logo

བོད་ཀྱི་གདོད་མའི་དུས་ཀྱི་མོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-11 ཀློག་གྲངས།:
     མོ་ནི་བོད་ལ་དར་སྔ་ཞིང་དེ་ཡང་ལྷ་ཀླུ་གཞི་བདག་མངོན་ཤེས་ལ་དབང་ཐོབ་པ་ཐམས་ཅད་ཀྱི་མཐུ་དང་ནུས་པ་ལ་བརྟེན་ནས་བླང་དོར་གྱི་གནས་དང་། བདེན་རྫུན་གྱི་དབྱེ་བ་འབྱེད་པའི་ལེགས་ཉེས་བརྟག་ཚུལ་གྱི་ཆོ་ག་ཞིག་ཡིན་ཞིང་། དེ་ལ་དབྱེ་ན་ཤིན་ཏུ་མང་པོ་ཞིག་ཡོད་ཀྱང་བསྡུས་ན་གདོད་མའི་དུས་ཀྱི་མོ་དང་། བོན་གྱི་མོ། བན་གྱི་མོ་གསུམ་དུ་མ་འདུས་པ་མེད།
     དེ་ཡང་བོད་ཀྱི་གདོད་མའི་དུས་ཀྱི་མོ་ནི་བོན་བསྟན་དར་རྒྱས་བྱུང་བ་ལ་བརྟེན་ནས་བོན་གྱི་མོའི་ཁོངས་སུ་བསྡུས་པས་ད་ལྟའི་དུས་སུ་རང་རྐྱ་འཕེར་བར་གནས་མེད་པས། ངོས་འཛིན་བྱེད་རྒྱུ་ཅུང་དཀའ་བར་སྣང་ཡང་། དམངས་ཁྲོད་དུ་དར་བའི་མིག་སོགས་འགུལ་ཚུལ་ལ་བརྟག་པ་འདི་བོད་ཀྱི་གདོད་མའི་དུས་ཀྱི་མོའི་རྨང་གཞིའམ་མོ་དང་ཆ་འདྲ་བའི་ལེགས་ཉེས་བརྟག་ཐབས་ཤིག་ཡིན་པས་དེའི་ཚུལ་ཅུང་ཟད་བརྗོད་ན། མིག་འགུལ་བར་བརྟག་ཚུལ། རྣ་ངུ་བར་བརྟག་ཚུལ། རྣ་ལ་ཚ་སྐྱེ་བར་བརྟག་ཚུལ། གདོང་ལ་ཚ་སྐྱེ་བར་བརྟག་ཚུལ། ལུས་ཀྱི་ཤ་འགུལ་འཕྲིག་བརྟག་ཚུལ། སེམས་འཕར་བར་བརྟག་ཚུལ། སྣ་སྦྲིད་པར་བརྟག་ཚུལ། གྱོན་པ་སར་ལྷུང་བར་བརྟག་ཚུལ། སླ་ངའི་སྐད་ལ་བརྟག་ཚུལ། ཐབ་ཀྱི་མེ་ལྕེ་མཆེད་པར་བརྟག་ཚུལ། ཁྱི་ཟུག་པར་བརྟག་ཚུལ། སྐྱ་ཀའི་སྐད་ལ་བརྟག་ཚུལ་སོགས་ཡོད་ཅིང་། དེ་དག་བྱི་གླང་སོགས་ཀྱི་དུས་ལ་སྦྱར་ཏེ་དཔེར་ན་གླང་དུས་མིག་གཡོན་འགུལ་ན་ངན། གཡས་འགུལ་ན་གཞན་གྱིས་དྲན། བྱི་དུས་རྣ་གཡོན་ངུ་ན་བུད་མེད་ཀྱིས་དྲན། གཡས་ངུ་ན་བོར་སྟོར་གྱི་ངོ་། འབྲུག་དུས་རྣ་ལ་ཚ་སྐྱེ་ན་ནོར་རྙེད། སྟག་དུས་གདོང་ཚ་ན་ཐག་རིང་གི་མགྲོན་པོ་དང་འཕྲད། སྤྲེལ་དུས་ལུས་ཀྱི་ཤ་འཕྲིག་ན་མཆུའི་ངོ་། འཛེམས་ན་བཟང་། ཁྱིའི་དུས་སེམས་འཕར་ན་མི་ཆེན་མྱུར་དུ་སླེབས་པས་བཟང་། རྟའི་དུས་སྣ་སྦྲིད་ན་ཚོང་བ་ཡོང་ན་སྟོན་མོ་བྱེད།  ལུག་དུས་གྱོན་པས་སར་ལྷུང་ན་དམར་ངོ་འབྱུང་ཡང་སྐྱོན་མེད།  བྱའི་དུས་སླ་ངས་སྐད་འབྱིན་ན་ཐག་རིང་དུ་སོང་བ་འབྱོར་བས་བཟང་།  ཕག་དུས་ཐབ་ཀའི་མེ་ལྕེ་མཆེད་ན་ནད་འབྱུང་ཡང་སྐྱོན་མེད། སྦྲུལ་དུས་ཁྱི་ཟུག་ན་གཉེན་ཉེ་འོང་བ་དང་འཕྲིན་གྱི་ངོ་།། ཡོས་དུས་སྐྱ་ཀ་གྲགས་ན་ནོར་དང་ཟས་ཆང་འོང་བས་བཟང་ཟེར་བ་ལྟ་བུ་ཡིན། གཞན་ཡང་ཕྱུགས་ཀྱི་སོག་པ་མེར་བསྲེགས་ཏེ་ལེགས་ཉེས་དཔྱོད་པའི་སོག་མོ་དང་། མཚེར་སར་བརྟག་པའི་མཚེར་མོ་སོགས་ཀྱང་འདིའི་ཁོངས་སུ་འདུའོ།།


འབྲེལ་ཡོད་འོས་སྦྱོར།