ལྷ་ཀླུ་གཉེན་གསུམ་དང་གདོན་བགེགས་བཙན་གསུམ་སོགས་ལ་ངོས་འཛིན་ཚུལ།
ལྷ་ཀླུ་གཉེན་གསུམ་དང་གདོན་བགེགས་བཙན་གསུམ་སོགས་ལ་ངོས་འཛིན་ཚུལ།
དམངས་ཁྲོད་ནས་དེ་དག་ལ་ངོས་འཛིན་ཚུལ་ནི་ཆོས་གཞུང་དང་བསྡུར་ན་ཅུང་ཟད་ཁྱད་པར་ཡོད་དེ། སྤྱིའི་ཁྱད་ཆོས་ནི་དེ་དག་གང་ཡིན་ཀྱང་ཕྱོགས་རིས་ཀྱི་མིག་དང་ལྡན་པས་བཀུར་ན་གྲོགས་བྱེད་པ་དང་། མ་བཀུར་ན་ངན་གཏོང་བར་བྱེད་ཟེར།
ཀ ལྷའི་ལྟ་ཚུལ།
སྟེང་མ་ལྷ་སྟེ་ལྷ་ནི་བར་སྣང་ཁམས་ན་གནས་བཅའ་བའི་སེམས་ཅན་ཤིན་ཏུ་མཐུ་ནུས་ཆེན་པོ་ཅན་ཞིག་ཡིན་ཏེ། དེས་འཇིག་རྟེན་ཁམས་ལ་དབང་བྱེད་པ་ཡིན་པས། རྒྱུན་པར་མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་སོགས་མི་གཏོང་ཆེད། མི་རྣམས་ཀྱིས་ལྷ་ལ་མཆོད་པ་དབྱེར་མེད་བྱེད་དགོས། ལྷའི་ནང་གི་ཀུན་ལ་རྒྱུས་ཆེ་བ་ནི་ལྷ་ཆེན་ཚངས་བ་དཀར་བོ་དང་ལྷའི་དབང་བོ་བརྒྱ་བྱིན། གེ་སར་སྒྲུང་ནང་གི་གནམ་ཨ་ནེ་གོང་སྨན་རྒྱལ་མོ་སོགས་ཡོད། དེ་མིན་ལྷ་ནི་ཟད་མི་ཤེས་པའི་བདེ་སྐྱིད་ལྡན་པ་དང་བློ་རིག་ཤིན་ཏུ་སྐྱེན་པ་ཞིག་ཡིན་པར་འདོད། དཔེར་ན་ས་སྐྱིད་པོ་ལྷ་ཡུལ་ལྟ་བུ་ཞེས་པ་དང་། མི་བློ་རིག་ཅན་ཞིག་ཡིན་ན་འདི་ལྷ་གཉིད་ལོག་ཅིག་གི་རྣམ་ཤེས་རེད་ཟེར་བ་ལྟ་བུ་རེད།
ཁ། ཀླུའི་ལྟ་ཚུལ།
ཀླུ་ནི་ཆུ་ལ་གནས་པའི་སེམས་ཅན་ཞིག་ཡིན་ཏེ། དེས་ཕལ་ཆེར་མི་རྣམས་ཀྱི་དབུལ་ཕྱུག་དང་ནད་ཡམས་ལ་བདག་བྱས་ཡོད། དེ་ཆེས་མི་དགའ་ས་ནི་དམར་དང་མི་གཙང་བ་ཡིན་པས། ཆུ་མགོའི་ནང་དུ་ཁྲག་འགྲོ་རུ་འཇུག་པའམ་མི་གཙང་བ་འདྲེ་བར་ཤུན་ཏུ་གཟབ་གཟབ་བྱེད་དགོས། གལ་སྲིད་དེ་དག་ལ་འཐུས་ཤོར་བྱུང་ན་མི་ལུས་ལ་རྨ་རིགས་སྐྲང་རིགས་འབུད་པ་དང་། རྐང་ལག་ཞ་འཐེང་དུ་འགྲོ་བ། ཕྱུགས་ལ་གོད་ཁ་རྒྱུགས་པ་ལྟ་བུའི་མི་ལེགས་པ་འབྱུང་།
ག གཉན་དང་བཙན་གྱི་ལྷ་ཚུལ།
སྤྱིར་བཏང་དུ་དེ་གཉིས་ཀ་ལྷའི་ཕྱོིགས་གཏོགས་ཤིག་ལ་བརྩི་དུས་ཀྱང་ཡོད་མོད། གནས་ཡུལ་གྱི་ཆ་ནས་བཙན་ཁིས་ཁ་དང་གཉན་ལ་འོག་ཅེས་པ་ལྟར། བཙན་ནི་རི་རྩེ་དང་། ཉག་ཁ། སྒང་རྒྱུད། སྒོ་ཕྱི་ཁྱིམ་གྱི་མཚམས་སོགས་ན་རྒྱུ་བས། གལ་སྲིད་དེ་མི་དང་འཕྲད་ན་ཁ་སྣ་གཡོན་པ་དང་ངག་འཁྱེར་བ་སོགས་སུ་བཤད། གཉན་ནི་བྲག་སྣ་དང་། ལུང་འགག ཕ་བོང་སོགས་སུ་གནས་ཡོད་པར་འདོད་ལ། རྒྱུན་པར་དེ་ས་གཉན་ས་ཞིག་རེད་ཟེར་བ་ཐོས་ཤིང་། འབའ་ཡུལ་ནང་ལུང་དུའང་ས་གཉན་རྡོ་གཉན་ཟེར་བའི་ས་མིང་ཡོད། གཉན་ནི་ཕྱུགས་ལ་གོད་ཁ་དང་མི་ལ་ན་ཚ་གཏོང་མཁན་ཞིག་ཡིན་པས། རྒྱུན་པར་ས་གཉན་ས་ནས་འགྲོ་སྐབས་གཟབ་གཟབ་བྱེད་དགོས་པར་བཤད། སྡེ་བ་ཚོ་བ་དང་མི་སྒེར་གྱིས་བསྟོད་པའི་གཞི་བདག་ཕལ་ཆེར་ནི་བཙན་གཉན་གཉིས་ཀྱི་ཁོངས་སུ་འདུ་ལ། དེ་གཉིས་ལ་ཤིན་ཏུ་ཕྱོགས་རིས་ཆེ་བས་གཞི་བདག་མི་གཅིག་པའི་བར་ནས་བསང་དུད་འདྲེ་བ་ཡན་ཆད་ལ་ཤིན་ཏུ་གཟབ་དགོས་པ་རེད། རྒྱུན་པར་མི་རྣམས་ཀྱིས་གཞི་བདག་དཀར་ཕྱོགས་པ་དང་ནག་ཕྱོགས་པ་གཉིས་སུ་གཅོད་ལ། དཀར་ཕྱོགས་པ་དེ་བསྟོད་དགོས་ཤིང་། ནག་ཕྱོགས་པ་དེར་འཛེམས་དགོས་པ་རེད།
ང་། གདོན་བགེགས་ཀྱི་ལྟ་ཚུལ།
སྤྱིར་བཏང་དུ་གདོན་བགེགས་གཉིས་ལ་ཁྱད་པར་མེད་པར་འདོད་མོད། སྐབས་ལ་ལར་ཁྱད་པར་ཅུང་ཟད་བཏོད་ས་ཡང་ཡོད། དེ་གཉིས་འདྲ་ས་ནི་ཕལ་ཆེར་གཉིས་ཀ་གཟུགས་མེད་ནུས་པ་ལྟ་བུ་ཞིག་ཡིན་ཏེ། གནས་ས་ནི་མི་གཞན་གྱིས་བཀོལ་མྱོང་བའི་ཅ་ལག་དང་། གྱོན་པ། ཕྱུགས་ཟོག དེ་མིན་དངོས་པོ་གཞན་གྱི་ཐོག་ཡིན། གདོན་ཡིན་མིན་ནི་ཚོ་བ་དང་ཁྱིམ་ཚང་མི་སྒེར་བཅས་རང་ངོས་ནས་ཐག་གཅོད་པ་ལས་དེའི་གཞན་ངོས་ན་མེད། རྒྱུ་མཚན་ནི་ཕྱུགས་ཟོག་ཅིག་གམ་དངོས་པོ་ཞིག་ཚོ་བ་དང་ཁྱིམ་ཚང་མི་སྒེར་ཞིག་གི་གཡང་ཡིན་མོད། དེ་གཞན་གྱི་སར་སོང་ན་གདོན་དུ་འགྲོ་བ་ལྟ་བུ་རེད། དེ་ནི་བསྟེན་པའི་སྲུང་མ་དང་མཆོད་པའི་གཞི་བདག་ཡང་ན་མིའི་བར་གྱི་བླ་གཤེད་ལ་བཟང་ངན་ཤོར་ན་འགལ་ཟླར་འགྲོ་བ་རེད། དེ་འགོག་དགོས་ན་གཞན་གྱི་གོན་རྒྱུ་དང་དངོས་པོ་མི་བཀོལ་བ་དང་། སྲུང་མ་མི་གཅིག་ས་ནས་སྒོ་ཕྱུགས་དང་དངོས་རྫས་མི་ཉོི་བ་དང་། ཉོས་ཀྱང་གདོན་སེལ་ཆོ་ག་ངེས་ཅན་སྒྲུབ་དགོས་པ་རེད། གལ་སྲིད་དངོས་པོ་སོགས་གདོན་ཚར་ན་མོ་དང་རྩིས་མངོན་མཁྱེན་སོགས་ལ་བསྟེན་ནས་ངོས་བཟུང་སྟེ་མེད་པར་བཟོ་དགོས་པ་རེད།
ཅ། ཐན་ལྟས་དང་འགོང་བོའི་ལྟ་ཚུལ།
ཐན་ལྟས་ནི་རང་གི་ཚེ་དང་བསོད་ནམས་དང་སྙན་གྲགས་དང་ལམ་འགྲོ་སོགས་ལ་གནོད་པའི་རྟགས་མཚན་ཞིག་ལ་གོ་སྟེ། དཔེར་ན། ཁྱིམ་ཚང་ལ་འགྲོ་སྐབས་ཐལ་བ་དང་ཁྱིམ་ཕྱགས་འཕོ་བར་འཕྲད་ན་རླུང་རྟ་ཉམས་པའི་ལྟས་ངན་ལ་གོ་བ་དང་། ལབ་ཙེར་ཐོག་གིས་བརྒྱས་པ་དང་བསང་ཁྲི་ཞིག་པ་སོགས་ནི་དགྲ་ལྷ་ཉམས་པའི་ལྟས་ངན་དུ་གོ་བ། འུག་པ་དང་ཕོ་རོག་གྲགས་ན་ཚེའི་བར་ཆད་འབྱུང་བའི་ལྟས་ངན་དུ་གོ་བ་ལྟ་བུ་རེད།
འགོང་བོ་ནི་ཟས་བཅུད་སོགས་ཉམས་པའི་ནུས་པ་ཞིག་ལ་གོ་སྟེ། དེ་འགོག་པར་གཡང་སྒྲུབ་དང་མནོལ་བསང་འདོན་དགོས་པ་རེད།
ཆ། གཡང་དང་རླུང་རྟ།
གཡང་ནི་སྟོབས་དང་བཅུད་སོགས་འཛིན་པའི་ནུས་པའམ་སྟོབས་ཤུགས་ཞིག་ལ་ངོས་འཛིན་ཏེ། དཔེར་ན། མི་རྒྱུད་མང་པོར་འཕེལ་ན་མི་གཡང་འཁོར་ཟེར་བ་དང་། ཕྱུགས་ཟོག་མང་དུ་འཕེལ་ན་ཕྱུགས་གཡང་འཁོར་ཟེར་བ་ལྟ་བུ་རེད། ནོར་གྱི་རྔ་རྩིད་དང་ལུ་གུའི་རྣ་སྣེ་མང་པོ་མཉམ་གཅིག་ཏུ་བཞག་པ་དེ་ལ་གཡང་ར་ཟེར་ཞིང་དེའི་ནང་དུ་རྒྱུ་ནོིར་གྱི་བཅུད་འཛོམས་པར་མཚོན་པས། སྦྲའི་ཡ་ཕུག་ལ་བཀལ་ནས་མི་འགོང་བར་བྱས་ཡོད་ལ། ད་དུང་གཡང་སྒྲུབ་སོགས་ཀྱི་ཆོས་ལུགས་ཀྱི་ཆོ་ག་ཡང་རྒྱས་པ་ཞིག་བྱེད་སྲོལ་ཡོད།
རླུང་རྟ་ནི་ལས་དང་བྱ་བ་ཐམས་ཅད་ལམ་དུ་འགྲོ་བ་དང་། མཚན་དང་སྙན་གྲགས་རྒྱས་པར་བྱེད་པའི་མི་མངོན་པའི་ནུས་པ་ཞིག་ཡིན་ལ། དེའི་རྟགས་མཚན་ནི་རྟ་མཆོག་ནོར་བུ་ཁུར་བ་ཞིག་ཡིན་ཏེ། སྟོབས་རྩལ་ཆེ་ཞིང་མྱུར་ལ་དགོས་འདོད་ཅི་འབྱུང་གི་དོན་མཚོན་ཡོད།