ཆད་ཀྱི་འགྲོ་ལུགས་ཀྱི་བུ་ལོན་སྟོན་མོས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་དེ་འདྲ་འབྱུང་མི་ཐུབ་ཀྱང་ད་ལྟ་དར་བཞིན་པ་འདིས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཞིག་འབྱུང་བར་སེམས་ཁྲལ་བྱེད་ཀྱིན་ཡོད། ལྷག་པར་འདི་རིགས་རྒྱ་ཡན་དུ་ཁྱབ་ན་བུ་ལོན་སྟོན་མོ་ནི་དཔལ་འབྱོར་གནད་དོན་ཐག་གཅོད་བྱེད་ཅིག་མ་ཡིན་པར་དཔལ་འབྱོར་ལ་ཉོག་དྲ་བཟོ་བྱེད་ཅིག་ཏུ་འདོད། བུ་ལོན་སྟོན་མོ་དེ་དོན་དུ་ད་དུང་སྲོལ་འདི་ག་འདྲ་ཞིག་ཡིན་པ་དང་ཁ་ཕྱོགས་གང་འདྲ་ཞིག་ལ་འགྲོ་བ་ལ་ཞིབ་འཇུག་གཏིང་ཇེ་ཟབ་ཏུ་གཏོང་བའི་ཆེད་དུ་བདག་གིས་བཅར་འདྲི་དང་རྟོག་ཞིབ་ཀྱིས་འབྲི་བ་འདི་དག་ལ་ནོར་འཁྲུལ་དང༌། ཆད་ལྷག་ཡོད་པ་གདོན་མི་ཟ་བས་ཁྱེད་གཟུར་གནས་དག་གིས་སློབ་སྟོན་གནང་རྒྱུ་མཁྱེན་མཁྱེན་ཞུ།
མཆན་འགྲེལ།
①བསམ་གཏན་སོགས། 《དག་ཡིག་གསར་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།ཤ 568
②ཀྲང་ཡིན་སུང་གིས་གཙོ་སྒྲིག་བྱས།《བོད་རྒྱ་ཚིག་མཛོད་ཆེན་མོ》མི་རིགས་དཔེ་སྐྲུན་ཁང༌། ཤ 1860
③བསམ་གཏན་སོགས།《དག་ཡིག་གསར་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།ཤ 366
④ ཀྲང་ཡིན་སུང་གིས་གཙོ་སྒྲིག་བྱས།《བོད་རྒྱ་ཚིག་མཛོད་ཆེན་མོ》མི་རིགས་དཔེ་སྐྲུན་ཁང༌།ཤ 1145
⑤གོང་གི་རྒྱུ་ཆ་འདི་རིགས་ནི་བུ་ལོན་སྟོན་མོ་དང་ལེན་བྱས་པའི་དོམ་པ་སྐོར་གྱི་བདག་ལ་བརྗོད་པ་ཡིན་ལ་གནས་ཚུལ་ཕྲ་ཞིབ་སྐོར་ཞིག་ཁོ་ཚོས་ཀྱང་གསལ་བོ་མི་ཤེས།