logo

མཛོད་ཀྱི་ལོ་མགོ་འཛིན་ཚུལ་དང་ཉི་ལྡོག་ལ་དཔྱད་པ་བཞུགས་སོ། །

རྩོམ་པ་པོ།:ཚུལ་ཁྲིམས་བློ་གྲོས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-26 ཀློག་གྲངས།:
     བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་མངོན་པ་མཛོད་ཀྱི་ལོ་མགོ་འཛིན་ཚུལ་དང་ཉི་ལྡོག་ལ་ཅུང་ཟད་དཔྱད་པ་ལ། གཞན་ལུགས་རྗེས་སུ་བརྗོད་པ། འཐད་ལྡན་རང་ལུགས་གཞག་པ། དེ་ལ་སྒྲུབ་བྱེད་དགོད་པའོ། །དང་པོ་ནི། མཛོད་ལས། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུར་འགྱུར་རོ་ཉིན་མོ་བཟློག །ཅེས་གསུངས་པ་ལས་ལོ་མགོ་འཛིན་ཚུལ་མི་གཅིག་པ་སྣ་ཚོགས་བྱུང་སྟེ།འཆིམས་འཇམ་པའི་དབྱངས་ནི་ཁྲུམས་ཟླ་བ་སྟེ་ཧོར་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ནས་ལོ་མགོ་འཛིན་པར་བཞེད་དེ། མཛོད་འགྲེལ་མངོན་པའི་རྒྱན་ལས། འོན་ཀྱང་འདིར་ནི་སྒྲོག་ཁྲུམས་ཀྱི་ཉ་བའི་ཟླ་བ་ནི་སྟོན་ཟླ་ཐ་ཆུང་ཡིན་ལ། དེའི་ཚེས་བཅུ་དྲུག་ནས་ཐ་སྐར་གྱི་ཟླ་བ་ཡིན་པས་དེའི་མར་ངོ་དང་ཐ་སྐར་གྱི་ཟླ་བའི་ཡར་ངོ་བསྡོམས་པ་དགུན་ཟླ་དང་པོ་དང་ཐ་སྐར་གྱི་ཟླ་བའང་ཡིན་པར་ཤེས་ཏེ།  ཞེས་གསུངས་པའི་ཕྱིར་རོ། །ཡང་མཁས་པ་མང་པོ་ཞིག་ནི་ཧོར་ཟླ་དགུ་པའི་ཚེས་བཅུ་དྲུག་ནས་ལོ་མགོ་འཛིན་ཏེ། ངོ་མཚར་གསུམ་ལྡན་ལས།  ཕྱིས་ཀྱི་མཁས་པ་མང་པོས་ཐ་སྐར་གྱི་ཟླ་བ་ལ་སྟོན་ཟླ་ཐ་ཆུང་དུ་བྱས་ནས་དེའི་ཉའི་ཕྱི་དེ་ཉིན་པར་ནས་ལོ་མགོ་འཛིན་ཅིང་། སྣྲོན་གྱི་ཉ་པའི་ཕྱི་དེ་ཉིན་པར་ནས་དབྱར་སྔ་མའི་ཁས་ལེན་བྱེད་པར་བཞེད་དོ། །ཞེས་གསུངས་པ་བཞིན་ནོ། །ཡང་ཁ་ཅིག་ནི་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་འཛིན་པར་བཞེད་དེ་རང་ལུགས་ཀྱི་སྐབས་སུ་འཆད་དོ། །གཉིས་པ་རང་ལུགས་གཞག་པ་ནི། ཧོར་ཟླ་བཅུ་པ་སྨིན་དྲུག་ཟླ་བའི་ཚེས་བཅོ་ལྔ་ནས་སྟོན་ཟླ་ཐ་ཆུང་རྫོགས་ཏེ།  དེའི་ཕྱི་ཉིན་ཚེས་བཅུ་དྲུག་ནས་ལོ་ཕྱི་མའི་མགོ་གཟུང་བར་བྱའོ། །དེ་ཡང་ཚེས་བཅུ་དྲུག་མགོ་ཟླའི་སྐྱ་རེངས་དང་པོའི་སྔ་ལོགས་ཀྱི་སྐད་ཅིག་མ་དེ་ལ་ལོ་སྔ་མ་དང་། སྟོན་གྱི་དུས་ཚིགས་དང་། སྨིན་དྲུག་ཟླ་བ་དང་། ཉིན་ཞག་སྔ་མ་སྟེ་བཞི་པོ་དུས་གཅིག་ལ་ཅིག་ཅར་རྫོགས་ནས། དེའི་མཇུག་ཐོག་གི་སྐད་ཅིག་གཉིས་པ་ལ་ལོ་ཕྱི་མ། དགུན་གྱི་དུས་ཚིགས། མགོ་ཟླ་བ། ཉིན་ཞག་ཕྱི་མའི་སྐྱ་རེངས་དང་པོ་སྟེ་བཞི་པོ་ཅིག་ཅར་དུ་ཟིན་པ་ཡིན་ནོ། །ཚུལ་འདི་འདུལ་མངོན་གཉིས་ཀའི་ཐུན་མོང་གི་རྣམ་བཞག་ཡིན་གྱི། འདུལ་མངོན་གཉིས་ལོ་མགོ་འཛིན་ཚུལ་སོ་སོར་ཕྱེས་ཏེ་སྨྲ་བ་དག་གི་ལུགས་ལྟར་ནི་མ་ཡིན་ནོ། །དེས་ན་དཔྱིད་ར་དབོ་སྟེ་ཧོར་ཟླ་གཉིས་པའི་ཡར་ངོ་ཚེས་བརྒྱད་ལ་དགུན་ཉི་དང་། སྟོན་ར་ཁྲུམས་ཏེ་ཧོར་ཟླ་བརྒྱད་པའི་ཡར་ངོའི་ཚེས་བརྒྱད་ལ་དབྱར་ཉི་ལྡོག་པ་མཛོད་ཀྱི་དགོངས་པ་ཡིན་ནོ། །གསུམ་པ་དེ་ལ་སྒྲུབ་བྱེད་དགོད་པ་ནི། ཐོག་མར་རྟོགས་སླ་བའི་ཕྱིར་ཟླ་བ་དག་གི་ཐ་སྙད་བརྗོད་པར་བྱ་སྟེ། དེ་ཡང་མདོ་སྡེ་ཉི་མའི་སྙིང་པོ་ལས། བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེ་ཟླ་རངས་གྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱ་བ། །འདིར་ནི་རབ་ཏུ་བརྗོད་པ་ཡིན། །ཞེས་ཟླ་བའི་ཉ་སྐར་ལས་བཏགས་པའི་མིང་དང་རབ་ཐའི་མིང་གཉིས་སྦྱར་ནས་གསུངས་འདུག་པ་འདི་ཁོ་ན་ལྟར་བྱ་དགོས་ཏེ། ཉ་སྐར་དེ་ཤར་བའི་ཚེ་ཟླ་བ་དེ་ཉིད་རངས་བའམ་མཇུག་རྫོགས་པ་ཡིན་པས་མར་ངོ་སྔོན་དུ་འགྲོ་བའི་ལུགས་ཡིན་ནོ། །སྟོན་ཟླ་ཐ་ཆུང་དེ་ཉིད་ནི་དེང་སང་གི་ཧོར་ཟླ་དགུ་པའི་ཚེས་བཅུ་དྲུག་ནས་བཅུ་པའི་བཅོ་ལྔའི་བར་ཡིན་ཏེ། བཅུ་པའི་བཅོ་ལྔ་ལ་ཉ་སྐར་སྨིན་དྲུག་འཆར་བ་མངོན་སུམ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་བཅུ་གཅིག་པའི་ཚེས་བཅོ་ལྔའི་བར་དགུན་ཟླ་ར་བ་མགོའི་ཟླ་བ། དེ་ནས་རིམ་བཞིན་བཅུ་གཉིས་པའི་ཉའི་བར་དགུན་འབྲིང་རྒྱལ་ཟླ་བ། དང་པོའི་ཉའི་བར་དགུན་ཐ་མཆུ་ཟླ།  གཉིས་པའི་ཉའི་བར་དཔྱིད་ར་དབོ་ཟླ། གསུམ་པའི་ཉའི་བར་དཔྱིད་འབྲིང་ནག་པ། བཞི་པའི་ཉའི་བར་དཔྱིད་ཐ་ས་ག  ལྔ་པའི་ཉའི་བར་དབྱར་ར་སྣྲོན་ཟླ། དྲུག་པའི་ཉའི་བར་དབྱར་འབྲིང་ཆུ་སྟོད། བདུན་པའི་ཉའི་བར་དབྱར་ཐ་གྲོ་ཞུན། བརྒྱད་པའི་ཉའི་བར་སྟོན་ར་ཁྲུམས་སྟོད། དགུ་པའི་ཉའི་བར་སྟོན་འབྲིང་དབྱུག་གམ་ཐ་སྐར། བཅུ་པའི་ཉའི་བར་སྟོན་ཐ་སྨིན་དྲུག་གི་བར་དུའོ།  །དེ་ལྟར་དུའང་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་སྐད་གཉིས་ཤན་སྦྱར་ལས།  དཔྱིད་ཟླ་ར་བ་དབོ་ནས་བརྩིའོ་གསུངས། དཔྱིད་འབྲིང་ནག་པ། དཔྱིད་ཐ་ཆུང་ས་ག་ཟླ་བ།  ཞེས་པ་ནས། སྟོན་ཐ་ཆུང་སྨིན་དྲུག དགུན་ར་བ་མགོ  དགུན་འབྲིང་རྒྱལ་ཟླ། དགུན་ཐ་ཆུང་མཆུ་ཡི་ཟླ་བ་སྟེ། ཞེས་པའི་བར་དུ་གསུངས་སོ། །དེ་རྣམས་དུས་ཚིགས་གསུམ་དུ་བྱེད་ན། མགོ་རྒྱལ་མཆུ་དབོ་བཞི་དགུན་ཏེ། ཧོར་ཟླ་བཅུ་པའི་བཅུ་དྲུག་ནས་གཉིས་པའི་བཅོ་ལྔའི་བར་རོ། །ནག་པ་ས་ག་སྣྲོན་ཆུ་སྟོད་རྣམས་དཔྱིད་དེ།  གཉིས་པའི་བཅུ་དྲུག་ནས་དྲུག་པའི་བཅོ་ལྔའི་བར་རོ།  །གྲོ་ཞུན་ཁྲུམས་ཐ་སྐར་སྨིན་དྲུག་རྣམས་སྟོན་ཏེ། ཧོར་ཟླ་དྲུག་པའི་བཅུ་དྲུག་ནས་བཅུ་པའི་བཅོ་ལྔའི་བར་རོ། །གལ་ཏེ་ཟླ་བ་དེ་དག་ཡར་ངོ་སྔོན་འགྲོ་བྱེད་ན་ཚེས་གཅིག་ནས་སུམ་ཅུའི་བར་ཏེ། མགོ་ཟླ་ལྟ་བུར་མཚོན་ན་ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་གནམ་གང་གི་བར་རོ། །དེ་ལྟར་ན་ཉ་སྐར་རྣམས་ཟླ་བ་དེའི་དཀྱིལ་དུ་འཆར་ཏེ། འདི་ལ་རིལ་ཚེས་ཞེས་བྱའོ། མདོར་ན་རིལ་ཚེས་ལ་ཧོར་ཟླ་བཅུ་གཅིག་པ་རིལ་པོ་མགོ་ཟླ་ཡིན། ཕྱེད་ཚེས་ལ་དེའི་བཅུ་དྲུག་ནས་རྒྱལ་ཟླ་ཟུག་པ་སྟེ་དེས་ཀུན་ལ་འགྲེའོ།།དེ་ལྟར་ཡང་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་རྩིས་སྐོར་ནོར་བའི་ཕྲེང་བ་ལས། དཔྱིད་ཟླ་ར་བ་དང་དབོ་ཟླ་བ་དང་རྒྱ་གར་སྐད་ཀྱི་ཕཱལྐུ་ན་ཞེས་པ་གསུམ་པོ་ངོ་བོ་གཅིག་པ་ནས་དགུན་ཐ་ཆུང་དང་མཆུ་ཟླ་བ་དང་ཨཱ་བྷ་ཞེས་པ་དོན་གཅིག་པའི་བར་དུ་རེའུ་མིག་ཏུ་སྤེལ་ནས་འདི་ལྟར་གསུངས་ཏེ། འདི་རྒྱ་གར་པའི་ཡུལ་ལུགས་ཡོངས་གྲགས་འཆི་མེད་མཛོད་ནས་གསུངས་པ་སྟེ། མདོ་འདུལ་ནས་དཔྱིད་ར་འབྲིང་སོགས་ཀྱི་ཐ་སྙད་གསུངས་པ་འདི་དང་མཐུན་པར་བྱ་དགོས་ལ། ཉ་སྐར་དེ་ལའང་མར་ངོ་སྔོན་འགྲོའི་དབང་བྱས་ཚེས་བཅོ་ལྔའི་ཉ་སྐར་དེ་ཟླ་བ་དེ་རྫོགས་པའི་དབང་དུ་བྱས་པ་བསྟན་བཅོས་པའི་ལུགས་ཡིན་ལ། ཡར་ངོ་སྔོན་འགྲོའི་ཉ་སྐར་ཟླ་བ་དེའི་དཀྱིལ་སྒང་ཡིན་པ་འཇིག་རྟེན་པའི་ལུགས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཟླ་བ་རྣམས་ཀྱི་ཐ་སྙད་ལེགས་པར་ངེས་པར་བྱས་ནས། སྐབས་འདིར་མཛོད་ལུགས་ཀྱི་ལོ་མགོ་མགོ་ཟླ་བ་ནས་འཛིན་པའི་སྒྲུབ་བྱེད་དངོས་ནི། མཛོད་ལུགས་ཀྱི་ལོ་མགོ་ཆོས་ཅན། ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་གཟུང་བ་ཡིན་ཏེ། རྩ་བར་དགུན་རྣམས་ཀྱི་ནི་བཞི་པ་ལ། །ཞེས་པའི་བཞི་པ་འདི་དཔྱིད་རའམ་དབོ་ཟླ་ཡིན་པའི་ཕྱིར་རོ། །ཁྱབ་སྟེ༑ དབོ་ཟླ་དགུན་གྱི་བཞི་པ་ཡིན་ན། མཆུ་དགུན་ཟླ་གསུམ་པ་དང་། རྒྱལ་གཉིས་པ། མགོ་དགུན་ཟླ་དང་པོ་ཡིན་དགོས་པའི་ཕྱིར་དང་། དུས་ཚིགས་རྣམས་ཀྱི་དང་པོའང་དགུན་གྱི་དུས་ཡིན་པ་དང་།  ཟླ་བའི་མགོ་མར་ངོ་ཚེས་གཅིག་ནས་གཟུང་དགོས་པའི་ཕྱིར་རོ། །དེ་དག་རེ་རེ་ནས་གྲུབ་སྟེ།  དགུན་རྣམས་ཀྱི་བཞི་པ་འདི་དཔྱིད་ར་ཡིན་པར་ནི། རང་འགྲེལ་ལས། དབྱར་རྣམས་ཀྱི་ཟླ་བ་གཉིས་པ་སྟོན་ཟླ་ར་བ་ཡར་གྱི་ཚེས་དགུ་ནས་མཚན་མོ་རིང་ངོ་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུར་འགྱུར་རོ། །དེ་བཞིན་དུ་དགུན་རྣམས་ཀྱི་ནི་ཟླ་བཞི་པའི་ཐ་མའི་ཚེས་དགུ་ནས་ཐུང་ངུར་འགྱུར་རོ། །ཞེས་བྱ་བར་སྦྱར་ཏེ། དཔྱིད་ཟླ་ར་བ་ཡར་ངོའི་ཚེས་དགུ་ནས་སོ། །ཞེས་གསུངས་སོ། །རང་འགྲེལ་གྱི་འགྱུར་གཞན་ལས། དབྱར་གྱི་གཉིས་པ་དབྱར་ཐ་ཆུང་དང་དགུན་གྱི་བཞི་པ་དགུན་ཐ་ཆུང་དུ་བསྒྱུར་བའང་སྣང་མོད།  དོན་ལ་ཧོར་ཟླ་གཉིས་པ་དང་བརྒྱད་པ་ཡིན་པར་བཟུང་སྟེ། དབོ་ཟླ་དང་ཁྲུམས་ཟླ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གདགས་པ་ལའང་སྡེ་དགེའི་པར་སོགས་ལས།  དགུན་གྱི་བཞི་པ་དགུན་ཟླ་ཐ་ཆུང་དུ་གསུངས་ཀྱང་གཞན་ལས་དཔྱིད་རར་ཡང་གསུངས་པས་ཕྱི་མ་ལྟར་དུ་བྱ་དགོས་ཏེ། ལོ་ཆེན་གྱི་ཞལ་ནས། དེ་ལྟར་ན་གདགས་པའི་ལུང་འདི་ལ་དཔེ་ཁ་ཅིག་ཏུ། དཔྱིད་ཟླ་ར་བ་ཡར་ངོའི་ཞེས་པ་ལ་དགུན་ཟླ་ཐ་ཆུང་ཞེས་དང་ཕྱོགས་གླང་དང་། འདུལ་བཟང་དང་། རྒྱལ་སྲས་ལ་སོགས་ལས་ཀྱང་དཔྱིད་ར་ལ་དགུན་མཐའ་དང་སྟོན་ར་ལ་དབྱར་ཐ་ཞེས་མི་གཅིག་པ་འགའ་རེ་སྣང་ཡང་། རང་འགྲེལ་རྒྱ་དཔེར། དཔྱིད་ར་བའི་སྐད་དོད་དུ་ཕཱལྐུ་ན་ཞེས་པ་དབོའི་སྐད་དོད་དང་། སྟོན་ཟླ་ར་བ་ཞེས་པ་ལ་བྷ་དྲ་ས་ད་ཞེས་པ་ཁྲུམས་ཀྱི་སྐད་དོད་ཡོད་པས།  དགུན་ཟླ་དང་དབྱར་ཟླ་ཞེས་པ་རྣམས་སོ་སོའི་ཞེ་འདོད་ལས་སྔོན་གྱི་བཀའ་བཅད་ཆེན་པོ་རྣམས་ལ་མ་བརྩིས་པར་བསྒྱུར་བའོ། །ཞེས་གསུངས་པའི་ཕྱིར་རོ། །དུས་ཚིགས་རྣམས་ཀྱི་ཐོག་མ་དགུན་ཡིན་པའང་མཛོད་འགྲེལ་ལས། དགུན་རྣམས་ཀྱི་ཟླ་བ་བཞི་དང་། དཔྱིད་རྣམས་ཀྱི་ཟླ་བ་བཞི་དང་། དབྱར་རྣམས་ཀྱི་ཟླ་བ་བཞི་སྟེ།  དེ་དག་ཟླ་བ་བཅུ་གཉིས་པོ་དེ་དག་ཞག་མི་ཐུབ་དང་བཅས་པ་ལ་ལོ་གཅིག་གོ  །ཞེས་དང་། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ནས། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་དང་། རྒྱལ་པོའི་སྲས་ཀྱིས། སངས་རྒྱས་པ་ཐམས་ཅད་ཀྱི་དུས་དང་པོ་ནི་དགུན་དག་ཡིན་ནོ།  །ཞེས་གསུངས་པའི་ཕྱིར་རོ། །ཟླ་བ་རྣམས་ཀྱི་མགོ་མར་ངོ་ཡིན་པར་ཡང་རྒྱལ་པོའི་སྲས་ཀྱིས། ཟླ་བ་ཐམས་ཅད་ཀྱང་མར་གྱི་ངོ་བོ་སྔ་སྟེ། ཞེས་དང་།  དགུན་གྱི་ཟླ་བ་ནི་སྟོན་ཟླ་ཐ་ཆུང་ཉ་ནས་དཔྱིད་ཟླ་ར་བའི་ཉའི་བར་ཡིན་ཏེ།  ཞེས་གསུངས་པའི་ཕྱིར་རོ། །འདུལ་བའི་ལུགས་ལའང་དེ་ཁོ་ན་ལྟར་ཡིན་ཏེ། མདོ་རྩ་བ་ལས། ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་པོའི་ཉའི་ཕྱི་དེ་ཉིན་པར་གྱིའོ། །དབྱར་ཟླ་ཐ་ཆུང་ཉའི་འོ། །ཞེས་གསུངས་པའི་རྒྱ་དཔེ་ལས། ཚེས་གཅིག་ལའོ། །ཆུ་སྟོད་ཅན་གྱི་བར་མ་ཆད་པའི་འོ། །ཡང་ན་གྲོ་ཞུན་ཅན་ལས་སོ། །ཞེས་གསུངས་པར་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་གཞི་གསུམ་ཆོ་ག་ལས་གསུངས་ཤིང་། མེ་ཏོག་ཕྲེང་རྒྱུད་ལས་ཀྱང་། གྲོ་ཞུན་ཟླ་བའི་ཚེས་གཅིག་ནས། །སྔ་མའི་དབྱར་ནི་དེ་གཙོ་ཡིན། །དེ་བཞིན་ཁྲུམས་སྟོད་ཟླ་བ་ཡི། །ཚེས་གཅིག་ཅེས་ནི་ཕྱི་མར་གྲགས། །ཞེས་ཆུ་སྟོད་དང་གྲོ་ཞུན་དང་ཁྲུམས་ཟླ་བ་རྣམས་ལ་རིམ་པ་བཞིན་དུ་དབྱར་འབྲིང་དབྱར་ཐ་སྟོན་ར་རྣམས་སུ་གསུངས་ལ་འདིར་ཡང་ཁྲུམས་ཟླ་ལ་སྟོན་རར་གསུངས་པའི་ཕྱིར་རོ། །རྒྱས་པར་འདུལ་ཊཱིཀ་ཉི་མའི་འོད་ཟེར་སོགས་ལས་ཤེས་པར་བྱའོ། །དེ་ལྟར་ལོ་མགོ་ངེས་པར་བྱས་ནས་ཉི་མ་ལྡོག་ཚུལ་ནི། དུས་འདི་གཉིས་སུ་དབྱར་དགུན་གྱི་ཉི་མ་ལྡོག་པ་ཡིན་པར་གདགས་པ་དང་རྒྱལ་པོའི་སྲས་ཀྱི་འགྲེལ་བ་ལས་ཤིན་ཏུ་གསལ་པོར་གསུངས་པས་བསྙོན་དུ་མེད་དོ། །དེས་ན་ཁ་ཅིག་གིས་མཛོད་ཀྱི་ལུང་འདིས་མཉམ་གཉིས་བསྟན་གྱི་ལྡོག་གཉིས་མ་བསྟན་ཅེས་པའང་གོང་གི་ལུང་དང་འགལ་ཞིང་རིགས་པའི་སྒྲུབ་བྱེད་ཀྱང་མི་འཐད་དེ་འོག་ཏུ་འཆད་དོ། །གལ་ཏེ་ཁ་ཅིག་འདི་སྙམ་དུ། ཧོར་ཟླ་གཉིས་པ་དང་བརྒྱད་པར་ཉི་མ་ལྡོག་པ་ནི་མི་འཐད་དེ། མངོན་སུམ་དང་འགལ་བའི་ཕྱིར་ཏེ། འདིར་ཧོར་ཟླ་ལྔ་པ་དང་བཅུ་གཅིག་པར་ལྡོག་པ་མཐོང་བའི་ཕྱིར་སྙམ་ན།  མ་ཡིན་ཏེ། ཉི་མ་ལྡོག་པའི་དུས་ཚིགས་ཡིན་ན་རང་ཅག་བོད་ལ་སྣང་བ་འདི་ཁོ་ན་ལྟར་ཡིན་མི་དགོས་ཏེ། དུས་འཁོར་ལས་གླིང་སོ་སོའི་ལྡོག་ཚད་གསུངས་པ་ལྟར་ཡིན་པའི་ཕྱིར་དང་། གདགས་པ་དང་མཛོད་ཀྱི་ཉི་ལྡོག་བོད་ཀྱི་དུས་ཚིགས་ཁོ་ན་དང་བསྒྲིགས་ཏེ་གསུངས་པ་ཡིན་པར་ཡང་མི་འགྲུབ་པའི་ཕྱིར་རོ། །ཡང་མཁས་པ་ཆེན་པོ་དག་ན་རེ། ལྡོག་ཚིགས་འདི་སོར་བཞག་ན་ཚངས་ཐིག་གི་ཉི་ལྡོག་ལས་ཀྱང་ནུབ་ཏུ་ཆེས་རིངས་པས་དོན་ལ་ཅུང་ཟད་མི་འཚམས་པས་ཧོར་ཟླ་དགུ་པའི་ཕྱེད་ཕྱི་མ་ནས་ལོ་མགོ་གཟུང་ལ། ཧོར་ཟླ་དང་པོ་དང་བདུན་པའི་ཚེས་བརྒྱད་ལ་ལྡོག་ཅེས་གསུངས་མོད། མཛོད་ཀྱི་ལྡོག་ཚིགས་ཚངས་ཐིག་ལས་ནུབ་ཏུ་ས་ཚིགས་མང་པོ་བརྒལ་བ་བདེན་ཀྱང་དེ་བརྒལ་མི་རུང་བའི་རྒྱུ་མཚན་མ་མཐོང་སྟེ། ཉི་ལྡོག་འདི་ལྷོ་གླིང་དབུས་མའི་ཚངས་ཐིག་གི་སྟེང་ངམ་དེ་དང་ཉེ་བ་ཁོ་ནར་བསྒྲིགས་ཏེ་གསུངས་དགོས་པའི་ངེས་པའང་མི་འགྲུབ་པའི་ཕྱིར་དང་། གལ་ཏེ་གྲུབ་ཏུ་ཆུག་ཀྱང་མངོན་པ་ལས་གསུངས་པའི་རྣམ་བཞག་རྣམས་རང་ཅག་ལ་དེ་ཁོ་ན་ལྟར་དུ་སྣང་བའི་ངེས་པའང་མེད་དེ། རི་རབ་དང་ལྕགས་རི་ལ་སོགས་པ་བཞིན་དུ་གདུལ་བྱའི་བསམ་པ་ལ་ལྟོས་ནས་གསུངས་པ་ཡིན་སྲིད་པའི་ཕྱིར་རོ། །མདོར་ན་མངོན་པ་ནས་གསུངས་པའི་རྣམ་བཞག་རྣམས་རང་ཅག་གི་མངོན་སུམ་དང་རྣམ་པ་ཀུན་ཏུ་བསྒྲིག་དགོས་རྒྱུ་ཞིག་ཡིན་ན་ཆེ་ས་ནས་རི་རབ་དང་རོལ་མཚོ། ཆུང་ས་ནས་ཆུ་བོ་གངྒཱ་སོགས་ཀྱིས་མཚོ་མ་དྲོས་པ་ལ་བསྐོར་བ་བདུན་བདུན་བྱེད་པ་སོགས་ཐམས་ཅད་བསྒྲིག་དགོས་ཀྱི། ཉི་ལྡོག་ཁོ་ན་བསྒྲིགས་པས་ཅི་ཞིག་ཕན། གལ་ཏེ་དེ་དག་ནི་གདུལ་བྱའི་བསམ་པའི་དབང་གིས་སོ་ཞེ་ན།  ཤིན་ཏུ་ཐུགས་མད་དེ། ཉི་ལྡོག་ཀྱང་དེ་ཁོ་ན་བཞིན་དུ་བལྟ་བར་བྱ་དགོས་ཏེ། རྒྱུ་མཚན་སྒོ་ཀུན་ནས་མཚུངས་པའི་ཕྱིརརོ། །དེ་བཞིན་དུ་མངོན་པ་དང་དུས་འཁོར་གྱི་ཁྱད་པར་དག་ཀྱང་དེ་དང་འདྲ་སྟེ་འགྲེལ་ཆེན་དྲི་མེད་འོད་ལས་གསུངས་པ་ལྟར་རོ། །དེའི་ཕྱིར་མངོན་པ་ནས་གསུངས་པའི་རྣམ་བཞག་འདི་དག་ད་ལྟའི་མངོན་སུམ་ཁོ་ན་དང་བཙན་སྦྱོར་གྱིས་སྒྲིག་པ་ལ་དགོས་པ་ཅི་ཡང་མེད་པས་བདེ་བར་གཤེགས་པའི་དགོངས་པ་ཟབ་མོ་ལ་བློ་ཁ་ཕྱོགས་པར་བྱས་ན་བློ་གསར་བུ་པ་དག་ལ་བློ་གྲོས་ཀྱི་སྒོ་གསར་པ་ཞིག་འབྱེད་པར་འགྱུར་རོ། །དེས་ན་ལོ་མགོ་དང་ལྡོག་ཚིགས་དེ་ལྟར་བྱས་ན་འདུལ་མངོན་གཉིས་ཆར་གྱི་གཞུང་གི་དངོས་བསྟན་དང་ཤིན་ཏུ་མཐུན་པར་ཤེས་པར་བྱའོ། །ངེས་པའི་དོན་ནི་དུས་ཀྱི་འཁོར་ལོ་ལས་གསུངས་པའི་གཟའ་སྐར་གྱི་བགྲོད་པ་ལ་སོགས་པ་དག་སྟེ། རྟག་ལོངས་དང་རྐང་ལོངས་སོགས་ཤིན་ཏུ་དག་པས་དེ་དག་གིས་བརྩིས་པའི་གཟའ་རྣམས་ཀྱི་བགྲོད་ཚུལ་དེ་མིག་སྐར་གྱིས་མངོན་སུམ་དུ་ཡང་དག་པར་གྲུབ་པ་ཁོ་ན་ཡིན་པའི་ཕྱིར་རོ། །


འབྲེལ་ཡོད་འོས་སྦྱོར།