logo

རིག་གནས་སྲུང་སྐྱོང་གཤིན་ས་རུ། གནའ་བོའི་ཤེས་རབ་མེ་ཏོག་བཀྲ།

རྩོམ་པ་པོ།:འབྲུག་བྱམས་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-03-29 ཀློག་གྲངས།:


དཔའ་རིས་གླེགས་བམ་ཞེས་པའི་འོད་སྡེར།

ཉེ་ལམ་དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ལས་ཤག་ནས་དཔའ་རིས་ས་མིང་རིག་གནས་ཁུངས་སྙེག་ཅེས་པའི་གཞུང་དང་མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་རི་ཆུ་རིག་གནས་ཏེ་དཔའ་རིས་གླེགས་བམ་ཞེས་པའི་འོད་སྡེར་མཛད་དེ་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་དང་པེ་ཅིན་གངས་ལྗོངས་སྒྲ་བརྙན་གློག་རྡུལ་པར་སྐྲུན་ཁང་གིས་པར་དུ་བཏབ་འདུག   འདི་ནི་རྫོང་ཨུ་དང་སྲིད་གཞུང་གིས་མི་རིགས་རིག་གནས་རྒྱུད་འཛིན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་གདེང་འཇོག་ཚད་མཐོན་པོ་གནང་བཞིན་པའི་འབྲས་བུ་གཡུར་དུ་ཟ་བ་ཞིག་ཡིན།
      ཇི་སྐད་དུ། ས་མིང་ནི་བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཡིན། ས་མིང་ནི་ལོ་རྒྱུས་རིག་གནས་ཀྱི་གདོད་མའི་བརྡ་རྟགས་ཤིག་ཡིན། ས་མིང་ནི་ལོ་རྒྱུས་རིག་གནས་ལ་ཁྱབ་མཆེད་དང་མཉམ་འདྲེས་བྱུང་བའི་མཚོན་རྟགས་ཤིག་ཡིན།ས་མིང་ནི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པའི་ལམ་རྟགས་ཤིག་ཡིན། དཔའ་རིས་ས་མིང་རིག་གནས་ཁུངས་སྙེག་ཅེས་པའི་གཞུང་དེ་ནི་ལོ་ངོ་དུ་མའི་རིང་ལ་ལས་བྱེད་མི་སྣས་དཀའ་ངལ་ཁྱད་དུ་བསད་ནས་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ཁོངས་གཏོགས་དཔའ་རིས་ཡུལ་གྱི་སྲིད་འཛིན་སྡེ་བ་སོ་སོར་སོང་ནས་ས་མིང་རེ་རེ་བཞིན་སྔོག་འདོན་དང་འཚོལ་བསྡུ། དག་བསྒྲིགས་བཅས་བྱས་པའི་ས་མིང་བརྡ་ཆད་ཁྲི་གཉིས་དང་ཡི་གེ་གྲངས་ས་ཡ་བདུན་གྱི་བདག་ཉིད་ཅན་དེར་ས་མིང་ཕྱོགས་ཀྱི་དམངས་ཁྲོད་མཁས་པ་གཉིས་བརྒྱ་ལྷག་མཉམ་དུ་འཛོམས་ནས་བརྡར་ཤ་བཅད་པ་དང་། མཐར་པར་སྐྲུན་འགྲེམ་སྤེལ་བྱས་ནས་ཀློག་མཁན་རྣམས་ཀྱི་སྤྱན་ལམ་དུ་འབུལ་བ་ལགས།

      ས་མིང་རིག་གནས་ཁུངས་སྙེག་ཅེས་པའི་གཞུང་འདི་ཐེངས་དང་པོར་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་ཡུལ་ཚོ་དང་སྡེ་བ།དེ་བཞིན་དུ་རི་བོ་དང་ཆུ་བོ། ཚོ་བ་དང་དགོན་པ་རེ་རེའི་གནས་ཚུལ་ངོ་སྤྲོད་བགྱིས་ནས་ང་ཚོས་དཔའ་རིས་ཡུལ་གྱི་ཕྱི་སྣོད་འཇིག་རྟེན་གྱི་ཆགས་ཚུལ་དང་གོང་འཕེལ།བཅོས་བསྒྱུར། ས་མིང་ལས་བྱུང་བའི་ངག་རྒྱུན་དང་གཏམ་རྒྱུད། ཡུལ་སྲོལ་གོམས་འདྲིས་དང་བསམ་པའི་ཁྱེར་སོ་སོགས་རིག་གནས་གྱི་བརྡ་ཆ་ཡང་བསྐྱར་ཚུར་སྣང་བྱས་ཡོད་པས།  རང་ཡུལ་གྱི་ས་མིང་རིག་གནས་ཞིབ་འཇུག་བྱེད་པར་རྒྱུ་ཆ་ཕུན་སུམ་ཚོགས་པ་མཁོ་འདོན་བྱས་འདུག
      མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་རི་ཆུ་རིག་གནས་ཏེ་དཔའ་རིས་གླེགས་བམ་ཞེས་པའི་འོད་སྡེར་ནི་སྤྱི་ལོ༢༠༡༤ལོ་ནས༢༠༡༥ལོར་རང་ལས་ཤག་གིས་ཀྲུང་གོ་བོད་རིག་པ་ཞིག་འཇུག་ལྟེ་གནས་གྱི་དབུ་མཛད་པའི་ལས་གཞི་འགན་དུ་ཁུར་བའི་ཀུན་སློང་གིས་དཀའ་བ་ཁྱད་དུ་བསད་དེ་ཡིག་ཆ་བསྡུ་བསྒྲིགས་ཀྱི་ཁྲོད་ནས་བྱུང་བའི་གནས་ཚུལ་དངོས་མཚོན་བརྙན་དེབ་ཅིག་ཡིན། དཔའ་རིས་འཇུ་ལག་མཐོན་པོ་བཅུ་གསུམ་གཙོ་བོར་ཡིན་པའི་གནས་དེའི་ཡུལ་སྡེ་སོ་སོའི་གནས་རི་འགངས་ཅན་དང་དགོན་སྡེ། ཆུ་བོ་དང་རི་བོ། དམངས་སྲོལ་དང་མཛེས་ལྗོངས་སོགས་རིག་གནས་སྣང་ཚུལ་གྱ་ནོམ་པ་ལ་དེང་རབས་པར་བརྙན་འཕྲུལ་ཆས་བེད་ནས་རྒྱ་བོད་སྐད་རིགས་གཉིས་ཀྱི་ལམ་ནས་དཔའ་རིས་རི་ཆུ་རིག་གནས་སྤྱི་ཁོག་གི་རྣམ་པ་ཀུན་གྱི་མིག་ལམ་དུ་ཕུལ་བའི་འོད་སྡེར་མཐོང་བ་འཛུམ་ཤོར་ཞིག་ཡིན།

དཔའ་རིས་གླེགས་བམ་ཞེས་པའི་འོད་སྡེར་གྱི་འབྲེལ་ཡོད་པར་རིས།




འབྲེལ་ཡོད་འོས་སྦྱོར།