བོད་མིའི་འཛེམ་བྱའི་སྐོར་མདོ་ཙམ་བརྗོད་པ།
བོད་མིའི་འཛེམ་བྱའི་སྐོར་མདོ་ཙམ་བརྗོད་པ།
ནང་དོན་གནད་བསྡུས། དེ་ཡང་གངས་རིའི་ཕྲེང་བའི་ཡོངས་སུ་བཀླུབས་པའི་རི་ཁ་བའི་ལྗོངས་ཀྱི་བོད་མི་རིག་འདི་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཤིག་ཡིན་པ་མ་ཟད་རང་མི་རིགས་ཀྱི་ཁྱད་ཆོོས་དང་མཐུན་པའི་འཚར་སྡུག་འོད་སྟོང་འབར་བའི་རིག་གནས་དང་ལོ་རྒྱུས་སོགས་ཀྱི་ཤིན་ཏུ་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཡིན། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཆུ་རྒྱུན་རིང་མོའི་ནང་རང་ཅག་གིས་མེས་པོ་ཚོས་བློ་གྲོས་དང་དཔའ་མཛངས་ཀྱི་བློ་སྟོབས་ལས་ང་ཚོའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་དེ་བཞིན་རྒྱ་ཆེ་ལ་ཕུན་སུམ་རྣམ་པ་སྣ་ཚོགས་པའི་དམངས་ཁྲོད་རིགས་གནས་འདི་བྱུང་ཡོད། དེའི་ནང་ནས་ང་ཚོའི་འཚོ་བ་དང་ཆེས་འདྲེས་འབྲེལ་ཆེ་བའི་བོད་མིའི་འཚོ་བའི་ཁྲོད་ཀྱི་འཛེམ་བྱ་ནི་དམངས་ཁྲོད་རིག་གནས་ཀྱི་ཡན་ལག་ལྟ་བུ་ཞིག་ཡིན་པའི་འདིར་མདོ་ཙམ་བརྗོད་པ་བྱ་རྒྱུ་ཡིན།
བརྡ་ཆད་གཙོ་བོ། འཛེམ་བྱ། དབྱེ་བ། དེ་དག་ལས་ཐོན་པའི་དགེ་མཚན།
བོད་རིགས་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཤིག་ཡིན་པས་དུ་ཡུན་རིང་མོའི་སྤྱི་ཚོགས་འཕེལ་འགྱུར་གྱི་འདས་སོང་ལོ་ཟླའི་ནང་བོད་ཀྱི་དམངས་སྲོལ་འཚོ་བའི་ནང་དུ་འཛེམ་བྱའི་རྣམ་གྲང་བགྲངས་ཀྱི་མི་ལངས་པ་ཞིག་བྱུང་ཡོད། དེ་དག་གིས་བོད་མིའི་འཚོ་བ་དང་སྤྱི་ཚོགས་འགྱུར་བ་བཅས་ཕྱོགས་གང་ཅིའི་ཐད་ནས་ཤུག་རྐྱེན་བྱུང་ཡོད། སྤྱིར་འཛེམ་བྱ་ནི་ཚན་རིག་རང་བཞིན་མ་ལྡན་པའི་རྨོངས་པ་ཞིག་ཏུ་བརྩི་མོད་འོན་ཀྱང་ལེགས་པར་བརྟགས་ན་དེ་ཡང་མིན།དེར་རྟེན་འཛེམ་བྱའི་རིགས་ཀུན་བསྲེས་སུ་མི་རུང་བ་ཞིག་རེད། འཛེམ་བྱ་ནི་མིའི་རིགས་ཀྱི་སྤྱི་འཚོ་བའི་དགོས་མཁོ་ངེས་ཅན་ཞིག་དང་བསྟུན་ནས་བྱུང་བ་ཡིན། དེས་ན་ལེགས་ཆ་ཀུན་དེ་བླང་བྱ་དང་ཉེས་པ་ཀུན་དེ་དོར་བྱ་རུ་བཏང་ནས་མི་རིགས་དམངས་སྲོལ་རིག་གནས་ཡར་ཐོན་འགྲོ་བར་ནུས་ཤུགས་འདོན་རྒྱུ་དེ་ཡིན། གཞན་ཡང། འཛེམ་བྱ་ནི་སྤྱི་ཚོགས་ཀུན་སྤྱོད་དང་དད་པའི་བྱ་སྤྱོད་བཀག་རྒྱའམ་ཚོད་འཛིན་བྱེད་པའི་འདུ་ཤེས་སམ་ཐབས་ཀྱི་སྤྱི་མིང་ཟེར་བས་དེ་ནི་མེས་པོ་རྣམས་ཀྱི་དུས་ཡུན་རིང་པོའི་ནང་རང་གི་ལགས་ལེན་དང་ཉམས་མྱོང་ལས་བྱུང་བ་ཞིག་ཡིན་པའི་དོན་སྙིང་དགེ་མཚན་ལྡན་པའི་ཆ་ཡང་མང་པོ་ཞིག་ཡོད་པའི་བླང་དོར་གྱི་གནས་ལ་རྨོངས་པ་རུ་ཚུད་མི་རུང་བ་ཞིག་ཡིན།
བོད་ཀྱི་དམངས་སྲོལ་རིག་གནས་ནི་བོད་མི་རྣམ་ཀྱི་ཐབས་དང་བློ་གྲོས་ལས་བསྐྲུན་པའི་ཐུན་མིན་གྱི་མི་རིགས་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན། རྒྱུན་དུ་བོད་མིའི་འཚོ་བའི་ཁྲོད་ཀྱི་དམངས་སྲོལ་འཛེམ་བྱ་ལའང་རྣམ་པ་སྣ་ཚོགས་པ་ཞིག་ཡོད། དེ་དག་དབྱེ་ན་རིགས་བཞི་རུ་ཕྱེ་སྟེ། ༡ ཆོས་ལུགས་འཛེམ་བྱ་དང་། ༢ ཐོན་བསྐྱེད་འཛེམ་བྱ། དེ་བཞིན་འཚོ་བའི་འཛེམ་བྱ་དང་། སྐད་ཆའི་འཛེམ་བྱ་བཅས་སོ།།
ཆོས་ལུགས་འཛེམ་བྱ་ནི་འཛེམ་བྱའི་ནང་གཙོ་བོ་ཞིག་ཡིན།གང་ཡིན་ཟེར་ན་ཆོས་ལུགས་དར་ཁྱབ་ཆེ་ཞིང་ལས་རྒྱུ་འབྲས་ལ་ཁས་ལེན་བྱེད་པའི་མི་རིགས་ཤིག་ཡིན་པས་སོ།། ཆོས་ལུགས་འཛེམ་བྱའི་ནང་སྲོག་གཅོད་འཛེམ་བྱ་ནི་ཆེས་གཙོ་བོ་ཞིག་ཡིན། དམར་སེར་གོས་སུ་གྱོན་པའི་སྟོན་པའི་རྗེས་འཇུག་པ་རྣམས་ནི་སྨོས་ཅི་དགོས། དེ་བས་སེར་སྐྱ་ཕོ་མོ་ཚོས་ཀྱང་དོན་མེད་སྲོག་གཅོད་ལ་འཛེམ་ཞིང་ཐ་ན་འབུ་སྦྲང་ཆུང་ངུ་ཞིག་ཡིན་རུང་སྲོག་གཅོད་པར་མི་བྱ།ཁོ་ཚོས་རང་གིས་བུ་ཕྲུག་ཚོ་ལ་ཡང་འབུ་སྲིན་སྲོག་གཅོད་དུ་མི་བཅུག་ཞིང་དེ་ལྟར་བྱས་ན་ལས་འབྲས་འཁོར་བ་བརྩི་གི་ཡོད། དེ་ཡང་སྲོག་གཅོད་གི་ལས་ནི་མི་དགེ་བ་བཅུ་ཡི་གསུམ་པ་ལུས་ཀྱི་མི་དགེ་བའི་དང་པོ་ཡིན་པའི་སྡིག་པ་ཧ་ཅང་ཆེ་བར་བརྩི་གི་ཡོད། དེ་བཞིན་ས་ག་ཟླ་བའི་ནང་བོད་མི་རྣམས་ཀྱི་རྣམ་དག་དགེ་བའི་ལས་ལ་ལྷགས་ཏུ་བརྩོན་ཞིང་སྡིག་པའི་ལས་ཀུན་འཛེམ་པར་བྱ། དམར་དང་ཤ་རིགས་ལ་མི་རོལ། དེ་བཞིན་བོད་ཟླའི་ཟླ་ཚེས་བཟང་བོའི་དུས་སུ་ཡང་ཤ་རིགས་བཟའ་བར་འཛེམ་གྱི་ཡོད། སྤྱིར་བོད་རིགས་ཤ་བཟའ་བར་དགའ་བའི་མི་རིགས་ཤིག་ཡིན་ཡང་གང་བྱུང་དུ་སྲོག་མི་གཅོད་ཅིང་དེ་ལྟར་སྲོག་གཅོད་དགོས་ཡང་བཤས་པ་ལ་སྡིག་གླ་སྟེར་ནས་གཞན་གྱི་སྲོག་གཅོད་རོགས་བྱ་གྱི་ཡོད། དེ་དུས་མ་ཎི་འདོན་ནས་སྡིག་བཤག་བྱེད་སོགས་བྱེད་ཀྱི་ཡོད།དེ་མིན་རྒྱུན་གཏན་འཚོ་བའི་ནང་ཉེས་མེད་རི་དྭགས་སྲོག་ཆགས་གང་བྱུང་དུ་སྲོག་གཅོད་པ་སོགས་ཀྱི་འཚེ་བའི་ལས་ལ་འཛེམ་གྱི་ཡོད།
དེ་བཞིན་དགོན་པ་དང་ལྷ་ཁང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་བརྟེན་སོགས་ལ་སྐོར་བ་བྱེད་དུས་ནང་སྐོར་ལས་ཕྱི་སྐོར་མི་རྒྱག་པ།ཆུ་འགོ་ལ་བཙོགས་པ་མི་གཏོང་བཞིན་དེ་ལྟར་བྱས་ན་ཀླུ་ལ་ཕོགས་ཐུགས་འགྲོ་བའི་རང་ལ་བར་ཆད་འབྱུངས་བར་བརྩི་གི་ཡོད།དགོན་པ་དང་ལྷ་ཁང་བླ་མ་སོགས་མཇལ་དུས་སྒོགཆེན་བཟའ་བ་དང་ཞྭ་མོ་གྱོན་ནས་མཇལ་བར་འཛེམ་གྱི་ཡོད།
དེ་ནས་ཐོན་བསྐྱེད་འཛེམ་བྱ་བཤད་ན་དེ་ཡང་ཤིན་ཏུ་སྣ་མང་ཞིག་ཡིན་པའི་དགོས་པའི་དབང་གི་འདི་རུ་དཔེ་མཚོན་རེ་འགའ་འཇོགས་པར་བྱ་རྒྱུ་ཡིན།ལྷ་རིར་རི་དྭགས་མི་རྒྱག་པ་དང་ཆུ་འགོ་ནང་དུ་ཉ་མི་འཛིན་པ།སྐྱེས་པའི་ལུད་མི་འཁུར་བ། རྟས་ཞིང་མི་རྨོ་བ།ཞིང་ནང་དུ་མི་ལུད་མི་རྒྱག་པ། དེ་བཞིན་རྩྭ་རྩི་ཤིང་དང་མེ་ཏོག་སོགས་འཐུ་ན་ཚེ་ཐུང་ངོ་ཞེས་འབོད་ཀྱིན་ཡོད།ནག་ཚལ་གང་བྱུང་གཅད་པར་མི་བྱ།ལྷག་དོན་དུ་དབྱར་གཞུང་གི་དུས་སུ་འོོང་ཁའི་དཀྱིལ་དང་རི་སྟེང་དུ་སྐད་སྒྲ་ཤུགས་ཆེན་རྒྱག་པའི་སྲོལ་མེད།དེ་ལྟར་བྱས་ན་ཞིང་ལ་སེར་བ་དང་ཐོག་གི་འཇིག་པ་ཡོང་བ་ངོས་འཛིན་གྱི་ཡོད། འཛེམ་བྱ་འདི་དག་འགའ་རེ་ནི་ཆོས་ལུགས་ཤུགས་རྐྱེན་བྱུང་ཡོད་ལ་ཡང་འགའ་རེ་ནི་ཐོན་བསྐྱེད་ཉམས་མྱོང་ལས་བྱུང་བ་ཡིན།
འཚོ་བའི་ཐད་ཀྱི་འཛེམ་བྱ་ནི་ཆེས་རྒྱུན་གཏན་ཆེས་ཁ་འཐག་ཉེ་བ་ཞིག་ཡིན་པས་ང་ཚོས་ནམ་རྒྱུན་འཚོ་བའི་ནང་དུ་ཁ་འབྲལ་དུ་མེད་པའི་སྲོལ་རྒྱུན་ཤིག་ཡིན། བོད་རིགས་ནམ་རྒྱུན་འཚོ་བ་ཇི་ལྟར་སྐྱོ་ཡང་སེམས་ཅན་རྨིག་གཅིག་པ་རྟ་བོང་སོགས་དང་ཁྱི་དང་བྱི་ལ་སོགས་སྡེར་མོ་ཅན་གཅན་གཟན་རིགས་ཀྱི་ཤ་རྩ་བ་ནས་མི་ཟ་བ་དང་།མི་གཞན་གྱིས་ཟོས་ན་ཡང་ཧ་ཅང་སྐྱུག་བྲོར་རྩིས་ཏེ་ཐ་ན་དེ་དག་གི་ཟས་སྣོད་དང་ཡང་ཁ་ལག་མ་འདྲེས་པ་བྱེད་ཀྱི་ཡོད།ད་དུང་སེམས་ཅན་འབྲི་གཡག་སོགས་དེ་རིང་བསད་པའི་ཤ་ནི་ཉིན་ཤ་ཡིན་པས་ཉིན་དེ་རང་ལ་ཟ་མི་རུང་བར་རྩིས་ཏེ་ཉིན་ཤ་ཡིན་པ་ཤེས་བཞིན་དུ་མི་ཟ་བ་དང་ཤ་བསིལ་ཚོང་མཁན་ཚོས་ཀྱང་འཚོང་རྒྱུར་འཛེམ་གྱི་ཡོད།དེ་བཞིན་བོད་མི་རྣམས་རྒྱུན་གཏན་འཚོ་བའི་ཁྲོད་དུ་བྱ་བ་ཆེ་ཆུང་ཅི་ཞིག་བསྒྲུབས་རུང་གཟའ་སྐར་རྩིས་སོགས་ཀྱི་ཐད་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།དེ་ཡངགནམ་སྒོ་བརྩི་ཚུལ་དངདེ་མིན་གཟའ་ཉི་མ་དང་ཟླ་རེའི་བོད་ཚེས28དང་། 24། 20། 27བཅས་ལ་སྐར་མ་ཆུ་ཚགས་ཉིན་ཕྱི་ཐོན་དངབྱ་བ་བསྒྲུབས་པར་འཛེམ་གྱི་ཡོད། དེ་ལྟར་བྱས་ཚེ་བར་ཆད་དང་བྱ་བ་མི་འགྲུབ་པར་བཤད། བོད་རིགས་རྣམས་རང་གི་ཀག་ལོ་ཟིན་སྐབས་བྱ་བ་མང་པོ་བསྒྲུབས་པར་འཛེམ་གྱི་ཡོད།ཁྱིམས་མཚེས་སོགས་སུ་མི་ཤི་བྱུང་ཚེ་གྲོང་རོགས་ཚོ་གླུ་དངགཞས་མི་འཁྲབས་ཅིང་ནང་མི་ཚོས་ཀྱང་བཞག་ཞེ་དགུའམ་ལོ་དེ་རིང་སྐྲ་མི་འཁྲུ་ཅིང་གོས་རྒྱན་ཡང་མི་བྱ་བར་མྱ་ངན་བྱེད་གི་ཡོད།ཁྱིམ་དུ་མགྲོན་པོ་སླེབས་ན་དེ་ལ་དཀར་ཡོལ་གས་ཆགས་ནང་དུ་ཇ་བླུག་པར་འཛེམ་གྱི་ཡོད། བོད་རིགས་གཉེན་སྒྲིག་བྱེད་ན་འཛེམས་དགོས་པ་མང་བོ་ཞིག་ཡོད་ཅིང་།ལྷག་པར་དུ་གཉེན་སྒྲིག་བྱེད་མཁན་ཁ་གཏད་གཉིས་གཉེན་འབྲེལ་དུ་གྱུར་པ་གཉེན་སྒྲིག་འཛེམས་རྒྱུ་ཧ་ཅང་གལ་ཆེར་རྩིས་ཀྱི་ཡོད།བོད་རིགས་ཀྱི་ཕ་རྒྱུད་དང་མ་རྒྱུད་བར་ཡས་མས་མི་རབས་བདུན་གི་བར་མ་ཆོད་ན་གཉེན་སྒྲིག་བྱེད་པ་འཛེམ་གྱི་ཡོད། ། དེ་བཞིན་གཉེན་སྒྲིག་བྱེད་མཁན་ཕོ་མོ་ཕྱོགས་སོ་སོའི་ལོ་རྟགས་བདུན་ཟུར་འཁེལ་མིན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ལོ་རྟག་བདུན་ཟུར་འཁེལ་བ་གཉེན་སྒྲིག་བྱས་ན་མི་མཐུན་གེགས་བར་ཡོང་རྒྱུར་རྩིས་ནས་གཉེན་སྒྲིག་བྱ་དགོས་བྱུང་ན།སྐོར་ལམ་སོགས་འགྲུལ་བཞུད་བྱེད་སའི་ཁང་བའི་གྱང་ངོས་ལ་བདུན་ཟུར་གང་ཡིན་བྲིས་ནས་གེགས་སེལ་ཆོ་ག་བྱེད་སྲོལ་ཡོད།རྒྱུན་གཏན་འཚོ་བའི་ཁྲོད་དུ་མི་གང་བྱུང་དང་ཁ་ཕོར་གཅིག་སྤྱོད་པར་འཛེམ་གྱི་ཡོད། ཁྱིམ་ལ་ནད་པ་ཡོད་ཚེ་ཕྱི་མི་ཡོང་བར་འཛེམ་ནས་བཀག་པའི་སྲོལ་ཡང་ཡོད།ཁྱིམ་གྱི་ནད་པ་ནད་གཞི་ལྕི་ཡང་ལ་གཞིགས་སྟེ་སྒོ་ཁ་རུ་ཐོ་ཐོ་མང་ཉུང་བརྩིགས་ཀྱི་ཡོད།མེ་ཐབ་ལའང་འཛེམ་བྱ་མང་པོ་ཡོད།ཐབ་ནང་དུ་འགྱིག་ལྤག་མི་བསྲེག་ཞིང་དྲི་ངན་བཟོ་རིགས་ལ་འཛེམ་གྱི་ཡོད།ཐབ་སྟེང་དུ་རྐང་པ་མི་འཇོག་པ་དངདམར་གྱི་རིགས་སོགས་མེ་ནང་དུ་མི་ཤོར་བར་བྱེད་ཀྱི་ཡོད།དེ་བཞིན་སྣོད་ཁ་སྦུབ་ནས་བཞག་པ་དང་སླེལ་པོ་སྟོང་བ་འཁུར་ནས་གཞན་གྱི་ཁྱིམ་དུ་འགྲོ་བ་སོགས་ནི་གཏན་ནས་མི་རུང་བའི་འཛེམ་གྱི་ཡོད།ནང་མི་ཕྱིར་ཐོན་དུས་འགྲུལ་པའི་རྗེས་སུ་གད་ཕྱིས་མི་བྱེད་སོགས་ཡོད།
སྐད་ཆ་ནི་ངག་གི་སྒྱུ་རྩལ་ཞིག་ཡིན།རྒྱུན་གཏན་འཚོ་བའི་ནང་ང་ཚོས་མི་དང་མིའི་དབར་བསམ་ཚུལ་བརྗེ་རེས་དང་བྱ་བ་ལས་དོན་གང་བསྒྲུབས་ཀྱང་ཕན་ཚུན་སྐད་ཆའི་རྣམ་པའི་ཐོག་ནས་བརྒྱུད་སྤྲོད་བྱེད་ཀྱི་ཡོད།ད་དུང་སྐད་ཆ་ནི་ང་ཚོ་མིའི་རིགས་འདི་ཉིད་སྲོགས་ཆགས་གཞན་ལས་ཀྱང་འཕགས་པའི་ཁྱད་ཡོན་ཞིག་རེད།བོད་མིའི་རྒྱུན་གཏན་འཚོ་བའི་ཁྲོད་ངག་གི་འཛེམ་བྱ་ཇི་སྙེད་ཅིག་ཡོད་པ་ལས་འདིར་སྐད་ཆའི་སྐོར་གྱི་འཛེམ་བྱ་བཤད་ན།རྒྱུན་གཏན་འཚོ་བའི་ནང་རང་ལས་རྒན་པའི་མ་དང་དེ་བཞིན་སློབ་དཔོན་དང་ཕ་མ་བཅས་ལ་ཞེ་སའི་ཚིག་གི་བཀུར་བ་ལས་མི་གུས་པའི་ཚིག་སྤྱོད་པར་འཛེམ་གྱི་ཡོད།དེ་བཞིན་འདས་ཟིན་པའི་ཤི་བོའི་མིང་ནས་འབོད་ཚེ་ཐད་དཀར་མི་འབོད་ཅིང་མགོ་མཇུགས་སུ་གུས་ལུགས་མཚོན་པའི་ཚིག་དང་སྦྱར་ནས་འབོད་ཀྱི་ཡོད།ལ་ལས་མ་ཎི་འདོན་རྗེས་གཞི་ནས་མིང་ནས་འབོད་ཀྱིན་ཡོད།དེ་བཞིན་ལོ་གསར་ཚེས་གཅིག་གི་དུས་སུ་བཀྲ་ཤིས་པའི་སྐད་ཆ་ལས་དེ་ཉིན་བཀྲ་མིཤེས་པའི་སྐད་ཆ་བཤད་སྲོལ་གཏན་ནས་མེད། ཚེས་གཅིག་ཉིན་ཁ་རྩོད་མི་བྱེད།དེ་མིན་རྒྱུན་གཏན་འཚོ་བའི་ནང་གང་བྱུང་བཀྲ་མ་ཤིས་པའི་སྐད་ཆ་བཤད་པར་འཛེམ་གྱི་ཡོད། མི་གཞན་ལ་ལོག་པའི་ཚིག་གང་བྱུང་དུ་མི་སྨྲ་ཞིང།རང་དངའདྲིས་ཆུང་བའི་མི་དང་གཏམ་གླེང་བྱེད་དུས་གུས་ཞབས་དང་ལྡན་པའི་སྒོ་ནས་ངག་སྨྲ་བ་སོགས་ངག་གི་སྨྲ་བརྗོད་ཕུན་སུམ་ཚོགས་པ་ཞིག་ཡོད།
གོང་དུ་བཤད་པའི་འཛེམ་བྱའི་དབྱེ་བ་དག་ལས་ང་ཚོས་བསམས་གཞིགས་ཞིག་བྱས་ན་དེ་དག་གི་དགེ་མཚན་ནི་བླ་མེད་ཞིག་ཡིན།མཐའ་གཅིག་ཏུ་འཛེམ་བྱ་ཀུན་ནི་ལེགས་ཆ་ལྡན་པའི་གཏམ་ནི་བཤད་དཀའ་ཡང་དོན་དམ་དུ་ང་ཚོའི་འཚོ་བའི་ནང་དུ་འཛེམ་བྱ་མང་པོ་ཞིག་ལ་ཐུན་མིན་གྱི་དགེ་མཚན་ལྡན་ཡོད།འཛེམ་བྱ་དེ་དག་གིས་མི་དང་མིའི་དབར་དེ་བཞིན་མི་དང་རངབྱུང་ཁམས་དབར་ཞི་མཐུན་ཡོང་བར་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད། དཔེར་ན་རི་སྐྱེས་སྲོག་ཆགས་ལ་སྲོག་མི་གཅོད་པ་དང་རྩྭ་རྩི་ཤིང་ནག་ཚལ་སོགས་གང་བྱུང་དུ་མི་གཅོད་པ། རྒན་ལ་གུས་པའི་ཚིག་སོགས་འཛེམ་བྱས་རྒྱུན་དུ་འཚོ་བའི་ནང་ ཕན་མེད་འབྱུང་འབྲས་ཐོན་པའི་བྱ་སྤྱོད་ལ་ཚོད་འཛིན་དང་བཀག་རྒྱ་ཐོབ་ཡོད། དེ་བཞིན་འཁོར་ཡུག་སྲུང་སྐྱོབས་ཐད་བཅས་བླ་མེད་ཀྱི་ཕན་འབྲས་ཐོན་ཡོད། འཛེམ་བྱ་ནི་ཁྲིམས་ལུགས་གི་མ་ཡུམ་མམ་ཡང་ན་རྨངས་གཞི་ལྟབུ་ཞིག་ཡིན།གངས་ཡིན་ཟེར་ན་བཙན་པོ་སྲོང་བཙན་སྒམ་པོའི་བོད་གཅིག་གྱུར་བཟོས་ནས་ཁྲིམས་ལུགས་གཏན་ལ་ཕབས་དུས་སྔོན་གྱི་ཁྲིམས་གཞི་ལ་དཔྱད་པ་དང་ལྷག་པར་དུ་དམངས་ཁྲོད་འཚོ་བའི་ནང་གི་ལེགས་ཉེས་བླང་དོར་སྟོན་པའི་འཛེམ་བྱ་མང་པོ་ཞིག་གཞི་འཛིན་བྱས་ནས་ཁྲིམས་གཏན་ལ་ཕབ་ཡོད་པར《རྒྱལ་ཁམས་དཔེར་བླང་པའི་ཁྲིམས་ཡིག》ཞེས་མིང་བཏགས། དེར་བརྟེན་འཛེམ་བྱའི་ང་ཚོས་བྱ་སྤྱོད་ལ་ཚོད་འཛིན་དང་ཕན་མེད་ཀྱི་བྱ་བ་བྱུང་བར་བཀག་རྒྱ་བྱུང་ཡོད། འཛེམ་བྱའི་གཅིག་ནི་མི་དང་རང་བྱུང་ཁམས་དབར་གྱི་ཞི་མཐུན་ལ་ནུས་པ་ཆེན་པོ་ཐོན་པ་དང་དེས་མི་དང་རང་བྱུང་ཁམས་ཀྱི་གཅིག་ལ་གཅིག་བརྟེན་གྱི་གནས་ལུགས་གསལ་པོ་སྟོན་ཡོད་པ་དང་སྦྲག་འཛེམ་བྱ་ནི་མི་རྣམས་ཀྱི་མ་སྐུལ་དངས་བླང་གི་རང་ཤུགས་སུ་གྲུབ་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པའི་དེས་ཁྲིམས་ལུགས་ལྟར་གྱི་གཞན་སྐུལ་དང་བརྒྱུད་བསྒྲགས་མ་དགོས་ཞིང་ཁྲིམས་ལུགས་འཐུས་སྒོ་ཇེ་ཚང་དང་རམ་འདེགས་ཀྱི་ནུས་པ་ཐོན་ཡོད།དེ་མིན་མི་དང་སྤྱི་ཚོགས་དབར་འཆམ་མཐུན་གྱི་མཛའ་འབྲེལ་ལ་ཡང་ནུས་པ་ཆེས་ཆེན་པོ་ཐོན་ཡོད།
མཇུག་བསྡུ་བ།
གོང་དུ་བཤད་པའི་དམངས་སྲོལ་རི་གནས་ཁྲོད་ཀྱི་འཛེམ་བྱ་ནི་ང་ཚོའི་རིག་གནས་ལྡུམ་རྭའི་ནང་གི་ཁྱད་ཡོན་ལྡན་པའི་ཆ་ཤས་ཞིག་ཀྱང་ཡིན་།མི་རིགས་ཤིག་གི་རིག་གནས་དར་སྤེལ་དང་བརྒྱུད་འཛིན་བྱ་དགོས་ན་མི་རིགས་དེ་རང་གི་རིག་གནས་རྨངས་གཞི་རུ་བྱས་ནས་ད་ཡོད་རིག་གནས་ལ་སྙིགས་དོར་བཅུད་ལེན་དང་མ་ཉམས་དར་སྤེལ་བྱ་རྒྱུ་ནི་རྣམ་པ་ནི་ཀུན་གྱི་མཁྱེན་གསལ་རེད།འདིར་རང་གི་འཛེམ་བྱའི་སྐོར་ལ་མདོ་ཙམ་བརྗོད་པའི་བརྒྱུད་མེས་པོའི་ཚོགས་གི་བཞག་པའི་རིག་གནས་དང་མཛད་རྗེས་ལ་རང་གི་ནུས་པ་ཅུང་ཟད་རེ་བསྒྲུབས་དགོས་པའི་མྱོང་བ་ཡང་བྱུང།འདིར་བསྡུས་པ་ཙམ་གྱི་རང་གིས་རིག་པའི་ནུས་ཚོད་ཀྱི་དཔྱད་པ་ཙམ་ཞིག་ཡིན་ནོར་འཛོལ་གྱི་ཆ་དང་མ་མདང་པའི་ཆ་མང་པོ་ཡོད་ངེས་པའི་པའི་མཁྱེན་དཔྱོད་ཤེས་རྒྱ་ཡང་བའི་མཁས་ལྡན་རྣམས་ཀྱི་དགོངས་འཆར་ལྷུགས་པར་བརྩལ་རོགས།
དཔྱད་གཞིའི་ཡིག་ཆ།
༡.བོད་མའི་ཡུལ་སྲོལ་གོམས་གཤིས།100མི་རིགས་དཔེ་སྐྲུན་ཁང།
༢.བོད་རིགས་རིགས་གནས་དང་ཁམས་པའི་ཡུལ་སྲོལ་གོམས་འདྲིས། མི་རིགས་དཔེ་སྐྲུན་ཁང།༼རྒྱ་ཡིག༽
༣. བོད་ཀྱི་དམངས་སྲོལ་བླང་དོར་གསལ་བའི་སྒྲོན་མེ། ཀྲུང་གོ་བོད་རིགས་དཔེ་བསྐྲུན་ཁང།
༤.བོད་ཀྱི་དམངས་སྲོལ་གཅེས་བསྡུས། མི་རིགས་དཔེ་སྐྲུན་ཁང།