logo

བྱ་ཤའི་ཟས་རིགས་བཟོ་སྟངས་ངོ་སྤྲོད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-08-08 ཀློག་གྲངས།:

དབྱར་རྩྭ་དགུན་འབུའི་བྱ་བྲང་།

རྒྱུ་ཆ། བྱ་དེའི་བྲང་ཤ་ཁེ100དང་། དབྱར་རྩྭ་དགུན་འབུ་རྐང10། སྒོ་ང6། མར་ཁེ50། ཚྭ་དང་། ཕིང་རྩམ། ཤ་སྨན། ལྒ་སྨུག་བཅས་འོས་འཚམས་དགོས།
བཟོ་སྟངས། བྱ་བྲང་ཞིབ་ཞིབ་བཙབས་ནས་ཕིང་རྩམ་དང་། སྒོ་ངའི་དཀར་སྤྲི། ཚྭ་བཅས་བླུགས་ནས་མཉམ་བསྲེས་གཏོང་རྒྱུ། དེ་རྗེས་སྒོ་ང་སྲབ་པོ་བཀྲག་ནས་བྱ་བྲང་ཞིབ་ཞིབ་སྒོ་ངའི་ནང་བསྒྲིལ་ཏེ་མོག་ཕྲུའི་ནང་རླངས་བཙོས་བརྒྱབ་ཐོག་དབྱར་རྩྭ་དགུན་འབུ་བཙུགས་ནས་ཡང་བསྐྱར་རླངས་བཙོས་རྒྱག་རྒྱུ། མཇུག་ཏུ་ཚལ་སླང་ནང་མར་བཞུར་ནས་ཚྭ་དང་། ཆུ་ཕྲན་བུ། ལྒ་སྨུག  ཕིང་རྩམ་ཆུ་སྦང་། ཤ་སྨན་བཅས་བླུགས་ནས་མཉམ་དུ་བསྐོལ་ཏེ་དབྱར་རྩྭ་དགུན་འབུའི་བྱ་བྲང་ཐོག་བླུག་རྒྱུ།

དབྱར་རྩྭ་དགུན་འབུའི་བྱ་རྐང་།

རྒྱུ་ཆ། བྱ་རྐང་རྒྱ་མ1དང་། མར་ཁེ50། དབྱར་རྩྭ་དགུན་འབུ་རྐང6། ཨོའོ་སུན་ཁེ100། ཞོག་ཁོག་ཁེ100། ཚྭ་དང་། ཕིང་རྩམ་ཆུ་སྦང་། ལྒ་སྨུག བཙོང་བཅས་འོས་འཚམས་དགོས།
བཟོ་སྟངས། ཞོག་ཁོག་རྡོག་བཙོས་བརྒྱབ་ནས་པགས་པ་བཤུ་བ་དང་རྫིས་བརྒྱབ་སྟེ་ཞོག་ཁོག་མོག་མོག་བཟོ་རྒྱུ་དང་། ཨོའོ་སུན་ལྷེབ་ལྷེབ་གཏུབས་ནས་ཚྭ་བརྒྱབ་སྟེ་ཆུ་བཙོས་རྒྱག་རྒྱུ། དེ་རྗེས་བྱ་རྐང་ཐོག་ཆུ་དང་། ཚྭ། ལྒ་སྨུག་བཅས་བླུགས་ནས་བཙོས་རྗེས་དབྱར་རྩྭ་དགུན་འབུ་བཙུགས་ཏེ་མོག་ཕྲུའི་ནང་རླངས་བཙོས་རྒྱག་རྒྱུ། མཇུག་ཏུ་ཚལ་སླང་ནང་མར་ཕྲན་བུ་བཞུར་ནས་བྱ་རྐང་རླངས་བཙོས་བརྒྱབ་པའི་ཁུ་བ་དང་། ཕིང་རྩམ་ཆུ་སྦང་། བཙོང་བཅས་བླུགས་ནས་བསྐོལ་རྗེས་དབྱར་རྩྭ་དགུན་འབུའི་བྱ་རྐང་ཐོག་བླུགས་ཏེ་སྡེར་མའི་གཞོགས་གཅིག་ལ་བྱ་རྐང་དང་གཞོགས་གཅིག་ལ་ཞོག་ཁོག་མོག་མོག་དང་ཨོའོ་སུན་བསྒྲིག་རྒྱུ།

དབྱར་རྩྭ་དགུན་འབུ་སེར་ཀྲིང་།

རྒྱུ་ཆ། དབྱར་རྩྭ་དགུན་འབུ་རྐང10དང་། བྱ་ཤ་ཞིབ་ཞིབ་ཁེ25། སེར་ཤ་རྐང20། མར་ཁེ100། ཚྭ་དང་། ཀ་ཀོ་ལ། ཕིང་རྩམ་ཆུ་སྦང་བཅས་འོས་འཚམས་དགོས།
བཟོ་སྟངས། བྱ་ཤ་ཞིབ་ཞིབ་དང་། ཕིང་རྩམ། ཚྭ་བཅས་མཉམ་བསྲེས་གཏོང་རྒྱུ་དང་། སེར་ཤའི་རྐང་པ་བཀོག་སྟེ་དེའི་ནང་བྱ་ཤ་བླུགས་ནས་དབྱར་རྩྭ་དགུན་འབུ་འཛུགས་རྒྱུ། དེ་རྗེས་མོག་ཕྲུའི་ནང་སེར་ཤ་རླངས་བཙོས་རྒྱག་རྒྱུ་མ་ཟད། ཚལ་སླང་ནང་མར་བཞུར་ཏེ་ཆུ་ཕྲན་བུ་དང་། ཚྭ། ཕིང་རྩམ་ཆུ་སྦང་བཅས་བླུགས་ནས་བསྐོལ་རྗེས་སེར་ཤའི་ཐོག་བླུག་རྒྱུ།

ཁ་ཆེ་ཤ་སྐམ་དཀར་སྤྲི།

རྒྱུ་ཆ། ཁ་ཆེ་ཤ་སྐམ་ཕྲན་བུ་དང་། སྒོ་ང20། མར་ཁེ5། ཕིང་རྩམ་ཆུ་སྦང་དང་། ཚྭ་བཅས་འོས་འཚམས་དགོས།
བཟོ་སྟངས། དཀར་ཡོལ་ནང་ཆུ་ཕྲན་བུ་བླུགས་ནས་ཁ་ཆེ་ཤ་སྐམ་སྦང་རྒྱུ་དང་།  སྒོ་ངའི་དཀར་སྦྲི་དང་ཕིང་རྩམ་ཆུ་སྦང་ཕྲན་བུ་དཀར་ཡོལ་ནང་བླུགས་ནས་དཀྲུག་དཀྲུག་བཏང་སྟེ་མོག་ཕྲུའི་ནང་རླངས་བཙོས་རྒྱག་རྒྱུ། དེ་རྗེས་ཚལ་སླང་ནང་མར་ཕྲན་བུ་བཞུར་ཏེ་ཆུ་ཕྲན་བུ་དང་། ཁ་ཆེ་ཤ་སྐམ། ཕིང་རྩམ་ཆུ་སྦང་། ཚྭ་བཅས་བླུགས་ནས་བསྐོལ་ཙམ་བྱས་ཏེ་སྒོ་ངའི་ཐོག་བླུག་རྒྱུ།

ཁ་ཆེ་ཤ་སྐམ་བྱ་བྲང་།

རྒྱུ་ཆ། བྱ་དེའི་བྲང་ཤ་ཁེ100དང་། ཁ་ཆེ་ཤ་སྐམ་ཕྲན་བུ། སྒོ་ང1། མར་ཁེ100། ཚྭ་དང་ཕིང་རྩམ་ཆུ་སྦང་བཅས་འོས་འཚམས་དགོས།
བཟོ་སྟངས། ཁ་ཆེ་ཤ་སྐམ་ཆུ་ཕྲན་བུའི་ནང་སྦང་རྒྱུ་དང་། བྱ་དེའི་བྲང་ཤ་ལྷེབ་ལྷེབ་སྲབ་པོ་གཏུབས་ནས་སྒོ་ངའི་དཀར་སྤྲི་དང་། ཕིང་རྩམ་སྐམ་པོ། ཚྭ་བཅས་བླུགས་ཏེ་མཉམ་བསྲེས་གཏོང་རྒྱུ། དེ་རྗེས་ཚལ་སླང་ནང་མར་བཞུར་ཏེ་བྱ་ཤ་བརྔོས་ཐོག་ཁ་ཆེ་ཤ་སྐམ་དང་ཕིང་རྩམ་ཆུ་སྦང་བླུགས་ནས་བསྐོལ་ཙམ་བྱ་རྒྱུ།

ཁ་ཆེ་ཤ་སྐམ་བྱ་བྲང་སྒོང་བཀྲག

རྒྱུ་ཆ། བྱ་དེའི་བྲང་ཤ་ཁེ100དང་། ཁ་ཆེ་ཤ་སྐམ་ཕྲན་བུ། སྒོ་ང5། མར་རམ་སྣུམ་ཁེ30། ཚྭ་དང་། ཕིང་རྩམ། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། སྣུམ་བཙག་བཅད་དེ་སྒོ་ང་སྲབ་པོ་བཀྲག་རྒྱུ་དང་། བྱ་ཤ་ཞིབ་པོ་བཙབས་ནས་སྒོ་ངའི་དཀར་སྤྲི་དང་། ཚྭ། ཕིང་རྩམ་བཅས་བླུགས་ཏེ་མཉམ་བསྲེས་ཀྱིས་སྒོ་ང་བཀྲག་མའི་ནང་བསྒྲིལ་ནས་རླངས་བཙོས་རྒྱག་རྒྱུ། དེ་རྗེས་ཚལ་སླང་ནང་མར་བཞུར་ནས་ཆུ་ཕྲན་བུ་དང་། ཁ་ཆེ་ཤ་སྐམ། ཕིང་རྩམ་ཆུ་སྦང་། ཤ་སྨན་བཅས་བླུགས་ནས་བསྐོལ་ཙམ་བྱས་རྗེས་བྱ་བྲང་སྒོང་བཀྲག་ཐོག་བླུག་རྒྱུ།

ཁ་ཆེ་ཤ་སྐམ་བྱ་རིལ།

རྒྱུ་ཆ། བྱ་དེའི་བྲང་ཤ་ཁེ250དང་། ཁ་ཆེ་ཤ་སྐམ་ཕྲན་བུ། སྒོ་ང1། མར་ཁེ500། པོ་ཚལ་ཁེ100། ཚྭ་དང་། ཕིང་རྩམ་བཅས་འོས་འཚམས་དགོས།
བཟོ་སྟངས། བྱ་ཤ་ཞིབ་པོ་བཙབས་ནས་ཕིང་རྩམ་དང་སྒོ་ངའི་དཀར་སྤྲི་བླུགས་ཏེ་མཉམ་བསྲེས་ཐོག་ཤ་རིལ་བཟོས་ནས་ཆུ་ཁོལ་ནང་བཙོ་རྒྱུ་དང་། པོ་ཚལ་ལ་ཚྭ་བརྒྱབ་ནས་ཁུ་བ་ཞུ་རྒྱུ། དེ་རྗེས་ཚལ་སླང་ནང་མར་ཕྲན་བུ་བཞུར་ནས་ཚྭ་དང་།  ཁ་ཆེ་ཤ་སྐམ། ཕིང་རྩམ་ཆུ་སྦང་བཅས་བླུགས་ནས་བསྐོལ་ཙམ་བྱས་རྗེས་བྱ་ཤ་དང་པོ་ཚལ་ཐོག་བླུག་རྒྱུ།

ལྷོ་བྱང་མཉམ་ཟས།

རྒྱུ་ཆ། སྒོ་ང20དང་། གྲོ་མ་བཙོས་མ་ཁེ10། མར་ཁེ30། ཚྭ་དང་། ཕིང་རྩམ་ཆུ་སྦང་བཅས་འོས་འཚམས་དགོས།
བཟོ་སྟངས། གྲོ་མ་བཙོ་རྒྱུ་དང་། སྒོ་ངའི་དཀར་སྤྲི་དང་སེར་རིལ་ཁག་སོ་སོ་བྱས་ནས་དཀར་ཡོལ་ནང་བླུགས་ཏེ་ཚྭ་དང་ཕིང་རྩམ་ཆུ་སྦང་ཕྲན་བུ་བླུགས་ནས་དཀྲུགས་རྗེས་མོག་ཕྲུའི་ནང་རླངས་བཙོས་རྒྱག་རྒྱུ། དེ་རྗེས་སྒོ་ངའི་དཀར་སྤྲི་དང་སེར་རིལ་གཏུབས་ནས་དེའི་ཐོག་གྲོ་མ་བཙུགས་ཏེ་སྡེར་མའི་ནང་བཏོན་ཐོག་ཚལ་སླང་ནང་མར་ཕྲན་བུ་བཞུར་ནས་ཆུ་ཕྲན་བུ་དང་ཕིང་རྩམ་ཆུ་སྦང་བླུགས་ཏེ་བསྐོལ་ཙམ་བྱས་ནས་སྒོ་ངའི་ཐོག་བླུག་རྒྱུ།

བྱ་དེ་རྣམ་རྒྱལ།

རྒྱུ་ཆ། བྱ་དེའི་བྲང་ཤ་ཁེ100དང་། ཨོའོ་སུན་ཁེ50། སོ་ལོ་སྔོན་པོ་དང་དམར་པོ་ཁེ50། སྣུམ་ཁེ100། ཚྭ་དང་། བཙོང་། སུར་པན་གང་བུ་ཆུ་སྦང་། གཡེར་མ། ལྒ་སྨུག རི་སྒོག ཕིང་རྩམ།  ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། བྱ་དེའི་བྲང་ཤ་དང་།  ཨོའོ་སུན། སོ་ལོ་སྔོན་པོ་དང་དམར་པོ། བཙོང་། སུར་པན་གང་བུ་ཆུ་སྦང་བཅས་ཏིག་ཧྲུག་གཏུབས་ནས་ཨོའོ་སུན་དང་སོ་ལོ་སྔོན་པོ་དམར་པོ་ཁུ་བ་རོབ་ཙམ་ཞུ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་བྱ་ཤ་དང་ཕིང་རྩམ་ཆུ་སྦང་བསྲེས་པ་བརྔོས་ཐོག་ཨོའོ་སུན་དང་། རི་སྒོག  གཡེར་མ། ལྒ་སྨུག  ཚྭ། སུར་པན་གང་བུ་ཆུ་སྦང་བཅས་བླུགས་ནས་བརྔོ་རྒྱུ་མ་ཟད། མཇུག་ཏུ་སོ་ལོ་སྔོན་པོ་དམར་པོ་དང་།  བཙོང་། ཤ་སྨན་བཅས་བརྒྱབ་ནས་བརྔོ་རྒྱུ།

བྱ་ཤ་ཤ་འབྲས།

རྒྱུ་ཆ། བྱ་རྐང་རྒྱ་མ1དང་། མར་ཁེ50། འབྲས་ཁེ500། ཡཱང་བཙོང་ཁེ50། ཞོག་ཁོག་ཁེ75། ཚྭ་དང་། ལྒ་སེར། ཟི་ར། བལ་པོའི་སྨན་སྣ། བཙོང་བཅས་འོས་འཚམས་དགོས།
བཟོ་སྟངས། ཞོག་ཁོག་བཙོས་ནས་པགས་པ་བཤུས་ཏེ་རྡོག་ཙམ་རྡོག་ཙམ་གཏུབ་རྒྱུ་དང་། བྱ་ཤ་རྡོག་ཙམ་རྡོག་ཙམ་གཏུབས་ནས་ཁུ་བ་རོབ་ཙམ་ཞུ་རྒྱུ། དེ་རྗེས་ཚལ་སླང་ནང་མར་བཞུར་ནས་བཙོང་བཀྲག་པ་དང་འབྲེལ་ལྒ་སེར་ལྷང་འབུད་བཏང་ནས་བྱ་ཤ་བརྔོ་རྒྱུ་མ་ཟད། བྱ་ཤའི་ཐོག་ཆུ་དང་། ཚྭ། ཡཱང་བཙོང་། བཙོང་། ཟི་ར། བལ་པོའི་སྨན་སྣ། ཞོག་ཁོག་བཅས་བླུགས་ནས་མཉམ་དུ་བསྐོལ་ཏེ་འབྲས་མཉམ་དུ་མཆོད་རྒྱུ།

བྱ་རྐང་བཀྲག་མ།

རྒྱུ་ཆ། བྱ་རྐང་རྒྱ་མ1དང་། སྣུམ་རྒྱ་མ5། སྒོ་ང4། ལྒ་སེར་དང་། ཚྭ། ཟི་ར། ལྒ་སྨུག བཙོང་། བལ་བོའི་སྨན་སྣ། ཕིང་རྩམ། སུར་པན་གང་བུ་བཅས་འོས་འཚམས་དགོས།
བཟོ་སྟངས། ཚལ་སླང་ནང་སྣུམ་ཕྲན་བུ་བཙག་བཅད་དེ་ལྒ་སེར་ལྷང་འབུད་བཏང་རྗེས་བྱ་རྐང་དང་། ཚྭ། ཟི་ར། ལྒ་སྨུག  བཙོང་། སུར་པན་གང་བུ། བལ་པོའི་སྨན་སྣ། ཆུ་བཅས་བླུགས་ཏེ་མེ་ཆུང་ངུའི་ཐོག་བཙོས་ནས་འདོན་རྒྱུ། དེ་རྗེས་སྒོ་ང་དང་ཕིང་རྩམ་མཉམ་བསྲེས་བཏང་ནས་བྱ་རྐང་ཐོག་བྱུགས་ཏེ་སྣུམ་ནང་བཀྲག་རྒྱུ།

བྱ་རྐང་ལ་ཕུག

རྒྱུ་ཆ། བྱ་རྐང་རྒྱ་མ1དང་། ལ་ཕུག་ཁེ25། ཨོའོ་སུན་ཁེ25། ལབ་སེར་ཁེ25། བཙོང་དང་། སུར་པན་གང་བུ། ཚྭ། ཤ་སྨན་ཅི་ཅིང་བཅས་འོས་འཚམས་དགོས།
བཟོ་སྟངས། ལ་ཕུག་དང་། ཨོའོ་སུན། ལབ་སེར་བཅས་ཏི་ཀ་ལྷེབ་ལྷེབ་གཏུབས་ནས་ཁུ་བ་ཞུ་རྒྱུ། དེ་རྗེས་ཆུའི་ནང་བྱ་རྐང་དང་། ཚྭ། བཙོང་། སུར་པན་གང་བུ། ཤ་སྨན་ཅི་ཅིང་། ལ་ཕུག  ཨོའོ་སུན། ལབ་སེར་བཅས་བླུགས་ནས་མཉམ་དུ་བསྐོལ་ཏེ་བྱ་རྐང་ཚོས་མཚམས་ལ་མཆོད་ན་འགྲིག

ཤ་མོ་ཤ་སྦྱར།

རྒྱུ་ཆ། བྱ་དེའི་བྲང་ཤ་ཁེ50དང་། ཤ་མོ་གྲངས10། སྒོ་ང1། སྣུམ་ཁེ30། ཕིང་རྩམ་དང་། ཚྭ། གཡེར་མ། སྒོག་པ། ལྒ་སྨུག བཙོང་། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། བྱ་ཤ་ཞིབ་ཞིབ་བཙབས་ནས་སྒོ་ངའི་དཀར་སྤྲི་དང་། ཕིང་རྩམ། ཚྭ། ལྒ་སྨུག སྒོག་པ། གཡེར་མ། ཤ་སྨན་བཅས་བླུགས་ནས་མཉམ་བསྲེས་གཏོང་རྒྱུ། དེ་རྗེས་ཤ་མོ་གཙང་མ་བཀྲུ་བ་དང་རྐང་པ་བཀོག་སྟེ་ཁུ་བ་ཞུས་རྗེས་ཤ་མོའི་ནང་བྱ་ཤ་བླུགས་ནས་རླངས་བཙོས་རྒྱག་རྒྱུ་མ་ཟད། ཚལ་སླང་ནང་སྣུམ་ཕྲན་བུ་བཙག་བཅད་དེ་ཚྭ་དང་། ལྒ་སྨུག ཤ་སྨན། བཙོང་། ཆུ་ཕྲན་བུ། ཕིང་རྩམ་བཅས་བླུགས་ནས་བསྐོལ་ཏེ་ཤ་མོ་ཤ་སྦྱར་ཐོག་བླུག་རྒྱུ།

སེར་ཤ་བྱ་བྲང་།

རྒྱུ་ཆ། སེར་ཤ་སོས་པ་ཁེ100དང་། བྱ་དེའི་བྲང་ཤ་ཁེ100། སྒོ་ང1། སྣུམ་ཁེ50། ཕིང་རྩམ་དང་། ཚྭ། བཙོང་། རི་སྒོག་བཅས་འོས་འཚམས་དགོས།
བཟོ་སྟངས། བྱ་དེའི་བྲང་ཤ་ལྷེབ་ལྷེབ་གཏུབས་ནས་ཕིང་རྩམ་དང་། སྒོ་ངའི་དཀར་སྤྲི། ཚྭ་བཅས་བརྒྱབ་ནས་མཉམ་བསྲེས་བཏང་སྟེ་བསྙལ་རྒྱུ་དང་། སེར་ཤ་ཁུ་བ་རོབ་ཙམ་ཞུ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་བྱ་ཤ་དང་སེར་ཤ་བརྔོས་ཐོག་ཚྭ་དང་། བཙོང་། རི་སྒོག་བཅས་བརྒྱབ་ནས་བརྔོ་ཙམ་བྱ་རྒྱུ།

བྱ་ཤ་སྒོང་སྦྱར།

རྒྱུ་ཆ། སྒོ་ང6དང་། བྱ་ཤ་ཞིབ་ཞིབ་ཁེ20། སྣུམ་རྒྱ་མ5། ཚྭ་དང་། བཙོང་། ཕིང་རྩམ། གསེར་མ་བཅས་འོས་འཚམས་དགོས།
བཟོ་སྟངས། སྒོ་ང་རྡོག་བཙོས་རྒྱག་རྒྱུ་དང་། བྱ་ཤ་ཞིབ་ཞིབ་དང་། བཙོང་། ཚྭ། གཡེར་མ། ཕིང་རྩམ་བཅས་མཉམ་བསྲེས་གཏོང་རྒྱུ། དེ་རྗེས་སྒོང་ལྤགས་བཤུས་ནས་ཕྱེད་གཏུབས་བྱས་ཏེ་སྒོ་ངའི་ངོས་སུ་བྱ་ཤ་སྦྱར་ནས་སྣུམ་ནང་བཀྲག་རྒྱུ།

ཚག་ཤ་སྒོང་སྦྱར།

རྒྱུ་ཆ། ཚག་ཤ་ཁེ100དང་། སྒོ་ང5། སྣུམ་རྒྱ་མ5། ཤ་ཁུ་ཁེ100། ཚྭ་དང་། ཕིང་རྩམ། གཡེར་མ། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། སྒོ་ང་བཙོས་ཏེ་པགས་པ་བཤུས་ནས་ཕྱེད་གཤགས་གཏོང་རྒྱུ་དང་ཚག་ཤ་བཙབ་རྒྱུ། དེ་རྗེས་ཚག་ཤ་དང་། ཚྭ། གཡེར་མ། བཙོང་། ཕིང་རྩམ། སྒོ་ང་རྗེན་པ་བཅས་མཉམ་བསྲེས་ཀྱིས་སྒོ་ངའི་ལོགས་ངོས་སུ་སྦྱར་ཏེ་སྣུམ་ནང་བཀྲག་རྒྱུ། མཇུག་ཏུ་ཚལ་སླང་ནང་ཤ་ཁུ་དང་། ཤ་སྨན།  བཙོང་། ཕིང་རྩམ་ཆུ་སྦང་བཅས་མཉམ་དུ་བསྐོལ་ཏེ་ཚག་ཤ་སྒོང་སྦྱར་ཐོག་བླུག་རྒྱུ།

བྱ་དེ་གསུམ་བསྲེས།

རྒྱུ་ཆ། བྱ་ཤ་ཁེ100དང་། ཨོའོ་སུན་ཁེ50། ལབ་སེར་ཁེ30། སྣུམ་ཁེ100། བཙོང་དང་། ལྒ་སྨུག  ཚྭ། ཕིང་རྩམ་ཆུ་སྦང་། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། བྱ་ཤ་ཞིབ་ཞིབ་བཙབས་ནས་ཤ་རིལ་བཟོ་རྒྱུ་དང་། ཨོའོ་སུན་དང་ལབ་སེར་ལྷེབ་ལྷེབ་གཏུབས་ནས་ཁུ་བ་ཞུ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་བཙོང་དང་། ལྒ་སྨུག ཚྭ། ཤ་རིལ། ཨོའོ་སུན། ལབ་སེར་བཅས་བླུགས་ནས་མཉམ་དུ་བརྔོས་ཐོག་ཕིང་རྩམ་ཆུ་སྦང་དང་ཤ་སྨན་རྒྱག་རྒྱུ།

སྟར་ཁ་བྱ་བྲང་།

རྒྱུ་ཆ། བྱ་དེའི་བྲང་ཤ་ཁེ100དང་། སྟར་ཁའི་ནང་རྩི་ཁེ50། སྒོ་ང1། སྣུམ་ཁེ100། ཚྭ་དང་།  བཙོང་། ཕིང་རྩམ། ལྒ་སྨུག ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། བྱ་དེའི་བྲང་ཤ་ལྷེབ་ལྷེབ་གཏུབས་ནས་ཕིང་རྩམ་དང་། སྒོ་ངའི་དཀར་སྤྲི། ཚྭ་བཅས་བརྒྱབ་ནས་མཉམ་བསྲེས་བཏང་སྟེ་བསྙལ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་སྟར་ཁའི་ནང་རྩི་བཀྲག་ནས་སྡེར་མའི་ནང་འདོན་རྒྱུ་མ་ཟད། དེའི་ནང་བྱ་ཤ་རྔོ་བ་དང་འབྲེལ་ཚྭ། བཙོང་། ལྒ་སྨུག  ཤ་སྨན། སྟར་ཁའི་ནང་རྩི་བཅས་བླུགས་ནས་བརྔོ་ཙམ་བྱ་རྒྱུ།

བྱ་གཤོག་ཚལ་ཀྲིང་།

རྒྱུ་ཆ། བྱ་དེའི་གཤོག་པ་བཙོས་མ་ཁེ100དང་། ཡཱང་བཙོང་ཁེ25། ཨོའོ་སུན་ཁེ25། ལབ་སེར་ཁེ25། ཚྭ་དང་། ཕིང་རྩམ་ཆུ་སྦང་། ལྒ་སྨུག  ལྗང་ཡུའུ། གཡེར་མ། ཤ་སྨན་ཅི་ཅིང་བཅས་འོས་འཚམས་དགོས།
བཟོ་སྟངས། བྱ་དེའི་གཤོག་པ་བཙོ་རྒྱུ་དང་། ཨོའོ་སུན་དང་ལབ་སེར་གྲུ་བཞི་ནར་མོ་གཏུབས་ནས་ཁུ་བ་ཞུ་རྒྱུ། དེ་རྗེས་ཕོར་བའི་ནང་བྱ་དེའི་གཤོག་པ་དང་། ཨོའོ་སུན། ལབ་སེར་བཅས་བསྟར་པ་བསྒྲིག་རྒྱུ་མ་ཟད། དེའི་སྟེང་ལྒ་སྨུག་དང་། ཚྭ། གཡེར་མ། ཡཱང་བཙོང་ཞིབ་ཞིབ་བཅས་སྣུམ་ནང་བརྔོས་པ་བླུགས་ཐོག་ཕིང་རྩམ་ཆུ་སྦང་ཕྲན་བུ་དང་། ལྗང་ཡུའུ། ཤ་སྨན་ཅི་ཅིང་བཅས་བླུགས་ནས་མོག་ཕྲུའི་ནང་རླངས་བཙོས་བརྒྱབ་རྗེས་སྡེར་མའི་ནང་ཕོར་བ་ཁ་སྤུབས་ནས་འདོན་རྒྱུ།

བྱ་གཤོག་ཁ་ཚ།

རྒྱུ་ཆ། བྱ་དེའི་གཤོག་པ་ཁེ250དང་། སྣུམ་ཁེ150། ལྒ་སྨུག་དང་། སྒོག་པ། ཚྭ། ལྒ་སེར། ཟི་ར། བཙོང་། ཤ་སྨན། སུར་པན་བཅས་འོས་འཚམས་དགོས།
བཟོ་སྟངས། ཆུའི་ནང་བྱ་དེའི་གཤོག་པ་དང་། ཚྭ། ལྒ་སྨུག  བཙོང་བཅས་བླུགས་ནས་བཙོས་རྗེས་བྱ་དེའི་གཤོག་པ་དང་། ཚྭ། ཟི་ར། སྒོག་པ། བཙོང་། སུར་པན། སྣུམ་བཙག་བཅད་པ། ལྒ་སེར་ལྷང་འབུད་བཏང་བ། ཤ་སྨན་བཅས་མཉམ་བསྲེས་གཏོང་རྒྱུ།

བྱ་ཤ་གྲང་ཚལ།

རྒྱུ་ཆ། བྱ་དེའི་བྲང་ཤ་ཁེ150དང་། ཡཱང་བཙོང་ཁེ50། སུར་པན་དམར་ལྡུར། ཚྭ་དང་། ཤ་སྨན་ཅི་ཅིང་བཅས་འོས་འཚམས་དགོས།
བཟོ་སྟངས། བྱ་དེའི་བྲང་ཤ་བཙོས་ནས་སིལ་སིལ་གཏུབ་རྒྱུ་དང་། ཚལ་སླང་ནང་སྣུམ་བཙག་བཅད་དེ་ཡཱང་བཙོང་རོབ་ཙམ་བརྔོས་ནས་འདོན་རྒྱུ། དེ་རྗེས་བྱ་ཤ་དང་།  ཡཱང་བཙོང་། ཚྭ། ཤ་སྨན་ཅི་ཅིང་། སུར་པན་དམར་ལྡུར་བཅས་མཉམ་བསྲེས་གཏོང་རྒྱུ།

བྱ་ཤ་ཁ་ཚ།

རྒྱུ་ཆ། བྱ་རྐང་བཙོས་མ་རྒྱ་མ1དང་། སྣུམ་ཁེ50། སུར་པན་དང་། ཚྭ། གཡེར་མ། སྒོག་པ། ལྒ་སྨུག བཙོང་། ཏིལ་དཀར་པོ། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། བྱ་རྐང་རྡོག་ཙམ་རྡོག་ཙམ་གཏུབས་རྗེས་ཚྭ་དང་། སྒོག་པ། གཡེར་མ། ལྒ་སྨུག  བཙོང་། སུར་པན། ཏིལ་དཀར་པོ། ཤ་སྨན། སྣུམ་བཙག་བཅད་པ་བཅས་བླུགས་ནས་མཉམ་བསྲེས་གཏོང་རྒྱུ།

བྱ་བྲང་བཀྲག་མ།

རྒྱུ་ཆ། བྱ་དེའི་བྲང་ཤ་ཁེ300དང་། བྱེ་མ་ཀ་ར་ཁེ50། སྣུམ་རྒྱ་མ3། ཚྭ་དང་། ལྒ་སྨུག སྒོག་པ། ཟི་ར། གཡེར་མ། ཀ་ཀོ་ལ། སུར་པན་གང་བུ། ཤ་སྨན་ཟུར་བརྒྱད། བཙོང་བཅས་འོས་འཚམས་དགོས།
བཟོ་སྟངས། ཚལ་སླང་ནང་བྱེ་མ་ཀ་ར་བཞུར་ནས་ལྦུ་བ་ལངས་རྗེས་ཆུ་དང་། ཚྭ། ལྒ་སྨུག  སྒོག་པ། ཟི་ར། གཡེར་མ། ཀ་ཀོ་ལ། སུར་པན་གང་བུ། ཤ་སྨན་ཟུར་བརྒྱད། བཙོང་བཅས་དང་བྱ་བྲང་བླུགས་ནས་མཉམ་དུ་བཙོ་རྒྱུ།  དེ་རྗེས་ཚལ་སླང་ནང་སྣུམ་མང་ཙམ་བཙག་བཅད་དེ་བྱ་བྲང་རོབ་ཙམ་བཀྲག་ནས་གཏུབ་རྒྱུ།

བྱ་རྐང་བྷི་སྨུག

རྒྱུ་ཆ། བྱ་རྐང་ཁེ150དང་། བྷི་སྨུག(གཡའ་སྐྱ་རི)ཕྲན་བུ། མར་ཁེ50། ཤེལ་ཀ་ར་ཁེ50། ཚྭ་དང་། ཕིང་རྩམ་ཆུ་སྦང་།  ལྒ་སྨུག་བཅས་འོས་འཚམས་དགོས།
བཟོ་སྟངས། བྷི་སྨུག་ཆུ་དྲོད་འཇམ་ཕྲན་བུའི་ནང་བླུགས་ནས་སྦང་རྒྱུ་དང་།  བྱ་རྐང་རྡོག་ཙམ་རྡོག་ཙམ་གཏུབ་རྒྱུ། དེ་རྗེས་ཚལ་སླང་ནང་མར་ཕྲན་བུ་བཞུར་ཏེ་བྱ་རྐང་དང་། ཚྭ། ལྒ་སྨུག ཤེལ་ཀ་ར་བཅས་རོབ་ཙམ་བརྔོས་ཐོག་བྷི་སྨུག་དང་ཆུ་ཕྲན་བུ་བླུགས་ནས་མེ་ཆུང་ངུའི་ཐོག་བསྐོལ་རྒྱུ་མ་ཟད། མཇུག་ཏུ་ཕིང་རྩམ་ཆུ་སྦང་བླུག་རྒྱུ།

སྒོ་ང་གསུམ་བསྲེས།

རྒྱུ་ཆ། སྒོ་ང10དང་། སེར་ཤ་ཁེ50། སོ་ལོ་སྔོན་པོ་དང་དམར་པོ་ཁེ75། སྣུམ་ཁེ75། བཙོང་དང་། ཚྭ། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། སྒོ་ངའི་དཀར་སྤྲི་དང་སེར་རིལ་ཁག་སོ་སོ་ཕོར་བའི་ནང་བླུགས་ནས་མོག་ཕྲུའི་ནང་རླངས་བཙོས་རྒྱག་རྒྱུ་དང་། སེར་ཤ་དང་སོ་ལོ་སྔོན་པོ་དམར་པོ་ལྷེབ་ལྷེབ་གཏུབ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་སེར་ཤ་དང་། སོ་ལོ་སྔོན་པོ་དམར་པོ། སྒོ་ང་། ཚྭ། ཤ་སྨན། བཙོང་བཅས་བླུགས་ནས་མཉམ་དུ་བརྔོ་རྒྱུ།

སྒོ་ང་དཔལ་འཛོམས།

རྒྱུ་ཆ། སྒོ་ང8དང་། བསོད་ནམས་དཔལ་འཛོམས་དང་། ཚྭ། གཡེར་མ། རི་སྒོག  སུར་པན་བཅས་འོས་འཚམས་དགོས།
བཟོ་སྟངས། སྒོ་ངའི་དཀར་སྤྲི་ཕོར་བའི་ནང་བླུགས་ནས་རླངས་བཙོས་རྒྱག་རྒྱུ། དེ་རྗེས་བསོད་ནམས་དཔལ་འཛོམས་དང་། སུར་པན། ཚྭ། གཡེར་མ། རི་སྒོག  ཆུ་ཕྲན་བུ་བཅས་མཉམ་བསྲེས་བཏང་ནས་སུར་པན་དམར་ལྡུར་བཟོས་ཐོག་སྒོ་ང་དང་མཉམ་དུ་མཆོད་རྒྱུ།

སྒོ་ང་ཚལ་བསྒྲིལ།

རྒྱུ་ཆ། སྒོ་ང4དང་། གྲོ་ཞིབ་ཁེ400། པོ་ཚལ་ཁེ100། ཚྭ་དང་ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། གྲོ་ཞིབ་ནང་སྒོ་ང་དང་ཆུ་བླུགས་ནས་བརྫིས་ཏེ་བག་ལེབ་སྲབ་པོ་བཀྲག་རྒྱུ། དེ་རྗེས་པོ་ཚལ་ཁུ་བ་ཞུས་ཏེ་ཚྭ་དང་ཤ་སྨན་བླུགས་ནས་མཉམ་དུ་བཙབས་ཐོག་བག་ལེབ་ནང་བསྒྲིལ་ནས་གྲིས་གཏུབ་རྒྱུ།

འོ་མ་སྒོང་ཀྲིང་།

རྒྱུ་ཆ། འོ་མ་རྒྱ་མ1དང་། སྒོ་ང5། ཚྭ་བཅས་འོས་འཚམས་དགོས།
བཟོ་སྟངས། དཀར་ཡོལ་ནང་སྒོ་ང་དང་། འོ་མ། ཚྭ་བཅས་བླུགས་ཏེ་དཀྲུག་དཀྲུག་ཡག་པོ་བཏང་ནས་མོག་ཕྲུའི་ནང་རླངས་བཙོས་རྒྱག་རྒྱུ།


འབྲེལ་ཡོད་འོས་སྦྱོར།