དཀར་ཐིག་གི་སྐོར་མདོར་ཙམ་བརྗོད་པ།
དཀར་ཐིག་ཅེས་པ་ནི་ཁང་པའི་ཕྱི་ནང་དུ་ས་དཀར་སོགས་ཀྱིས་དཀར་ཐིག་བཏབ་པའི་བཀྲ་ཤིས་བདེ་ལེགས་མཚོན་བྱེད་ཀྱི་རི་མོའམ་ཡང་ན་ལམ་སྟོན་གྱི་ཐིག་རིས་ལ་ཟེར་ཞིང་། བོད་མིས་ནམ་རྒྱུན་འཚོ་བའི་ནང་དགའ་བསུ་ཞུ་བ་དང་། རྟེན་འབྲེལ་གྱི་མཛད་སྒོ། ཐ་ན་ཕུང་པོ་ཕྱིར་འདོན་སོགས་ཀྱི་སྐབས་དཀར་ཐིག་འཐེན་སྲོལ་ཡོད། དགོས་པ་མི་འདྲ་བའི་དབང་གིས་དཀར་ཐིག་ལའང་འཐེན་ཚུལ་མི་འདྲ་བ་མང་སྟེ། དཔེར་ན་བླ་སྤྲུལ་ཆེ་གྲས་ཁག་གདན་ཞུ་དང་བསུ་བ་བྱེད་སྐབས་སྤྱིར་བཏང་བཀྲ་ཤིས་རྟགས་བརྒྱད་ལྟ་བུའི་བཀྲ་ཤིས་པའི་དཀར་ཐིག་འཐེན་པ་དང་། དེ་མིན་སྤྱིར་བཏང་གི་རྟེན་འབྲེལ་མཛད་སྒོ་དག་ལ་གཡུང་དྲུང་གི་དཀར་ཐིག་འཐེན་པ། སྐུ་ཕུང་གདན་ཞུའི་ལམ་གཡས་གཡོན་དང་། དེ་བཞིན་སྐུ་ཕུང་འགྲོ་སའི་ལམ་འཁེལ་གྱི་སྒོ་འགྲམ་ལ་དཀར་ཐིག་རིང་པོ་འཐེན་ཏེ་ལམ་སྣ་ཁྲིད་པའི་ཚུལ་ཡང་སྟོན་དགོས་ཀྱི་ཡོད། བོད་མིི་འཚོ་བའི་ནང་དཀར་ཐིག་འཐེན་པའི་སྲོལ་དེ་ཁྱབ་ཁོབས་ཆེ་ཙམ་ཡིན་དགོས་དོན་ནི་གཙོ་བོ་རྟེན་འབྲེལ་མཚོན་བྱེད་ཡིན་ཞིང་། དཀར་ཐིག་གིས་རྟེན་འབྲེལ་མཚོན་པའི་རྒྱུ་མཚན་ནི་བོད་མིས་ཚོན་མདོག་དཀར་པོ་དེ་ཧ་ཅང་བཀྲ་ཤིས་པའམ་ལེགས་པའི་དོན་ལ་བརྩི་སྲོལ་ཡོད། དཔེར་ན་གཞན་ལ་ཕན་པའི་བྱ་བའམ་དགེ་བའི་ཆོས་ལ་དཀར་ཆོས་ཟེར་བ་དང་། ལས་དཀར་པོ། བསམ་པ་དཀར་པོ། དགའ་ཉེ་བློ་དཀར་སོགས་དཀར་པོ་ནི་བཟང་བ་དང་ལེགས་པར་བརྩི་བ་ཡིན་ཏེ། ཚོན་མདོག་གི་ཐོག་ནས་རྟེན་འབྲེལ་བཟང་བོ་ཡིན་པ་དང་གཅིག དཀར་ཐིག་གི་རི་མོ་ནི་རྒྱས་པར་བཀྲ་ཤིས་རྟགས་བརྒྱད་དང་། དེ་མིན་གཡུང་དྲུང་སོགས་བཀྲ་ཤིས་པའི་མཚོན་རྟགས་ཀྱི་རི་མོ་སྣ་ཚོགས་འབྲི་བ་དང་གཉིས་བཅས་ཀྱི་ཐོག་ནས་དཀར་ཐིག་འཐེན་པའི་སྲོལ་དེ་བོད་མིའི་འཚོ་བའི་ནང་བག་ཆགས་གཏིང་ཟབ་ཅིག་ཆགས་ཡོད།