དབུས་གཙང་ཁུལ་གྱི་གཉེན་བཤད་རགས་བསྡུས།
བཞི་པ། ནང་མི་དང་འབྲེལ་བའི་གཉེན་མིའི་བཤད་པ།
༡ ཁྱོ་བོའི་བཤད་པ།
འཛམ་གླིང་སགཞི་ཀུན་ལ་དབང་བསྒྱུར་བ། སྔོན་བསགས་བསོད་ནམས་སྟོབས་ལས་ལེགས་བསྐྲུན་པའི། གཟུགས་སྐུ་ཉི་མ་ལྟ་བུའི་གཟི་བརྗིད་ཅན། ལྷ་སྲས་གཞོན་ནུའི་མཛེས་སྡུག་དཔལ་གྱིས་ནི། གངས་རིའི་མདངས་འཕྲོག་རབ་དཀར་སེང་གེ་འདྲ། སེང་གེ་གངས་རི་འགྲིམས་ལྟར་བརྟན་པ་ཤོག ཁྲི་བརྟན་མི་འགྱུར་འཛམ་གླིང་གསེར་ལས་གྲུབ། གཡས་གཡོན་སེང་གེ་སྟག་པའི་ཁྲི་ཡི་སྟེང་། ཟ་འོག་རྒྱན་བཞི་དམར་སེར་སྔོ་ལྗང་དཀར། བཞུགས་འབོལ་ལྔ་ཚན་རིམ་པར་བརྩེགས་པའི་སྟེང་། འཛམ་གླིང་བོད་ཡུལ་ཁྲི་སྐོར་བཅུ་གསུམ་གྱི། འབྲུ་མཆོག་འདོད་རྒུ་ལོངས་སྤྱོད་འཁྱིལ་བའི་དབུས། ཇ་ཆང་དཔལ་ཡོན་འཛོམས་པའི་བདེ་སྐྱིད་ཀྱིས། རྟག་ཏུ་རྩེ་གར་རོལ་བའི་ཉམས་ལྡན་ནི། སྟེང་ཕྱོགས་ལྷ་ཡི་ཡུལ་ནའང་མེད་དོ་ཞེས། འདིར་ཚོགས་གྲལ་ཞུགས་རྣམས་ཀྱིས་ཡང་ཡང་ལྒིང་། དེ་རིང་ཕུན་སུམ་ཚོགས་པའི་དུས་ཀྱི་ཆར། མི་ནོར་ཟས་གོས་ཐམས་ཅད་དབང་དུ་འདུས། རྒྱལ་སྲིད་རིན་ཆེན་སྣ་བདུན་དཔལ་གྱིས་བརྒྱན། བཀྲ་ཤིས་རྟགས་བརྒྱད་ཀྱིས་ཚོན་དར་དཀར་འདི། ལྷ་སྲས་ཁྱེད་ཀྱི་རྒྱན་དུ་འབུལ། ཡང་ན། ཨོཾ་སྭ་སྟི། བདེ་ལེགས་སུ་འཕེལ་གྱུར་ཅིག ཕ་ལ་བུ་སྐྱེས་ གེ་སར་དཔའ་བོའི་རྒྱུད། དགྲ་མགོ་འདུལ་བཞིན་དཔའ་བོའི་རྒྱུད། གཉེན་མགོ་སྐྱོང་བཞིན་དཔའ་བོའི་རྒྱུད། ཨ་མའི་དགྲ་ འདུལ་གཉེན་སྐྱོང་ལ། མགུལ་དར་གཅིག་འབུལ། ཕོ་རབ་ལ་བལྟས་ན་འགོ་ཁྲིད་ཡོད། རི་བོ་འདྲ་བའི་ཚུགས་གཅིག་ཡོད། རྒྱ་མཚོ་འདྲ་བའི་ཀླད་གཅིག་ཡོད། གཙང་ཆབ་འདྲ་བའི་གཞུང་གཅིག་ཡོད། ཉི་ཟླ་འདྲ་བའི་བཀྲག་གཅིག་ཡོད། བུ་གེ་སར་རྒྱལ་པོ་དང་དབྱེར་མེད་ལ། མགུལ་དར་འབུལ། སྤྱང་གྲུང་འཛོམས་ལ་ཁྲ་ཡི་བུ། ཆུང་ལ་མཚརཔ་པ་པདྨའི་མེ་ཏོག་འདྲ། བུ་ཆུང་ལྷ་བུ་དར་པོ་དང་དབྱེར་མེད་ལ། མགུལ་དར་འདི་འབུལ་ལོ།
༢ མནའ་མའི་བཤད་པ།
ཨོཾ་སྭ་སྟི། བདེ་ལེགས་སུ་འཕེལ་གྱུར་ཅིག དེ་རིང་གཟའ་སྐར་མཆོག་ཏུ་དགའ་བའི་ཉིན། ཕུན་སུམ་ཚོགས་པའི་ ལྷ་རྫས་ཟ་འོག་འབོལ། བཀྲ་ཤིས་གཡུང་དྲུང་འཁྱིལ་བའི་གདན་སྟེང་ན། མཐོང་ན་མི་མཐུན་མེད་པའི་ལང་ཚོ་ནི། སྟེང་ཕྱོགས་ལྷ་མོའི་གཟུགས་སུ་ཤར་བ་ལྟར། གཟུགས་མཛེས་བལྟས་ན་སྡུག་ཅིང་ཚུལ་བཟང་མ། ལེགས་པའི་མདོག་དང་འཇམ་པའི་དྲི་མཆོག་ལྡན། ཡིད་འོང་འདོད་རྒུ་རེག་བྱ་སོགས་ཚང་བའི། བཙུན་མོ་རིན་ཆེན་ལྟ་བུ་གང་ཉིད་ལ། སྔོན་དུ་བཀྲ་ཤིས་གྲོ་སོ་ ཕྱེ་མར་འབུལ། བདེ་ལེགས་རྟགས་མཚན་གཡང་ཊའི་ཞལ་དཀར་ནང་། འཛམ་གླིང་རྩི་ཏོག་སྙིང་པོ་བདུད་རྩིའི་བཅུད། རྒྱ་གར་བལ་བོད་བཟའ་ཆའི་བཏུང་བ་སོགས། ཕུན་སུམ་ཚོགས་པ་བྱུར་བུར་བཀང་སྟེ་འབུལ། བཀྲ་ཤིས་རྟགས་བརྒྱད་རི་མོས་བརྒྱན་པ་ཡི། རྒྱལ་དར་དཀར་མོ་ནང་མཛོད་དྲི་མེད་འདི། མགུལ་དུ་འབུལ་བས་དགེ་ལེགས་གོང་འཕེལ་ཤོག ཡང་ན་ཨོཾ་སྭ་སྟི། བདེ་ལེགས་སུ་འཕེལ་གྱུར་ཅིག ཡར་བལྟས་ལྷ་ཡི་སྲས་མོ་འདྲ། མར་བལྟས་ཀླུ་ཡི་སྲས་མོ་འདྲ། བཞེངས་ ཟེར་ན་ཐང་ཞང་བཀྲམ་པ་འདྲ། བཞུགས་ཟེར་ན་གུར་ཁང་ཕུབ་པ་འདྲ། རྒྱབ་གང་བལྟས་སྐྲ་ལོའི་བསིལ་ལྗང་མ། མདུན་གང་ བལྟས་སོ་དཀར་འཛུམ་ལེགས་མ། ཕར་འགྲོ་ཁྲ་ཆུང་མིག་གིས་སྐྱེལ་ཤེས་མ། ཚུར་ཡོང་སོ་དཀར་འཛུམ་གྱིས་བསུ་ཤེས་མ། ཨ་ཅེ་ལྷ་གཅིག་རྒྱ་བཟའ་དང་དབྱེར་མེད་ལ། བཀྲ་ཤིས་ཀྱི་མགུལ་དར་གཅིག་འབུལ་ལོ།
༣ བུའི་ཡབ་ཀྱི་བཤད་པ།
གཙང་གཡས་རུ་ཕུན་སུམ་ཚོགས་པའི་སར། དཔལ་རྩལ་དྲུག་འཛོམས་ཤིང་ངང་རྒྱུད་རིང་། མི་གཞན་གྱིས་མཐོང་བའི་མོད་ཉིད་ལ། ཕོ་སྐྱེས་པ་ཀུན་གྱི་དགྲ་ལྷ་འདྲ། དམན་བུ་མོ་སེམས་ཡིད་འཕྲོག་པ་ཡི། ཡབ་རྒྱལ་པོ་འདི་ནི་ངོ་མཚར་ཆེ། བརྟན་མི་འགྱུར་གསེར་ཁྲི་ཆེན་པོའི་སྟེང་། རྒྱན་གོས་བཀྲ་ཤིས་འབོལ་གདན་བཏིངས། གཡང་ཆགས་པ་གྲོ་ཡི་གཡུང་དྲུང་འཁྱིལ། ཡབ་རྒྱལ་པོ་མི་འགྱུར་བརྟན་པར་བཞུགས། ཡབ་རྒྱལ་པོ་སྐུ་གཟུགས་གངས་རི་འདྲ། གངས་རི་ལ་ཉི་ཟེར་འཕོག་པ་བཞིན། དཀར་དམར་གྱི་མདངས་ལྡན་ཟླ་བ་འདྲ། ཞྭ་ལྷམ་སོགས་ན་བཟས་བརྒྱན་ཙ་ན། བཀྲ་ཤིས་པའི་རྟགས་བརྒྱད་བུམ་པ་འདྲ། དར་མཚོན་སྣ་ལྔ་ཡི་བརྒྱན་པ་འདྲ། སྙན་རྒྱན་དང་མགུལ་རྒྱན་རིན་ཆེན་སོགས། སེང་གེ་ལ་སོགས་གཡུ་རལ་རྒྱས་པ་འདྲ། ཡབ་རྒྱལ་པོའི་དབུ་ཞྭ་འབོར་སེར་འདི། ཤར་གསེར་རིའི་རྩེ་ལ་ཉི་ཤར་འདྲ། བཀྲ་ཤིས་འདོད་རྒུ་འཛོམས་པའི་དུས་དེ་རིང་། བཀྲ་ཤིས་རྟགས་བརྒྱད་ཀྱིས་མཚོན་པའི་ལྷ་དར་འདི། བཀྲ་ཤིས་ཡབ་རྒྱལ་མགུལ་དུ་ ཕུལ་བ་ཡིས། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་ཤོག ཡང་ན། ཨོཾ་སྭ་སྟི། བདེ་ལེགས་སུ་འཕེལ་གྱུར་ཅིག ཡབ་ཆེན་ཁྱེད་དང་རི་རྒྱལ་ལྷུན་པོ་འདྲ། ད་ལས་དགའ་ན་དགའ་དུས་མེད། གངས་དཀར་མཐོ་ལ་ཉི་མ་ཤར། ད་ལས་སྐྱིད་ན་སྐྱིད་དུས་མེད། ཕོ་བྲང་ནང་དུ་བུ་ནོར་འཛོམས། ཡབ་ཆེན་ཀུན་བཟང་བདེ་ཆེན་དང་དབྱེར་མེད་ལ། བཀྲ་ཤིས་པའི་མགུལ་དར་འདི་འབུལ་ལོ། ཡང་ན། མི་རྒྱུད་ལ་བལྟས་ནས་གཉེན་སྒྲིག ཆུ་བགྲོད་ལ་བལྟས་ནས་ཟམ་པ་བརྒྱབ། རིགས་རྒྱུད་ལ་བལྟས་ནས་དར་འཐེན། ངའི་ལག་ཏུ་ཡོད་པའི་དར་དཀར་འདི། དར་རྩེ་ལ་བཀྲ་ཤིས་རྟགས་བརྒྱད་ཡོད། དར་དཀྱིལ་རྒྱལ་ སྲིད་སྣ་བདུན་ཡོད། དར་གཤམ་ལ་མུ་ཏིག་འཛབས་ཛོབ་ཡོད། རྒྱུ་དེ་གསུམ་འཛོམས་པའི་དར་དཀར་འདི། དེ་རིང་ ཡབ་ཆེན་ཁྱེད་ལ་འབུལ། ཚེ་རིང་ལྷ་དང་མཉམ་པ་ཤོག རྒྱུ་ནོར་ཀླུ་ལྟར་འཁོར་བར་ཤོག
༤ བུའི་ཡུམ་ལ་དར་འབུལ་བའི་བཤད་པ།
ཨོཾ་སྭ་སྟི། བདེ་ལེགས་སུ་འཕེལ་གྱུར་ཅིག ཕུན་སུམ་ཚོགས་པའི་རིན་ཆེན་གཡུ་ཁྲིའི་སྟེང་། བཀྲ་ཤིས་གོས་བཟང་ ལས་གྲུབ་འབོལ་གདན་ལ། ཡུམ་ཆེན་ཨ་མ་མི་འགྱུར་བརྟན་པར་ཞུགས། འབྲས་ཆང་བསིལ་མ་བདུད་རྩིའི་བཏུང་སྣོད་འདི། ཤར་ཕྱོགས་རྒྱལ་ཁབ་ཆེན་པོའི་བང་མཛོད་ནས། ཐོན་པའི་བཀྲ་ཤིས་དཀར་སང་ཡུ་རིང་ཡིན། འདིའི་ནང་བྱུག་བུར་བདུད་རྩིའི་བཅུད། བདེ་ལེགས་བཏུང་བའི་ཕྱོགས་འདི་དགྱེས་བཞེས་ནས། རྟག་ཏུ་བདེ་སྐྱིད་གླུ་ལེན་བཀྲ་ཤིས་ཤོག རབ་དཀར་བཀྲ་ཤིས་རྟགས་མཛེས་དར་དཀར་འདི། ཡུམ་ཆེན་ཨ་མའི་བདེ་ལེགས་རྒྱན་དུ་འབུལ། ཡང་ན། ཨོཾ་སྭ་སྟི། བདེ་ལེགས་སུ་འཕེལ་གྱུར་ཅིག ཡུམ་ཆེན་ཉིད་ནི་མ་ཕམ་གཡུ་མཚོ་འདྲ། ཅ་ཅོའི་སྒྲོག་འདབས་མེད་པ་མེར་རེ་བཞུགས། རྒྱན་གོས་བཞེས་པའི་བཀྲག་དང་ལྡན། ཡུམ་ཆེན་ལྷ་གཅིག་ཀུན་བཟང་དང་དབྱེར་མེད་ལ། བཀྲ་ཤིས་ཀྱི་མགུལ་དར་ལེགས་པ་གཅིག་འབུལ་ལོ།
༥ བག་གཡོག་མའི་བཤད་པ།
ཨོཾ་སྭ་སྟི། བདེ་ལེགས་སུ་འཕེལ་གྱུར་ཅིག གུས་ཞབས་ཆེ་ཞིང་ཁ་ལ་ཉན། ཞབས་ཏོག་བསྒྲུབས་ཤིང་རྣམ་འགྱུར་ཡག གཡོག་མོ་འཛོམས་པ་སྐྱིད་དང་དབྱེར་མེད་ལ། བཀྲ་ཤིས་ཀྱི་མགུལ་དར་འདི་འབུལ་ལོ།
༦ མནའ་མ་སྐྱེལ་མཁན་གྱི་བཤད་པ།
རྒྱ་གར་བལ་པོས་སྐད་སྒྱུར་ལོ་ཙཱ་བ། སྒོས་མཁས་མཁས་དབང་ཐོན་མི་སམ་བྷ་ཊ། སམ་བྷ་ཊ་ཡིས་ལུས་ངག་དཀའ་སྤྱད་ཀྱིས། རྒྱ་གར་དང་ལི་ཡུལ་གནས་མཆོག་ནས། ཆོས་ཟབ་རྒྱས་མདོ་རྒྱུད་མང་པོ་ཞིག བྱང་ཁ་བའི་ཡུལ་དེར་སྤྱན་དྲངས་ལྟར། གཙང་དབུས་འགྱུར་དགོན་ཆེན་ཞིང་གཉིས་ལ། དཔལ་བཀྲ་ཤིས་ལྷུན་པོའི་ཉེ་འདབས་ཀྱི། ཡིད་བཞིན་ནོར་བུས་གང་བའི་ཁང་གསར་ནང་། ནོར་བསམ་འཕེལ་དབང་གི་རྒྱལ་པོ་ནི། གདན་འདྲེན་པ་ལོ་ཙཱ་བློན་པོ་ལ། ནོར་བསམ་འཕེལ་དེང་འདིར་སྤྱན་དྲངས་པའི། ལེགས་གསོལ་གྱི་བཀྲ་ཤིས་དར་དཀར་འབུལ། ཡང་ན། ཨོཾ་སྭ་སྟི། བདེ་ལེགས་སུ་ཕེལ་གྱུར་ཅིག ས་གཙང་མཁས་ཤིང་ས་བཅུད་ལེགས། མིག་གི་ཡུལ་དུ་བཞུགས་ཚོར་དཀར་བ་འདུག རྣ་བའི་ཡུལ་དུ་ གསུང་བཤད་སྙན་པ་འདུག ཞུགས་གྲལ་ཡོངས་ལ་ཞལ་སོ་དཀར་བ་འདུག བྲམ་ཟེ་ཟླ་བ་བཟང་པོ་དང་དབྱེར་མེད་ལ། བཀྲ་ཤིས་ཀྱི་མགུལ་དར་གཅིག་འབུལ་ལོ།
༧ བར་མིའམ་སྙིང་དགའ་བའི་བཤད་པ།
ཨོཾ་སྭ་སྟི། བདེ་ལེགས་སུ་འཕེལ་གྱུར་ཅིག བདེ་བར་ཤོག་པའི་རིང་ལུགས་བླ་ན་མེད། ཞུ་ཆེན་བས་བསྒྱུར་མེད་ཚིག་ བུར་གནས་འདུག་པས། སྐད་གཉིས་སྨྲ་བ་འབེ་རོ་ཀ་ཅོག་སོགས་ལོ་ཙཱ་བ་ཆེན་པོ་རྣམས་དང་དབྱེར་མེད་ལ། བཀྲ་ཤིས་ པའི་མགུལ་དར་གཅིག་འབུལ་ལོ། ཡང་ན། ཨོཾ་སྭ་སྟི། བདེ་ལེགས་སུ་འཕེལ་གྱུར་ཅིག རྒྱ་བོད་གཉིས་ཀྱི་ལོ་ཙཱ་བ། ཁ་ལག་ བར་གྱི་ཐུར་མ་བཞིན། ཕྱི་སྒོ་གསར་པའི་གཡའ་ཤིང་ཡིན། རྒྱ་སྐད་བོད་ལ་བསྒྱུར་མཁན་ཡིན། བོད་སྐད་རྒྱ་ལ་བསྒྱུར་ མཁན་ཡིན། རྒྱ་དར་དྲི་མེད་ཨ་ཤེལ་དེ། སེམས་བཟང་སྙིང་དཀར་བའི་རྒྱན་དུ་འབུལ། གའུ་ཨམ་ཕྲག་ཏུ་བཅུག་པའི་རྩི་ ཆག་གྲུམ་མེད་པར། གཡུ་འབྲུག་སྔོན་མོ་ལྡིར་བ་བཞིན། བཞུགས་གྲལ་འདི་རུ་ཞལ་ཤོབ་ཀྱི་ལོ་མ་འུར་ཆེམ་ཆེམ་ལྡིར་བ་ཧ་ཧ།
༨ ཨ་ཁུའི་བཤད་པ།
ཨ་ཁུ་ལགས་ནི་ནང་གི་ནོར་བུ་འདྲ། ལྷོ་ཚོང་བྱང་དང་བྱང་ཟོག་ལྷོ་ལ་དྲངས། ཟས་ནོར་གཡག་རྟས་ཕྱི་ནང་ཁོར་ཡངས་བཀང་། ནོར་བུས་བསྟན་པ་འཛིན་པའི་དར་དཀར་འབུལ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
༩ སྤོ་བོ་དང་རྨོ་བོའི་བཤད་པ།
སྤོ་བོ་ཉི་མའི་དཀྱིལ་འཁོར་འདྲ། སྔོན་རབས་འོད་འབུམ་འཕྲོ་བའི་རྟེན་དུ་འབུལ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ ཚོགས། རྨོ་བོ་ཨ་ཕྱི་ནང་གི་ནོར་བུ་འདྲ། དགོས་འདོད་འབྱུང་བའི་རྟེན་དུ་འབུལ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
༡༠ ཨ་ནེ་རྒན་གཞོན་གྱི་བཤད་པ།
ཨ་ནེ་ལགས་དང་བྱུ་རུའི་མཆོད་རྟེན་འདྲ། དམ་ཆོས་བསྟན་པ་འཛིན་པའི་ངང་ལ་བཞུགས། བཀྲ་ཤིས་བདེ་ལེགས་ ཕུན་སུམ་ཚོགས། ཨ་ནེ་གཞོན་པ་གུང་སྨན་རྒྱལ་མོ་འདྲ། གུང་སྨན་རྒྱལ་མོའི་བཀའ་དྲིན་འཁྱེར་དུས་མེད། མ་མོ་ལུ་གུའི་ དཔེ་བཞིན་བྱམས་སྐྱོང་གནང་རོགས་གནོངས། བཀྲ་ཤིས་སྤྲོ་བྱེདཕ་ལེགས་ཕུན་སུམ་ཚོགས་པ་ཤོག
༡༡ སྲས་མོའི་བཤད་པ།
སྲས་མོ་ཉིད་དང་རྒྱ་གར་རྨ་བྱ་འདྲ། རྨ་བྱ་སྒྲོ་མདོངས་ངོམས་ཤིང་ལུས་འགྱུར་མཁས། སྒྲོ་མདོངས་ཆོས་ཁ་དྭངས་ ལ་ཁ་དོག་མཛེས། སྒྲོ་མདོངས་རང་མདངས་རྒྱས་པའི་ངང་ལ་བཞུགས། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
༡༢ ལྷ་དཔོན་གྱི་བཤད་པ།
ཁྱིམ་འདིར་ཕྭ་གཡང་མ་ལུས་ཀུན། གནས་འདིར་ཁ་བ་བབས་ལྟར་འགུགས་མཛད་པའི། དམར་སེར་ན་བཟའ་བཞེས་པའི་ལྷ་དཔོན་ལ། བསྟན་འགྲོའི་རྒྱལ་མཚན་འཛུགས་པའི་དར་དཀར་འབུལ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
༡༣ མནའ་མའི་ཡབ་ཀྱི་བཤད་པ།
དངོས་རྫས་ནོར་སྐལ་གནང་བའི་ཡབ་ཆེན་ལ། བཀའ་དྲིན་རྒྱུན་ཆད་མེད་པའི་སྤྱན་མངའ་ནས། དངོས་རྫས་འདོད་ཡོན་ཐམས་ཅད་སྦྱིན་པའི་ཡབ། ཁྱད་པར་བཀའ་དྲིན་འཁོར་མེད་ཡབ་ཆེན་ལ། དཀར་འཇམ་ལྷ་ཡི་གོས་བཟང་འདི་འབུལ་ལོ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
༡༤ སྐྱེལ་མིའི་བཤད་པ།
དངོས་གྲུབ་སྒོ་སྐྱེས་ཕེབས་པའི་སྐྱེལ་དཔོན་ཁྱེད། འཆད་རྩོད་རྩོམ་ལ་འཇུག་པ་མཁས་ཤིང་མཛངས། གླུ་གར་གཉིས་ཀྱི་ ཕྱོགས་ལ་འགྲན་ཟླ་བྲལ། ལེགས་བཤད་གཏམ་གྱི་ཕྱོགས་ལ་ཉམས་རེ་བཟང་། མི་ཡི་སེང་གེ་ཁྱེད་ལ་མཇལ་དར་འབུལ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
༡༥ བསུ་མིའི་བཤད་པ།
ཀླུ་རྒྱལ་དགའ་བོ་འཇོག་པའི་བཞུགས་ཡུལ་ནས། ནོར་བུ་པང་དུ་བཞེས་པའི་བསུ་དཔོན་ཁྱེད། ནོར་བུའི་བྱིན་རླབས་ཐུགས་རྗེའི་སྨོན་ལམ་གྱིས། ཁམས་གསུམ་དབང་དུ་འདུས་པའི་དར་དཀར་འབུལ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
༡༦ ཁྲུང་འདྲེན་མའི་བཤད་པ།
སྨན་ཁྲུང་ཞུ་མ་དབྱངས་ཅན་ལྷ་མོ་ཁྱེད། གཟུགས་མཛེས་པ་ལྷོ་རོང་རྨ་བྱ་འདྲ། ལྡེམ་འཁྱུག་པ་ལྕང་གླིང་འཇོལ་མོ་འདྲ། གསུང་སྙན་པ་རྒྱ་གླིང་པི་ཝང་འདྲ། སྙན་འགྱུར་སྒྲ་དབྱངས་ཁྲོལ་བའི་དར་དཀར་འབུལ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །
གསལ་བཤད། 【གོང་གི་གཉེན་བཤད་དེ་བོད་ཀྱི་དམངས་སྲོལ་ཞིབ་འཇུག་པ་ཆེན་མོ་རྒྱང་འཁོར་ཚེ་ཕུན་ལགས་ཀྱིས་བརྩམས་གནང་བའི《བོད་ཀྱི་གཉེན་སྲོལ་རགས་གླེང》ཞེས་པའི་དཔྱད་རྩོམ་ནང་དཔེ་གཞིར་དྲངས་པའི་གཉེན་བཤད་ཐར་ཐོར་རྣམས་ལས་ཅུང་ཟད་ལེགས་གྲས་སུ་མཐོང་བ་རྣམས་ཁོ་བོས་ཁོལ་དུ་ཕྱུངས་ཏེ་བསྐྱར་བསྒྲིགས་བྱས་ནས་བཀོད་པ་ཡིན། དེའི་དམིགས་ཡུལ་ཡང་གཅིག་ནས་བོད་ཀྱི་གཉེན་བཤད་ལེགས་གྲས་རྣམས་མི་ཉམས་རྒྱུན་འཛིན་དང་། གཉིས་ནས་རྒྱ་ཆེའི་ཀློག་མཁན་རྣམས་ལ་དབུས་གཙང་ཁུལ་གྱི་གཉེན་བཤད་ལ་དགྱེས་གཟིགས་དང་མྱོང་རོལ་ཞུ་བར་བསྐུལ་བ་ཡིན། གཉེན་བཤད་དེའི་ཁ་བྱང་དང་། སྒྲིག་གཞི་སོགས་ཁོ་བོས་ གསར་དུ་བསྣན་པས་ན། མ་རྟོགས་ལོག་རྟོག་གི་སྐྱོན་ཆ་མངའ་སྲིད་པས་དགོངས་འཆར་ལྷུག་སྩོལ་ཡོད་པ་ཞུ】
རང་ཉིད་ངོ་སྤྲོད་མདོར་བསྡུས།
རང་མིང་ལ་རིན་ཆེན་ཟེར་ཞིང་སྨྱུག་མིང་ལ་རྣམ་གླིང་རིན་ཆེན་དུ་འབོད། བོད་ལྗོངས་གཞིས་རྩེ་ས་ཁུལ་གྱི་མི་ཡིན། ༢༠༡༣ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་མཐར་ཕྱིན་ཞིང་། ད་ལྟ་གཞིས་རྩེ་ས་ཁུལ་དུ་གཞུང་ཞབས་པའི་ལས་ཀ་དོན་གཉེར་བྱེད་བཞིན་ཡོད། སྔ་ཕྱིར་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དང་། སྦྲང་ཆར། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ། བོད་ལྗོངས་ཉིན་རེའི་ཚགས་པར། གཞིས་རྩེའི་ཚགས་པར། རྨ་ལྷོའི་ཚགས་པར། མཚོ་ལྷོའི་ཚགས་པར། མདོ་སྨད་ཞིབ་འཇུག མང་ཚོགས་སྒྱུ་རྩལ། སྤང་རྒྱན་མེ་ཏོག རི་བོ་ཉི་ཟླ། སྤྲིན་གྱི་མེ་ཏོག ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་སོགས་ཀྱི་ཞིང་ཆེན་དང་ས་གནས་རིམ་པའི་དུས་དེབ་དང་ཚགས་པར་ཐོག་སྙན་ངག་དང་བརྩམས་སྒྲུང་། ལྷུག་རྩོམ། དཔྱད་རྩོམ། དམངས་ཁྲོད་རྩོམ་ཡིག་སོགས་ཁྱོན༩༠ལྷག་སྤེལ་མྱོང་བའོ།།