logo

༄༅། །བོད་ལོའི་ཉེར་དགུའི་དགུ་ཐུག་ལུག་མགོ་ནས་ཆག་ཏུ་བཙོ་བ་དེ་རེད། ཧྲོང་བོ་ཚེ་བརྟན་རྒྱལ།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-02-06 ཀློག་གྲངས།:
༄༅། །ངའི་ཕ་ཁྱིམ་གྱི་སྔར་སྲོལ་ནི་བོད་ལོའི་ཉེར་དགུའི་དགུ་ཐུག་ལུག་མགོ་ནས་ཆག་ཏུ་བཙོ་བ་དེ་རེད།
ཧྲོང་བོ་ཚེ་བརྟན་རྒྱལ།
 
སྔོན་དུ་གླེང་བའི་གཏམ།
       དེང་དུས་བོད་པའི་སྤྱི་ཚོགས་སུ་འཚོ་བ་རོལ་སྟངས་ཡིན་ན་འདྲ། བཟའ་བཏུང་བསྟེན་ཚུལ་ཡིན་ན་འདྲ། འགྲོ་འདུག་སྤྱོད་སྟངས་གང་གི་ཆ་ནས་ཀྱང་སྔར་གྱི་ཡུལ་སྲོལ་གོམས་འདྲིས་དེ་གཞི་ནས་འགྱུར་གྱིན་འདུག་པར་མ་ཟད། འགྱུར་གྱིན་པའི་གོམ་འགྲོས་དེ་ཧ་ཅང་མྱུར་མོ་རེད། དཔེར་ན། ངའི་ཕ་ཡུལ་དང་ངའི་ཕ་ཁྱིམ་ལ་མཚོན་ནས་བཤད་ནའང་ང་རང་ལོ་ན་ཆུང་དུས་སུ་ཕ་མའི་ལུགས་སྲོལ་ནི་བོད་ལོའི་ཉི་ཤུ་དགུ་ཡི་དགོང་མོར་རྡུལ་སྤྲུགས་ཞེས་སྦྲ་ཁྱིམ་ཕུག་གི་ཆོས་དཔེ་སྣ་ཚོགས་དང་ཐང་ག་རྙིང་བ་སོགས་ཀྱིས་མཚོན་ཁྱིམ་དེའི་སྣོད་ཅ་ལག་ཡོད་རྒུ་ལ་གཙང་སྦྲ་ཞིག་བྱས་རྗེས། གད་དར་བྱས་པའི་ཁྱིམ་ཕྱགས་ཀྱི་སྟེང་དུ་བཟའ་མི་གང་བོའི་ཁ་ལག་བཀྲུ་བའི་ཆུ་འཕོ་བ་དང་། གད་སྙིགས་དེ་ལོ་ལྷའི་ལྡོག་ཕྱོགས་ཀྱི་སྦྲ་མགོ་མི་མཐོང་ས་ཞིག་ཏུ་འཕོ་བ་རེད། དེ་རྗེས་སྐབས་བབ་ཀྱི་གླེང་གཞི་དགུ་ཐུག་བསྐོལ་བ་རེད། དགུ་ཐུག་ནི་ལུག་མགོ་ནས་ཆག་ཏུ་བཙོས་པ་དེ་རེད། ཡིན་ན་ཡང་། དེང་དུས་ངའི་ཕ་ཁྱིམ་གྱི་ཕུ་ནུ་མིང་སྲིང་རྣམ་པས་ཀྱང་རི་བོང་ཅལ་འདྲོགས་ཀྱི་ཚུལ་གྱིས་གཞན་གྱི་རྗེས་སུ་འབྲངས་ཏེ་སྔར་ཕ་མའི་རིང་གི་ལུག་མགོ་ནས་ཆག་ཏུ་བཙོ་བ་དེ་ཡོངས་སུ་དོར་ནས། ལ་ལས་ཆུ་ཚོན་བཙོ་བ། འགའ་ཤས་ཀྱིས་དགུ་ཐུག་ཅེས་ཟས་སྣ་ཅི་རིགས་ཤིག་བསྐོལ་བ། ད་དུང་ལ་ལས་རྒྱ་ལུགས་ཀྱི་རྟ་ཐོག་བ་མ(火锅)ཞེས་པའང་བསྐོལ་བཞིན་འདུག འདིའི་མཚོན་བོད་པའི་རང་ཚུགས་འཆོལ་བའི་གཡམ་རྒྱུགས་འདི་ཚབས་ཆེན་རེད། རང་ཉིད་ཆུང་དུས་ཀྱི་བག་ཆགས་ཀྱིས་ལུག་མགོ་ནས་ཆག་ཏུ་གདུ་བ་དེ་ནི་ད་གཟོད་དགུ་ཐུག་གཤའ་མ་ཡིན་འདོད་པ་ལས། དེང་དུས་ཟས་སྣ་འཆོལ་པར་སྦྱོར་བ་དེར་སྤྲོ་བ་མེད་ཀྱང་། དགུ་ཐུག་ཅེས་པའང་ངའི་ཕ་ཡུལ་དང་ཕ་ཁྱིམ་གྱི་ལུགས་སྲོལ་ལྟར་ན་ཟས་སྣ་དགུ་འཛོམས་དགོས་པ་མ་ཡིན་པར། བོད་ལོའི་ཉེར་དགུའི་ལུག་མགོ་ནས་ཆག་ཏུ་གདུས་པའི་ཐུག་པ་དེ་རེད། ཡིན་ན་ཡང་། ལུང་བ་རེ་ལ་ཆུ་རེ། སྡེ་བ་རེ་ལ་དཔེ་རེ་ཞེས་པ་ལྟར་ཨ་མདོའི་འབྲོག་ཁུལ་གྱི་གནའ་སྲོལ་ཕལ་ཆེར་ཁོ་བོའི་བཤད་པ་ལྟར་ཡིན་ཡང་། རོང་ཁུལ་དང་དབུས་གཙང་སོགས་སུ་ཟས་སྣ་དགུ་བསྲེས་པའི་དགུ་ཐུག་ཅིག་ཀྱང་ཡོད་ཚོད་རེད། ན་ནིང་ཞིག་ལ་དྲྭ་ངོས་ནས་མཐོང་བ་ལྟར་ན་བྱང་ནག་ཆུ་དང་མངའ་རིས་སུ་ཨ་མདོའི་འབྲོག་ཁུལ་བཞིན་ད་ལྟའང་ལུག་མགོ་ནས་ཆག་ཏུ་གདུ་བའི་དགུ་ཐུག་རོལ་བཞིན་འདུག་གོ །
གཅིག བོད་ལུགས་གསོ་རིག་ཏུ་ལུག་མགོ་གླེང་ཚུལ།
       ལུག་མགོ་ནི་ལྟོ་བ་འགྲངས་བྱེད་རྐྱང་རྐྱང་ཞིག་ལས་དེའི་ཕན་ནུས་མ་རྟོགས་པ་ལར་ནས་མ་ཡིན་པར་འདུག་སྟེ། དཔེར་ན། བོད་ལུགས་གསོ་རིག་གིས་ཀྱང་ལུག་མགོས་མགོ་རླུང་སོགས་བཅོས་ཚུལ་གསུངས་འདུག་སྟེ། «དཔལ་ལྡན་རྒྱུད་བཞིའི»རླུང་ནད་གསོ་བ་ལས། ལུག་མགོ་ལོ་གསུམ་ལོན་པའི་བསྡུས་ཁུ་ལ། །ཤིང་ཀུན་སྒ་དང་རྒྱམ་ཚྭ་ཁ་ཚར་བཏབ། །རླུང་ནད་ཀུན་འཇོམས་ཁྱད་པར་མགོ་རླུང་སེལ། །[1]ཞེས་པའི་འགྲེལ་པར། «བེེ་སྔོན»དུ། ལུག་ཐོང་བའི་མགོ་ལོ་གསུམ་ལོན་པའི་ཤ་རུས་ཀླད་པ་དང་བཅས་པ་ཚོས་པར་བཙོས་པ་བསྡུས་པའི་ཁུ་བ།[2]ཞེས་ལུག་མགོ་དེའང་ལུ་གུ་དང་། ལག་ག། ཐོང་པ་ཞེས་པའི་ལུག་ཕོ་གསུམ་ཅན་གྱི་མགོ་བོའང་ལོ་གསུམ་ལོན་པའི་བསྡུས་ཁུ་རུ་ཤིང་ཀུན་སོགས་བཏབ་པས་མགོ་རླུང་སེལ་བར་གསུངས་པ་དང་། ཡང་དེ་རུ། མགོར་ཞུགས་བྱུག་པ་མེ་བཙའ་མགོ་ཁྲོལ་བསྟེན། །[3]ཞེས་བཀོད་ཡོད་པ་དང་། མགོ་ཁྲོལ་ལ«གཡུ་ཐོག་དགོངས་རྒྱན»ལས། མགོ་ཁྲོལ་ནི་ལུག་ཐོང་ཚེར་གང་རུང་གི་མགོ་བོར་དབང་བོ་ཀུན་ཚང་ཞིང་། མ་རུལ་མ་སུང་བ་ལོ་གསུམ་ལོན་པའི་རྙིང་པ་དེ་ཉིད་ཀྱི་ཤ་རུས་ཀླད་པ་དང་བཅས་པ་ཆུ་ལ་བཙོས་ཏེ་ཁུ་བ་མ་ལུས་པ་འདོན་པར་བྱ་བའི་དོན་ནོ། །[4]ཞེས་ཐོང་ཚེར་གང་རུང་མགོ་ཁྲོལ་གྱིས་མགོ་རླུང་སེལ་བ་ཁ་གསལ་དུ་བཀོད་འདུག་པ་སོགས་ལས་ཀྱང་ལུག་མགོའི་དགུ་ཐུག་འདི་ལོ་རྒྱུས་ཧ་ཅང་སྔ་བའི་བོད་འབྲོག་པའི་གནའ་སྲོལ་ཞིག་ཡིན་པ་གོར་མ་ཆག་པར་འདུག་པ་དང་། ཁོ་བོས་འདིར་བཤད་པ་ནི་བོད་ལོའི་ཉེར་དགུའི་དགུ་ཐུག་ཡིན་པས་ལུག་མགོ་ནས་ཆག་ཏུ་གདུས་པར་ལན་ཚྭ་མ་གཏོགས་བྲོ་རྫས་གཞན་མེད་པ་དང་། དེ་ནི་ཐ་མལ་ནད་མེད་ཀྱི་ཁ་ཟས་ཡིན་པས། «རྒྱུད»ལས་གསུངས་པ་ལྟར་ལུག་མགོ་ལོ་གསུམ་ལོན་པ་ཅན་མ་ཡིན་པར་ལུག་མགོ་ལོ་གཅིག་འགོར་བ་ཅན་དང་། ཤིང་ཀུན་སོགས་ཀྱང་མི་འདེབས་པ་རེད། འདི་གཉིས་ཀྱི་ཁྱད་པར་ནི་ལུག་གི་མགོ་ཁྲོལ་ཡིན་པ་འདྲ་ཡང་། གཅིག་ནི་ནད་མེད་ཀྱི་དགུ་ཐུག་ཡིན་པ་དང་། ཅིག་ཤོས་ནི་དགུ་ཐུག་གི་མགོ་ཁྲོལ་རྨང་གཞི་བྱས་པའི་མགོ་རླུང་གི་གཉེན་པོའི་བཅོས་ཚུལ་ཞིག་ཡིན་པས་སོ། །
གཉིས། དགུ་ཐུག་ཏུ་ལུག་མགོ་བཙོ་བ།
       ང་རང་ལ་མཚོན་ན་ཡང་། ལུག་ཤ་ཧྲིལ་པོའི་ངོས་ནས་བཤད་ན་ཆེས་བཟའ་འདོད་ཆེ་བ་ནི་ལུག་མགོ་རེད། ལུག་མགོའི་ཞིམ་མངར་དེ་ཧ་ལས་པ་ཞིག་རེད། ཡིན་ན་ཡང་། ངས་ན་ནིང་གྲོགས་པོ་འགའ་ལ་ལུག་ཤ་ལས་ཆེས་ཞིམ་མངར་ཅན་དེ་ལུག་མགོ་རེད་ཡ། ཞེས་དྲིས་པར་གྲོགས་པོ་གཅིག་གིས་མ་རེད། ལུག་གི་ལག་ངར་རེད་ཟེར། ཡང་གཞན་ཞིག་གིས་ལུག་ཤ་ལས་ཆེས་ཞིམ་མངར་ཅན་དེ་བྲང་མགོ་རེད་ཟེར། དེ་ལྟར་མི་རང་རང་གི་བཟའ་བཏུང་གི་དགའ་མོས་ཀྱང་ཁ་ཁ་སོ་སོ་རེད། ལུག་མགོ་འདི་སྔོན་དུས་སྤྱི་ཚོགས་ཀྱི་གོ་གནས་མཚོན་བྱེད་ཅིག་ཀྱང་མིན་ནམ་སྙམ་སྟེ། «གེ་སར་སྒྲུང»ལས་ཀྱང་། ལུག་མགོའི་ཡ་ཐོད་བཟའ་མི་ཡིན། གོ་ཁའི་ཡར་སྒྱིད་གནོན་མི་ཡིན། ཞེས་བཤད་པ་བཞིན་ཁྱིམ་ཚང་ཞིག་ལ་མཚོན་ན་ཡང་། ལུག་མགོའི་ཡ་ཐོད་དེ་བཟའ་དཔོན་ཆོ་གའམ། ཡང་ན་བུ་ཆེ་བ་སོགས་ལ་སྟེར་བ་ཞིག་རེད། ས་ཆ་ལ་ལར་སྒོ་སྟེང་གྱང་ངོས་སུ་ལུག་མགོའི་མགོ་རུས་རྭ་དང་བཅས་པ་བཤམས་པའང་མཐོང་རྒྱུ་འདུག། «བོད་ཀྱི་དམངས་སྲོལ་རྒྱུན་ཤེས»ཞེས་པ་ལས། གཙང་ཁུལ་གྱི་བཤད་སྲོལ་ལྟར་ན། དོན་དུ་ཉེར་དགུའི་ཐུག་པ་དེར་ངེས་པར་དུ་གྲུབ་ཆ་ཁག་དགུ་ཚང་དགོས་པ་ནི། ཆུ་དང་། ལ་ཕུག ཚྭ། ཕིང་། འབྲས། གྲོ། སྲན་མ། ཕྱུ་ར། གྲོ་མ། ཤ་སོགས་གྲུབ་ཆ་ཆ་ཚང་བར་བྱེད་ཅིང་དེས་ལོ་གསར་བའི་ནང་མི་ནོར་ཕྱུགས་ཀུན་ལེགས་པའི་རྟེན་འབྲེལ་མཚོན་པར་བྱེད་བཞིན་ཡོད། ཉིན་དེར་ལུག་མགོ་བསྲེགས་པ་དང་།[5]ཅེས་དགུ་ཐུག་ལ་ཟས་སྣ་དགུ་ཚང་དགོས་པ་བཤད་པའི་འཕྲོར་ལུག་མགོ་བསྲེགས་པའང་བཤད་འདུག། «གཙང་ལྷ་རྩེའི་དམངས་སྲོལ་རིག་གནས»སུ། དེ་རྗེས་གནམ་གང་ཉིན་མོར་དར་ཤིང་བཅད་དེ་དར་ལྕོག་འཛུགས་ཆོག་ཆོག་བཟོ་བ་དང་། ལུག་མགོ་གཞོབ་གཞོབ་གཏོང་ཞིང་བཙོ་བ།[6]ཞེས་ལུག་མགོ་གཞོབ་བསྲེགས་བྱེད་ཚུལ་བསྟན་པ་དང་། ཡང་དེ་རུ། དེ་རྗེས་མི་རེའི་ལག་ལ་ལུག་མགོ་རེ་སྤྲོད་པ་ཡིན།[7]ཞེས་ངེད་ཅག་ཨ་མདོའི་འབྲོག་ཁུལ་དུ་ལུག་མགོ་གཅིག་ནས་ཆག་ཏུ་བཙོ་བ་ཡིན་ཡང་། གཙང་ལྷ་རྩེ་རུ་བཟའ་མི་རེ་རེར་ལུག་མགོ་རེ་བཙོ་བ་ཡིན་འདུག། གང་ལྟར་ལུག་མགོ་སྤྱོད་ཚུལ་འདྲ་བོ་འདུག་གོ །
གསུམ། ལུག་མགོ་བཙོ་བྱེད་ཀྱི་ནས་ཆག་གི་ཐུག་པ།
       སྤྱིར་ནས་ནི་བོད་པ་དང་འབྲལ་ཐབས་མེད་པའི་ཟས་མཆོག་ཅིག་ཡིན་ཏེ། ཁ་དཔེར་ཡང་འབྲུ་རིགས་ཀྱི་མཆོག་ནས་དང་གྲོ་ཟེར་ལ། ཟས་ཞིམ་པོ་ཀ་ར་བུ་རམ་ཡིན་ཡང་། ཡུན་རིང་པ་སྦྲང་དཀར་རྩམ་པ་ཡིན། ཞེས་ནས་བརྔོས་པའི་ཡོས་རྩམ་ནི་བོད་པའི་ཁ་ཟས་གཙོ་བོ་ཞིག་ཡིན་པས་སྦྲང་དཀར་རྩམ་པས་རྒྱལ་ཁམས་གསོ་ཡང་ཟེར། དེ་ལྟར་ཡིན་པའི་སྟབས་ཀྱིས་དཔལ་ལྡན«རྒྱུད་བཞི»ལས་ཀྱང་། ཟས་ཀྱི་མཆོག་ཏུ་ནས་རྙིང་རྩམ་པ་མཆོག།[8]ཅེས་སྡོམ་ཚིག་བཀོད་པ་རེད། ནས་ལ་ནས་དཀར། ནས་སྔོན། ནས་ནག་ཅེས་རིགས་མང་པ་དང་། ཁོ་བོའི་མཐོང་བ་ནི་ནས་དཀར་དང་ནས་སྔོན་གཉིས་རེད། དེ་གཉིས་ཀྱི་ནུས་པ་ནི། «ཤེལ་གོང་ཤེལ་ཕྲེང»ལས། ནས་དཀར་རྩུབ་བསིལ་ལྕི་མངར་ཁོང་ཅུང་འཁྲོག །བཤང་པའི་རླུང་འཕེལ་རོ་ཙ་བརྟས་པར་བྱེད། །གཅིན་ཚིལ་མཁྲིས་པ་བད་ཀན་ཆམ་པ་དང་། །ལུད་པ་དབུགས་མི་བདེ་བ་སེལ་བར་བྱེད། །[9]ཅེས་པ་དང་། ནས་སྔོན་བྱིས་གློ་ཚ་སུབ་རྒྱུ་གཟེར་སེལ། །[10]ནས་ནག་ནི་མགོ་ལོག་པདྨའི་ནས་ནག་ཅེས་པ་ཐོས་མྱོང་ཡང་མཐོང་མྱོང་མེད་པ་དང་། དེའི་ནུས་པ་ནི། «ཤེལ་གོང་ཤེལ་ཕྲེང»ལས། ནས་ནག་རྨ་དང་ཤུ་བ་གདོན་ལ་ཕན།[11]ཞེས་བཀོད་འདུག་པ་ལྟར་རོ། །ནས་ཐུག་དང་ཡོས་ཐུག་ནི་དཔལ་ལྡན་རྒྱུད་བཞི་རུ་མང་དུ་གསུངས་ཡོད་དེ། གཅོང་ཆེན་ཟད་བྱེད་ཀྱི་བཅོས་ཐབས་སུ། ར་ཤ་མར་དུ་བཙོས་པའི་ཁུ་བ་དེ། །པི་པི་ལིང་ངམ་སྒའམ་སེ་འབྲུའམ། །ནས་ཐུག་དང་སྦྱར་གནོད་པ་དྲུག་སེལ་བྱེད། །[12]ཅེས་ནས་ཀྱི་ཐུག་པ་བསྟན་པ་དང་། ཡང་གྱུར་དུག་གི་སྐབས་སུ། ཁ་ཟས་ཕྱེ་ཐུག་འབྲས་དང་ཡོས་ཐུག་དང་། །[13]ཞེས་པ་དང་། ཡང་སྣུམ་འཆོས་ཀྱི་སྐབས་སུ། སོས་དུས་སྟོབས་ཆུང་ཤ་ཁུ་ཡོས་ཐུག་འབྲས། །[14]ཞེས་ཡོས་ཐུག་གི་ཐུག་པའང་གསུངས་ཡོད་པ་དང་། དེ་ལས་སྤྱིར་ཡོས་དང་ནས་གཉིས་ནས་ཡིན་པ་འདྲ་ཡང་། ཡོས་ནི་ནས་བརྔོས་ཟིན་པ་ཡིན་ཞིང་། ནས་ཟེར་དུས་ནས་འབྲུ་མ་བརྔོས་པའི་རྗེན་པ་ཡིན་པར་ངེས། ཁོ་བོས་བཤད་བཞིན་པའི་ལུག་མགོ་བཙོ་བྱེད་ཀྱི་ནས་ཆག་ཐུག་པ་དེའང་ནས་བརྔོས་ཟིན་པའི་ཡོས་ཆག་གི་ཐུག་པ་ཡིན་པས། གྱུར་དུག་དང་སྣུམ་འཆོས་སུ་གསུངས་པའི་ཡོས་ཐུག་ཅེས་པ་འདི་དང་ཤིན་ཏུ་མཐུན་པར་འདུག སྐབས་འདིའི་དགུ་ཐུག་གི་ཡོས་ནི་ཡོས་འབྲུ་གས་མ་གཉིས་སམ་ཕྱེད་མ་གཉིས་སུ་གད་པ་དེ་རེད། «ལྷ་རིའི་དམངས་སྲོལ་རིག་གནས་གཅེས་བཏུས»སུའང་། ཐུག་པའི་གཙོ་བོའི་རྒྱུ་ཆ་སྟེ་ནས་ཆག་དང་།[15]ཞེས་ས་གནས་དེ་གའི་དགུ་ཐུག་གཙོ་བོའི་གྲུབ་ཆའང་ནས་ཆག་ཡིན་པ་བཤད་འདུག་གོ །
བཞི། མཇུག་བསྡུ་བ།
       འདི་ལྟར་དེང་དུས་སྐད་འཕྲིན་གྱི་བསྟན་པ་ཆེས་ཆེར་དར་པ་ལས། བོད་མདོ་དབུས་ཁམས་གསུམ། སྟོད་མངའ་རིས། བྱང་ནག་ཆུ་དང་བཅས་པའི་དགུ་ཐུག་རོལ་ཚུལ་གྱི་པར་དང་བརྙན། རང་རང་ས་གནས་ཀྱི་ཁྱད་ཆོས་དང་འབྲེལ་བའི་རྩོམ་ཡིག་དང་བཅས་མང་པོ་ཞིག་མཐོང་རྒྱུ་འདུག་པ་ལས། ངའི་ཕ་ཡུལ་གྱིས་མཚོན་པའི་ཨ་མདོའི་འབྲོག་ཁུལ་ནས་ཀྱང་། ཟས་སྣ་དགུ་འཛོམས་པ་ནི་དགུ་ཐུག་ཡིན་པར་མང་པོ་ཞིག་གིས་རློམ་བཞིན་འདུག་པ་དང་། དེ་ལས་མང་པོ་ཞིག་ན་ཚོད་གཞོན་པ་དང་སློབ་གྲྭ་སོགས་བརྒྱུད་པའི་སྟབས་ཀྱིས་སྔོན་དུས་གནའ་མིའི་ལུགས་སྲོལ་མ་ཤེས་པར་ཡ་མ་བརླ་ཞིག་ཏུ་གྱུར་པ་དང་། སྔར་གྱི་ཡུལ་སྲོལ་གོམས་འདྲིས་རྟོགས་པ་སྐོར་ཞིག་གིས་ཆེད་དུ་སྦྲ་རྒན་ཅན་ལ་ཡིད་ཆད་ནས། སྦྲའུ་ཚེ་ཅན་ལ་ཧེབ་ལངས(ཧམ་པ་ལངས)ཞེས་པ་བཞིན་དུ་སྔོན་གྱི་དགུ་ཐུག་ལས་ད་ལྟའི་རྟ་ཐོག་བ་མ་སོགས་ཁ་ཟས་གསར་བར་ཕྱོགས་པ་བཅས་ཀྱི་དབང་གིས་སྲིད་པའི་གནའ་རྫས་ལྟ་བུའི་ཡུལ་སྲོལ་གོམས་གཤིས་དེ་གྱུར་དང་འགྱུར་བཞིན་པའི་སྒང་རེད། རང་ཉིད་ནི་ལུག་མགོ་དང་ནས་ཆག་གི་དགུ་ཐུག་རོལ་མྱོང་མཁན་ཞིག་ཡིན་པའི་ཆ་ནས། རང་གི་མཐོང་ཐོས་མྱོང་གསུམ་གནམ་ལོ་འབྲུག་གིས་ཚེས་པའི་ལོ་འདིའི་དགུ་ཐུག་ཞིམ་མངར་ཅན་ཞིག་གི་ཚུལ་དུ་ལེགས་སྐྱེས་སུ་འབུལ་འདོད་བྱུང་བ་དེའོ། ། བཀྲིས།

དཔྱད་གཞིའི་ཡིག་ཆ།
[1][3][8][12][13][14] «བདུད་རྩི་སྙིང་བོ་ཡན་ལག་བརྒྱད་པ་གསང་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ།།» གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས2000ལོའི་ཟླ4པར་པར་ཐེངས་གསུམ་པ་བཏབ། P654  P177 P543 P609
[2] «རྒྱུད་བཞིའི་གསལ་བྱེད་བེེ་ཌཱུརྱ་སྔོན་པོ།»སྟོད་ཆ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། མི་རིགས་དཔེ་སྐྲུན་ཁང་གིས2004ལོའི་ཟླ8པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P562
[4] «གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན།» དབང་འདུས་གྱིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་གིས1982ལོའི་ཟླ12པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P103
[5] «བོད་ཀྱི་དམངས་སྲོལ་རྒྱུན་ཤེས།» དཔའ་རིས་བསོད་ནམས་ཚེ་རིང་གིས་སྒྲིག་རྩོམ་བྱས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2019ལོའི་ཟླ12པར་དཔར་ཐེངས་དང་པོ་དཔར། P35
[6][7] «གཙང་ལྷ་རྩེའི་དམངས་སྲོལ་རིག་གནས།» སྲི་ཐར་ཚེ་རིང་དང་ཀུན་དགའ་ཆོས་སྒྲོལ་གྱིས་སྒྲིག་རྩོམ་བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས2016ལོའི་ཟླ12པར་པར་ཐེངས་དང་པོ་བཏབ། P251 P253
[9][10][11] «ཤེལ་གོང་ཤེལ་ཕྲེང་།» དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས2001ལོའི་ཟླ5པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P459 P459-460 P460
[15] «ལྷ་རིའི་དམངས་སྲོལ་རིག་གནས་གཅེས་བཏུས།» ལྷ་རི་བ་རྒྱ་མཐོས་བརྩམས། སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང2012ལོའི་ཟླ8པར་པར་ཐེངས་དང་པོ་དཔར། P295
འབྲེལ་ཡོད་འོས་སྦྱོར།