དཔའ་རིས་རྫོང་གིས་ཤུལ་བཞག་རིག་གནས་རྒྱུད་འཛིན་གྱི་བྱེད་སྒོ་སྤེལ།
རྩོམ་པ་པོ།:དཔའ་རིས་བོད་རང་སྐྱོང་རྫོང་བོད་
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-04-18
ཀློག་གྲངས།:
༄༅། །རྒྱལ་ཁབ་རིམ་པའི་རྫས་མིན་རིག་གནས་ཤུལ་བཞག་དཔའ་རིས་དམངས་གླུ་དང་ཞིང་ཆེན་རིམ་པའི་རྫས་མིན་རིག་གནས་ཤུལ་བཞག་དཔའ་རིས་གཉེན་སྲོལ་གཉིས་ཀྱི་རྒྱུད་ཁྲིད་བསླབ་སྦྱང་བྱེད་སྒོ་ལེགས་པར་གྲུབ།
དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བ་ནས།
དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས། དཔའ་རིས་དམངས་སྲོལ་རིག་གནས་ཆེད་མཁས་པ་དང་རྒྱུན་འཛིན་མི་སྣ། གཞན་དམངས་སྲོལ་རིག་གནས་ལ་དུང་བ་ཆེ་བའི་མི་སྣ་ཉེར་ལྔ་ལྷག་གཅིག་ཏུ་བསྡུས་ནས། སྤྱི་ལོ2023ལོའི་ཟླ4ཚེས12ཉིན་ཆེད་མཁས་པ་དང་རྒྱུད་འཛིན་མི་སྣ་དག་གིས་རྒྱལ་ཁབ་རིམ་པའི་རྫས་མིན་རིག་གནས་ཤུལ་བཞག་དཔའ་རིས་དམངས་གླུ་དང་ཞིང་ཆེན་རིམ་པའི་རྫས་མིན་རིག་གནས་ཤུལ་བཞག་དཔའ་རིས་གཉེན་སྲོལ་གཉིས་ཀྱི་རྒྱུད་ཁྲིད་བསླབ་སྦྱང་བྱེད་སྒོ་ཉིན་བཅུ་ལ་སྤེལ།
དཔའ་རིས་དམངས་གླུ་ནི2008ལོའི་ཟླ་དྲུག་པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ཅིང་། རིག་གནས་པུའུ་ནས་སྤྱི་བསྒྲགས་གནང་སྟེ་རྒྱལ་ཁབ་རིམ་པའི་རྫས་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་མིང་བྱང་དུ་བཀོད། དཔའ་རིས་དམངས་གླུའི་ནང་དོན་ཕུན་སུམ་ཚོགས་ཤིང་ཆ་ཚང་བ། དབྱེ་བ་གསལ་བ་བཅས་ཀྱི་ཁྱད་ཆོས་མངོན་གསལ་འཛོམས་པ་མ་ཟད། ནང་དོན་གྱི་ཆ་ནས་གོ་བསྐོན་སློབ་གསོ་དང་། ཆེ་བཀུར་ཆུང་བྱམས། དྲིན་གཟོ། ཕན་ཚུན་རོགས་རེས། སྐྱེ་ཁམས་སྲུང་སྐྱོབ་བཅས་ཀྱི་བསམ་པའི་དཔལ་ཡོན་གྱི་དགོངས་དོན་མཚོན་ཐུབ་པར་བྱས་ཡོད།
རྒྱུད་ཁྲིད་བསླབ་སྦྱང་བྱེད་སྒོ་སྤེལ་བའི་ཡུལ་དངོས།
རྒྱུད་ཁྲིད་བསླབ་སྦྱང་བྱེད་སྒོ་སྤེལ་བའི་ཡུལ་དངོས།
ཉེ་བའི་ལོ་འགའི་རིང་། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་དཔའ་རིས་དམངས་གླུའི་འགྲན་སྡུར་དང་། དཔའ་རིས་དམངས་གླུ་སློབ་རར་བསྐྱོད་པ། སངས་རྒྱས་སྨན་བླའི་དུས་ཆེན་སོགས་སུའང་རྣམ་པ་མི་འདྲ་བའི་སྒོ་ནས་རྒྱུན་སྐྱོང་བྱེད་སྒོ་སྤེལ། རྫོང་ཁོངས་སུ་རྒྱུན་འཛིན་མི་སྣ་བརྒྱ་ལྷག་བསྐྱེད་སྲིང་ཐུབ་པས་གྲུབ་འབྲས་ཀྱང་མི་དམན་པ་ཞིག་མངོན། གཞན་ད་དུང་དཔའ་རིས་དམངས་གླུས་མཚོན་པའི་འོད་སྡེར་དང་། དཔེ་ཆ་སོགས་བཅུ་གྲངས་ཤིག་བཀྲམ་ནས་སྤེལ་ཡོད། དེ་ལས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བོ་ཕུན་སུམ་ཇེ་ཚོགས་དང་། མི་རིགས་མཐུན་སྒྲིལ་གྱི་མདུད་པ་སྔར་ལས་ལྷག་པར་ཇེ་དམ་ལ་སྐུལ་འདེད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་ཇེ་བརྟན་དུ་འགྲོ་བའི་དགོངས་དོན་སོགས་ཀྱི་བསམ་བློའི་སྙིང་བོ་མཚོན་ཡོད།
རྒྱུད་ཁྲིད་བསླབ་སྦྱང་བྱེད་སྒོ་སྤེལ་བའི་ཡུལ་དངོས།
རྒྱུད་ཁྲིད་བསླབ་སྦྱང་བྱེད་སྒོ་སྤེལ་བའི་ཡུལ་དངོས།
དཔའ་རིས་གཉེན་སྲོལ་གྱི་ནང་དུ་དཔའ་རིས་དམངས་གླུ་འདུ་བ་དང་། དཔའ་རིས་གཉེན་སྲོལ་དང་དཔའ་རིས་དམངས་གླུ་གཉིས་ནི་ཕན་ཚུན་འོ་ཆུ་འདྲེས་པ་བཞིན་གཅིག་ལ་གཅིག་ཏུ་གནས་པའི་རྣམ་པ་ཞིག་ཏུ་ཆགས་ཡོད། དེ་བས་གཉེན་སྲོལ་རིག་གནས་སྲུང་སྐྱོབ་ཐུབ་ཚེ། དེའི་ཞོར་ལ་དཔའ་རིས་དམངས་གླུའང་རྒྱུན་སྐྱོང་ཐུབ་སོང་ངོ་། །དེའི་སྟབས་ཀྱིས་ང་ཚོས་དཔའ་རིས་བོད་ཀྱི་དམངས་གླུ་སྔར་ལས་ལྷག་པའི་རྒྱུན་སྐྱོང་དང་། རྫས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་ཆེད། ངེད་ལས་ཁུངས་ཀྱིས་དཔའ་རིས་གཉེན་སྲོལ་ལ་བྱང་ཆ་ལྡན་པའི་ཆེད་མཁས་པ་དང་། རྒྱུན་འཛིན་མི་སྣ་འགའ་ཆེད་དུ་གདན་དྲངས་ནས་དཔའ་རིས་གཉེན་སྲོལ་གྱི་རྟེན་འབྲེལ་སྐྱོང་ཚུལ་སོགས་རྩེད་ཚན་ཞིག་འཁྲབ་སྟོན་བྱས་ནས། དེ་ལས་གཉེན་སྲོལ་གྱི་ཆོ་ག་སྤེལ་སྟངས་འཁྲབ་པ་བརྒྱུད་དེ། ཞིང་ཆེན་རིམ་པའི་དཔའ་རིས་གཉེན་སྲོལ་གྱི་ལོ་རྒྱུས་རིག་གནས་དང་དེའི་རིན་ཐང་མུ་མཐུད་དུ་མངོན་པར་འདོན་རྒྱུ་དང་། གཉེན་སྲོལ་རིག་གནས་རྒྱུན་སྐྱོང་སྲུང་སྐྱོབ་བྱེད་པ་དང་བསྟུན་ནས་གཉེན་སྲོལ་འཁྲབ་སྟོན་ལས་དཔའ་རིས་དམངས་གླུའི་སྲོལ་རྒྱུན་གྱི་བྲོ་བ་དེ་བས་མངོན་པར་བྱེད་རྒྱུ་དེ་ཡིན་ནོ། །
ཚོགས་ཞུགས་མཉམ་པར།
འབྲེལ་ཡོད་འོས་སྦྱོར།