ཕོར་ཤུབས།
ཕོར་པ་དཀར་ཡོལ་དང་སྣོད་ཆས་ཕོར་ཤུབས་གཉིས་ལས་གྲུབ་པའི་རིགས་དངོས་ནི། བོད་རིགས་རྣམས་ཕྱོགས་ལ་ཕེབས་སྐབས་སྤྱོད་བྱེད་ཀྱི་འཚོ་བའི་ཡོ་ཆས་ཐུན་མོང་མིན་པ་ཞིག་རེད། རྒྱ་ནག་ནས་ཐོན་པའི་གནའ་བོའི་དཀར་ཡོལ་དེ་བོད་ཀྱི་རྒྱུད་སྐུད་ལས་གྲུབ་པའི་ཕོར་ཤུབས་ནང་བཅུག་ན་མི་ཆག་ཅིང་། བོད་ཀྱི་རྒྱུད་སྐུད་ལས་གྲུབ་པའི་ཕོར་ཤུབས་དེ་དཀར་ཡོལ་གྱི་གཟུགས་ལ་བརྟེན་ནས་རང་གཟུགས་མཛེས་པས་ན། རིང་ཚད་ལ་ལི་སྨི47དང་ཞེང་ཚད་ལི་སྨི17ལས་མེད་པའི་རིག་དངོས་ཆུང་ཆུང་དེས་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གཏིང་ཟབ་ཅིག་བསྟན་ཡོད།
བོད་རིགས་རྣམས་ཀྱིས་ཇ་འཐུང་སའི་དཀར་ཡོལ་ལ་རང་གི་མིག་འབྲས་ཇི་བཞིན་གཅེས་པོ་བྱེད་པར། ནང་སའི་མི་རྣམས་ཀྱིས་ཡ་མཚན་ཆེན་པོ་བྱེད་རུང་། དེ་འབྲེལ་གྱི་བོད་ཀྱི་སྒྲུང་ཞིག་གསན་ན། རང་གི་རྨོངས་གནད་དེ་མུར་སེལ་བར་བྱེད། དེ་ཡང་འདི་ལྟ་སྟེ།
བོད་རྗེ་འདུས་སྲོང་མང་པོ་རྗེར(སྤྱི་ལོ676ནས་སྤྱི་ལོ704བར)སྙུང་གཞི་དྲག་པོ་ཞིག་ཕོག་པའི་དུས་སུ། བོད་ན་སྨན་སྤྱད་གཞུང་བཞིན་ཤེས་པ་ནི་མེད། དེས་ན་རྒྱལ་པོ་སྐུ་མཚམས་ལ་བཞུགས་ནས་ནད་གསོ་བའི་ཚེ། ཕོ་བྲང་གི་པུ་ཤུའི་ཟུར་ན། བྱ་ཡིད་འོང་བ། སྔར་མཐོང་མ་མྱོང་བ་ཞིག་གི་ཁ་ན། ཤིང་བུ་ལོ་འདབ་དང་བཅས་པ་ཉུང་ཤས་ཤིག་ཁྱེར་ནས། སྐད་སྙན་པར་སྒྲོག་བཞིན་ཡོད་པར་རྒྱལ་པོས་གཟིགས། འོན་ཀྱང་དེ་ཙམ་དོ་སྣང་མ་མཛད། སང་གནངས་ཀྱང་ཉི་མ་ཤར་མཚམས་སུ། བྱ་དེས་སྔར་བཞིན་དེ་ལྟར་བྱས་པས་ན། རྒྱལ་པོ་ཐེ་ཚོམ་སྐྱེས་ཏེ། ཤིང་བུ་དེ་ལ་བལྟས་ནས་བཞི་པས་བརྟག་པ་ལས། སྔར་ན་མེད་པའི་ཤིང་འདབ་ཅིག་ཡིན་པ་མཁྱེན་ནས། སྣེ་གཅིག་ཞལ་དུ་བཅུག་ནས་བྲོ་བ་མྱངས་པས། ཞལ་སྐྱེམས་པ་གསོས། བཏུང་བའི་མཆོག་ཏུ་མངོན་ནས། ད་ཁྱོད་བློན་འབངས་རྣམས་ཉོན་ཅིག ང་ན་བའི་སྐབས་འདིར་གཞན་གྱི་བཟའ་བཏུང་ནི་གང་ཡང་མི་འདོད། བྱས་ཁྱེར་བའི་ཤིང་འདི་ནི། བཏུང་བའི་མཆོག ལུས་ཀྱི་གསོས། ནད་ཀྱི་སྨན་དུ་འདུག་པས། ང་ལ་བློ་ཉེ་བ་རྣམས་ཀྱིས་ཤིང་དེ་འཚོལ་བར་བྱོནཅིག བྱ་དགའ་ཆེན་པོ་བྱེད་དོ་གསུངས། བོད་འབངས་བྱིངས་པོས་བོད་ཡུལ་གྱི་ས་ཆ་ཀུན་ལ་བཙལ་ཡང་མ་རྙེད། ལྷག་བསམ་དག་པའི་བློན་པོ་ཞིག་གིས་རྒྱ་ཡུལ་ལ་སོང་ནས་བཙལ་བས། མཐར་རྒྱ་ཡི་ནགས་སྟུག་པོ་ཞིག་གི་གསེབ་ན་ཇ་ཤིང་རྙེད། དེ་ཤྭ་བར་དྲངས་ནས་རྒྱལ་པོར་ཕུལ་བས། རྒྱལ་པོ་ཤིན་ཏུ་དགྱེས་པར་གྱུར་ནས་བློན་པོར་བྱ་དགའ་གྱ་ནོམ་པ་སྦྱིན། དེ་ནས་རྒྱ་ནག་ནས་དྲངས་པའི་དཀར་ཡོལ་ནང་རྒྱ་ཇ་ལྡི་བའི་ཉིང་ཁུ་སྒྲོན་ཏེ་ཕུལ་བ་རྒྱལ་པོས་བཞེས་པ་ན། ལུས་ཀྱི་སྙུང་གཞི་ཡོངས་སུ་གསོས་པར་གྲགས།
དམངས་སྒྲུང་དེ་ལས། སྔོན་ཆད་བོད་རིགས་ས་ཁུལ་དུ་ཇ་དང་དཀར་ཡོལ་གཉིས་ཤིན་ཏུ་རྩ་ཆེ་སྟབས། དེ་གཉིས་རྒྱལ་པོས་མ་གཏོགས་བེད་སྤྱོད་བྱེད་ནུས་མེད་པ་ལྟ་བུའི་དོན་ཞིག་བསྟན་ཡོད། འོན་ཀྱང་འགྲོ་མགོན་འཕགས་པའི་དུས་སུ་རྒྱ་ནག་ནས་དཀར་ཡོལ་བོཟ་མཁན་ལག་རྩལ་པ་མང་པོ་གདན་འདྲེན་ཞུས་ནས། ས་སྐྱ་དགོན་པའི་ཉེ་འདབས་སུ་དཀར་ཡོལ་བཟོ་གྲྭ་བཙུགས་པ་ནས་བཟུང་། བོད་ཀྱི་མི་སེར་དཀྱིས་མས་དཀར་ཡོལ་བེད་སྤྱོད་བྱེད་ཐུབ་པ་རེད། དེ་དུས་ཀྱི་དཀར་ཡོལ་ད་ལྟའང་མཇལ་རྒྱུ་ཡོད། དེ་ལྟར་སྣང་ཡང་། དཀར་ཡོལ་ལ་ཕོར་ཤུབས་བཟོ་དགོས་དོན་ནི་དེ་དུས་དངོས་པོ་དེ་ཤིན་ཏུ་དཀོན་པོ་ཡིན་པ་མཚོན་ཡོད།