logo

མག་པའི་རྣ་འབྱོག་འཐོག་པ།

རྩོམ་པ་པོ།:《མང་རའི་ཡུལ་གྱི་གཉེན་སྲོལ》ལས་བ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-12 ཀློག་གྲངས།:
       ཡང་བར་བ་རྒན་པོས། རས་གོས་སྐ་རགས་དང་ཐེར་མ་ཡུག་གཅིག་བླངས་ཏེ་སྟེང་ལ་སྒོར་སུམ་བརྒྱ་བཞག་སྟེ་འདི་ལྟར་བཤད་པ་ཡིན།
ཡ  མ་སྲུ་ཆེ་རྒན་ཚོས་དེ་འདྲ་མ་ཞིག་བཤད་མི་ཉན་ཀི
ཁྱོད་ཚང་མ་སྲུ་ཆེ་རྒན་རྣམས་ལ།
བགོས་ན་སྐལ་ཅན།
བཤད་ན་མིང་ཅན།
ཤོམ་ན་མདོག་ཅན།
བོས་ན་གྲལ་ཅན་ཞིག་ཡིན་པ་རེད།
ངེད་ག་ཚང་མིང་ཆག་སྐམ་པོ་དགུང་ལ་གྲགས་རུང་།
སྒམ་སུག་བཞི་ནང་ན་འབྲུ་ཉུང་ནོ།
ཞིང་རི་མའི་ནང་ན་རྩྭ་མེད་ནོ།
སྒོ་གྲུ་བཞི་ཐང་ན་ཕྱུགས་མེད་ཀྱང་རུང་།
སྟོད་དབུས་ཚང་ཡུལ་གྱི་ཕྲུག་ལོས་དགོས།
ན་ནིང་སྟོད་རྒྱ་གར་ཡུལ་གྱི་ཕྲུག་འཐག་ཟིག
ཕྲུག་གཅིག་རུང་ཐིག་ལེ་མི་གཅིག་ནི།
དེ་འཐག་རུང་བླ་མའི་ན་བཟའ་འབུལ་བཏང་།
སྨད་རྒྱ་ནག་ཡུལ་གྱི་གོས་འཐག་ཟིག །
གོས་གཅིག་རུང་རི་མོ་མི་གཅིག་ནི་འཐག་ཟིག །
ཆོས་བཀའ་བསྟན་གཉིས་ལ་དཔེ་ཐུམ་འབུལ་བཏང་། །
སྐུ་རྒྱལ་བོད་ཀྱི་རས་འཐག་ཟིག །
རས་གཅིག་རུང་ཁ་ཚར་མི་གཅིག་ནི། །
ན་ནིང་འཐག་ནས་ད་ལོ་བླངས་ང་། །
རྒྱུ་སྤུན་མི་གཅིག་འཐག་རན་སོང་ཡོད། །
ཁ་མདོག་མི་གཅིག་ཚོན་གྱིས་བརྒྱན་ཡོད། །
འདོམ་གྱིས་འཇལ་ན་འདོམ་གྱིས་ལོངས་ང་། །
ཞེང་གིས་འཇལ་ན་ཞེང་གིས་ལོངས་ང་། །
གནམ་སྔོན་པོ་ཡོལ་བས་བསྒྲིབས་ལ། །
ས་དོག་མོ་ཧྲག་སེ་ཁེབས་ལེ་འདུག་པ། །
རི་ཆེན་ཞིག་གི་སྒང་ནས་བཤིག་ན། །
ཐང་ཆེན་ཞིག་གི་ཁུག་ལ་ཐོན་ན། །
ཐང་ཆེན་ཞིག་གི་ཁུག་ནས་བཤིག་ན། །
ཆུ་ཆེན་ཤིག་གི་ཟམ་པ་ཉན་ལ། །
འདི་ཁྲོམ་པའི་གྲལ་ནས་བཤིག་ན། །
མ་སྲུ་བརྒྱ་ཐམ་པ་བོ་དཀྲིས་གསུམ་རྒྱག་བ། །
རྟ་འདོ་བ་བརྒྱ་ཡི་ཚབ་ཉན་ན། །
རྟ་འདང་དང་རྟེའུ་འདང་ཡོད་དགོས། །
མཛོ་ཁྱུང་དཀར་བརྒྱ་ཡི་ཚབ་ཉན་ན། །
བེའུ་འདང་དང་མཛོ་འདང་ཡོད་དགོས། །
ལུག་གཡང་དཀར་བརྒྱ་ཡི་ཚབ་མནོན་ན། །
ལུག་འདང་དང་གཡང་འདང་དགོས། །
ཁྱོད་ཀ་མ་སྲུ་ཆེ་རྒན་བརྒྱ་ཐམ་ལ་འདི་མག་པའི་རྣ་འབྱོག་ཉོ་བྱེད་ཡིན་པས་མ་སྲུ་རྣམས་དགའ་དགོས། དགྱེས་དགོས།
       མ་སྲུ་རྣམས་ཀྱིས་གཅིག་གཅིག་གིས་རྣ་རྩར་ཤབ་ཤུབ་བཤད་དེ་ཅུང་བསྡད་རྗེས་ངེད་ཚང་མ་སྲུ་རྣམས་ལ་འདི་འདྲ་ཞིག་གིས་མི་ཆོག་མོད། བར་བ་རྒན་པོའི་ཁ་ངོ་བལྟས་ནས་ཆོག་ནས་བྱས་པ་ཨ་རོགས་ཚོ། འོ ལེགས་སོ། ། ཡ ཡ ཡ། དེ་ནི་རུས་རྒྱུད་དང་རིགས་རུས་མཐོ་བ།  བཟའ་འཐོར་མ་བྱུང་བ། བུ་བུ་མོའི་མཐའ་ནས་བསྐོར་བའི་བུད་མེད་བསམ་ཤེས་ཞིག་གིས་གོ་རེ་ཁ་རྩི་ཞིག་གི་འགོར་བལ་འདབ་བཏགས་པ་ཞིག་དང་ཁ་བཏགས་ལག་ལ་ཐོགས་ནས་བ་མར་ཅུང་ཙམ་ཞིག་མག་པའི་རྣ་ཐོག་ལ་བསྐུས་ནས་རེག་ཙམ་རེག་ཙམ་བྱས་རྗེས་རྣ་འབྱོག་བཏོག་པ་དང་མཉམ་ཏུ་ཁ་གཡང་འབོད་པ་རེད།②
གླིང་སེང་ཆེན་འདྲ་བའི་མག་ལོ་ཁྱོད། །
མི་བརྒྱའི་མགོ་ནས་བཞུགས་པ། །
རྟ་བརྒྱའི་གོང་ལ་བཞོན་པ། །
ལྕག་བརྒྱ་མགོ་ལ་སྐོར་པ། །
གཞོན་པའི་འདབ་ལག་རྒྱས་པ། །
དཔའ་བོའི་དཔའ་རྩལ་འཕེལ་ལ། །
གཡང་ཁྱིམ་གཡང་གིས་ཁེངས་བ། །
བུ་བུ་མོའི་གོ་མཐའ་སྐོར་བ། །
སྒོ་ཁ་གྲུ་བཞི་ཟོག་གིས་ཁེངས་བ།
མཛོད་ཁང་གོར་མོ་འབྲུ་ཡིས་བཀང་བ། །
ནོར་ལོངས་སྤྱོད་དཔལ་ལ་རོལ་བ། །
ཚེ་ནད་མེད་བཀྲ་ཤིས་འཕེལ་བ། །
བགེགས་བར་ཆད་མཐའ་ནས་བཟློག་པ། །
རྒས་པའི་ཚེ་ཐག་རིང་བ། །
མཐོ་བའི་དབུ་འཕང་མངོན་བ། །
བདེ་བའི་འབྲས་བུ་སྨིན་བ། །
ལས་ཀྱི་བསོད་ནམས་འཕེལ་བ། །
དཔལ་ལོ་ལམ་ལ་གྲགས་པ། །
ཕྱུགས་ཟླ་ལམ་ལ་ཁྱབ་པ། །
བསམ་ཐོག་ལ་རྟ་རྒྱུག་པ། །
འདོད་ཐོག་ལ་མདའ་འཕེན་ལ། །
བཟང་འགོ་ཉི་མས་འཁྱུད་ལས། །
ཡག་འགོ་ཟླ་བ་དྲངས་པ། །
སོང་ཤུལ་ནས་ཁ་ལས་དགེ་བ། །
བསྡད་ཤུལ་ནས་ཁ་གྱག་དར་བ། །
ལས་པའི་བྱ་ལམ་ལ་འགྲོ་བ། །
བསམ་པའི་དོན་འགྲུབ་པ། །
བཀྲ་ཤིས་གཡང་གི་བཀྲ་ཤིས་ཤོག །     
       འབྲོག་ཁུལ་ན་བུ་རེས་རྩོད་པ་དང་བོ་ཤ་རྒྱུག་པའི་ཆོ་ག་འདུག་ཅིང་རོང་ཁུལ་ན་མེད་པས་མག་པའི་རྣ་འབྱོག་བཏོག་ཚུལ་དང་ཕལ་ཆེར་ཆ་འདྲ་སྟེ་ལོ་རྒྱུས་ཀྱི་འཕེལ་རིམ་ལས་བྱེད་སྒོ་མི་གཅིག་པ་སོ་སོར་གྱེས་རེད་སྙམ།
མཆན་འགྲེལ།
①སྔར་བོད་ལ་དར་གོས་འཐག་པའི་ལག་རྩལ་དར་མེད་པར་ཁ་བཏགས་དོད་ལ་བལ་སྤྱོད་སྲོལ་ནི་བོན་ལུགས་ལ་དར་བ་ཡིན།  གནམ་གྱི་ཁྲི་བདུན་གྱི་སྐབས་སུ་མ་རྒྱུད་རིགས་རྒྱུད་སྤྱི་ཚོགས་ཀྱི་གནས་བབས་ཡིན་ལ། སྤུ་དེ་གུང་རྒྱལ་རིང་ཕ་རྒྱུད་རིགས་རྒྱུད་སྤྱི་ཚོགས་སུ་ཐོན་པའི་རྟགས་མཚན་མངོན་ལ། གཉེན་སྒྲིག་བྱེད་པའི་སྤྱི་ཚོགས་ལམ་ལུགས་ཙམ་ཆགས་འདུག  སྐབས་དེར་འཕྲུལ་གཤེན་བལ་ཐོད་ཅན་ཞེས་གཤེན་གྱི་གདུང་རྒྱུད་ཀྱི་བྱིས་པ་ཞིག་ལ་བོང་བུའི་རྣ་བ་ཅན་ཞིག་བྱུང་བས་དེའི་རྣ་བ་སྒྲིབ་བྱེད་དུ་བལ་གྱི་ཐོད་བཅིངས་པར་གྲགས་པ་དེ་ད་ལྟ་རོང་འབྲོག་ས་ཁུལ་ཏུ་ལོ་སར་དང་དུས་སྟོན་ལ་ཆང་དམ་བི་དང་ཆང་སྣོད་ལ་བལ་དཀྲིས་པའི་སྲོལ་ལས་ཁ་བཏགས་དར་བ་ཡིན་ཞེས་བརྗོད་བཞིན་འདུག དམངས་ཁྲོད་དུ་མག་པའི་རྣ་འབྱོག་བཏོག་པའང་དེ་དང་འབྲེལ་བ་ཆེན་པོ་ཡོད་སྙམ་སྟེ་མག་པའི་རྣ་འབྱོག་བོང་བུའི་རྣ་ལྟར་ཆེ་ན་མཚན་མི་ལེགས་པ་དང་ལྟས་ངན་པ་ཡིན་ཁར་བལ་གྱིས་བསྒྲིབས་པའམ་ཁ་བཏགས་དང་གོ་རེ་ཁ་རྩི་ལ་བལ་འདབ་བཏེགས་པར་བརྟེན་ནས་བཏོག་ཚུལ་ནི་རྟེན་འབྲེལ་གྱི་ཆེད་ཡིན་ཤོས་ཆེའོ། །
②མག་པའི་རྣ་འབྱོག་བཏོག་ཚུལ་ལ་དུས་མི་འདྲ་བ་གཉིས་སྣང་སྟེ་བག་མ་ལེན་དུས་ཀྱི་དགོང་མོར་བཏོག་པ་ཞིག་དང་བག་མ་སྐྱེལ་ནས་ཕྱིར་ལོག་པའི་དགོང་མོར་བཏོག་ཚུལ་ཞིག་ཡོད། མང་ཆེ་ཤོས་ཀྱིས་བག་མ་ལེན་དུས་ཀྱི་དགོང་མོ་དེར་འཐོག་བཞིན་འདུག

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།