རྔ་བའི་རྒྱལ་རོང་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་བོད་བཟོའི་སྡོད་ཁང་།
སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ས་ཁུལ་གྱི་རྒྱལ་རོང་ས་ཁུལ་དུ་གཏོགས་པའི་ལིས་རྫོང་དང་ཁྲོ་ཆུ་སོགས་སུ་བོད་ཀྱི་ཐུན་མོང་མིན་པའི་བཟོ་བཀོད་ཁྱད་ཆོས་རྣམ་པར་ལྡན་པའི་བཀོད་ལེགས་པའི་སྡོད་ཁང་མང་པོ་ཞིག་ཚང་ཚིང་གཡུ་ལོ་རྒྱས་པའི་ནགས་ཁྲོད་དང་། སྔོ་ལྗང་གི་རི་ལུང་གང་སར་ཐར་ཐོར་དུ་ཆགས་ཡོད་ཅིང་། དེ་དག་ལས་མཐོང་ཐུབ་པ་ནི་རང་རེའི་བོད་རིགས་ལ་རྩིག་བཟོའི་རིག་གནས་ཕུན་སུམ་ཚོགས་པ་མངའ་ཞིང་། རིག་གནས་རྩ་ཆེན་དེ་དག་ད་ཆ་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་ཡོད་པའི་གནས་ཚུལ་དེ་རེད།
རྔ་བ་ཁུལ་གྱི་འབར་ཁམས་དང་། ཝུན་ཁྲོན། ལིས་རྫོང་། བཙན་ལྷ། ཆུ་ཆེན། ཁྲོ་ཆུ་སོགས་རྒྱལ་མོ་ཚ་བ་རོང་དུ་འབོད་པའི་རྒྱལ་རོང་ས་ཁུལ་གྱི་སྡོད་ཁང་ནི་རྒྱུ་རྡོ་བས་བྱས་ཡོད། སྤྱིར་བཏང་དུ་རྩེག་རིམ་གཉིས་སམ་གསུམ་རེ་ཙམ་འདུག དེ་དག་གི་འོག་ཚིགས་སུ་སྒོ་ཕྱུགས་དང་། ཐོག་ཚིགས་སུ་མི་སྡོད་པ། ཡང་ཚིགས་ཀྱི་ཕྱེད་ཀར་ཐོག་ཁེབས་མེད་ཅིང་། མཐར་རྒྱུག་ཁྲ་བཟོས་པས་ངལ་གསོ་དང་ཉི་མར་ལྡེ་ཆོག ཐོག་ཁེབས་ཡོད་པའི་ཕྱོགས་ནི་བཀོད་ལེགས་པའི་མཆོད་ཁང་རེད། ཡང་ཚིགས་ཀྱི་ཁེབས་སྟེང་དུ་འབྲུ་རིགས་དང་གོས་སོགས་ཉི་མར་སྐམ་ཆོག ཁང་པའི་ཀླད་ཐོག་ཐུམ་གྱིས་བཀླུབས་པས། ཆར་བབས་ཀྱང་ཐིག་ཆུ་མི་འཛགས། གནམ་ལོ་གསར་ཚེས་སུ་ཁང་པར་རྡོ་ཐལ་བྱུགས། ཁྱིམ་ལ་ཤི་ཆད་བྱུང་ཚེ་དེ་ལྟ་མིན། སྒོ་ཁར་མེ་ཏོག་འདེབས་པ་དང་ཤིང་སྡོང་བཙུགས་པས་ཁོར་ཡུག་ཤིན་ཏུ་མཛེས་ཤིང་འཇམ་ཐིང་ངེར་ཡོད། རྡོ་ཁང་དེ་དག་དགུན་དྲོ་ཞིང་དབྱར་བསིལ་བའི་ཁྱད་ཆོས་ལྡན། ཁང་པའི་རྒྱ་ཁྱོན་ནི་སྤྱིར་བཏང་དུ་མུའུ་གང་ཡས་མས་ཙམ་ཡོད།
གཞན་ཡང་རྒྱལ་རོང་དུ་མཐོ་ཚད་ལ་སྨི་བཅུ་ཕྲག་ཁ་ཤས་ཅན་གྱི་མཁར་གྱང་ཡོད་ཅིང་། དེའི་ཁང་མིག་རེར་སྒེའུ་ཁུང་གཅིག་གམ་གཉིས་ཙམ་ལས་མེད་པས་ནང་ཅུང་ཟད་ནག གཡོས་ཁང་ལ་སྐར་ཁུང་ཡོད་པས་ནང་ཅུང་ཟད་དཀར། ཁང་མིག་བར་དུ་ཤིང་ལེབ་ཀྱིས་ཆོད་པར་བྱས་ཡོད། ཚིགས་རེ་རེར་སྡོང་རྐས་སམ་རྒྱ་སྐས་རེ་བཙུགས་ཡོད་པ་རེད།