logo

ངོ་མཚར་འཛམ་གླིང་རྡོ་དཔེ་སྒྱུ་རྩལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-04-18 ཀློག་གྲངས།:

    གནའ་ནས་ད་ལྟ་བར་བརྐོས་བཟོ་སྒྱུ་རྩལ་དང་ནང་བའི་བསྟན་པ་གཉིས་ལ་འབྲེལ་བ་དམ་ཟམ་ཡོད་དེ་དཔེར་ན་རྡོ་བརྐོས་གཙུག་ལག་ལྟ་བུར་མཚོན་ན་གཅིག་ནས་རྡོ་བརྐོས་སྒྱུ་རྩལ་ཡིན་པ་དང་གཉིས་ནས་དེ་ཡང་ནང་བའི་བསྟན་པའི་གསུང་རབས་དང་གཙུག་ལག་ཀྱང་ཡིན་པ་བཞིན་ནོ། །དེ་ཡང་ཀྲུང་གོའི་ནང་བས་བསྟན་དགོན་སྡེ་མང་ཤས་ལ་རྡོ་བརྐོས་མ་ཎི་ཡི་གེ་དང་གཟུངས་སོགས་ཡོད་པ་དང༌། དེ་དག་ལས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་ལྷོ་ནུབ་ཕྱོགས་ཀྱི་ལེ་བར་༧༣ཀྱི་མཚམས་སུ་གནས་པའི་ཧོར་དགོན་པའི་རྡོའི་བཀའ་བསྟན་འགྱུར་ནི་རྡོ་བརྐོས་གཙུག་ལག་སྒྱུ་རྩལ་ལེགས་གྲས་ཤིག་ཡིན་ལ་མིག་སྔར་འཛམ་གླིང་གི་རྡོ་ཡི་གཙུག་ལག་ཆེ་ཤོས་ཀྱང་ཡིན།

    སྤྱིར་ནང་བ་སངས་རྒྱས་པས་སྟོན་པའི་གསུང་རབ་དང་གཟུངས་སྔགས་ཡི་གེ་དང་སྐུ་འདྲ་རྡོ་དང་ཤིང་ཤུན་སོགས་ལ་བྲིས་ཏེ་བཞག་ན་དགེ་བ་ཆེ་ཞིང་སངས་རྒྱས་ཀྱི་བསྟན་པ་བསྐལ་བ་མ་ཞི་བར་དུ་གནས་ཟེར་སྲོལ་ཡོད། རྡོ་ཡི་གཙུག་ལག་ལ་བཀའ་འགྱུར་དང༌། བསྟན་འགྱུར། མདོ་ཏིང་འཛིན༌། མདོ་བསྐལ་བཟང༌། འཕགས་པ་གསེར་འོད་དམ་པའི་མདོ་སོགས་ཁག་ལྔ་ཡོད་ལ་བསྡོམས་པས་ཡིག་ཚོགས་དུང་ཕྱིར་གཉིས་དང་རྡོ་ལེབ་ཁག་སུམ་ཁྲི་ཙམ་མཆིས། གཙུག་ལག་གི་རིང་ཚད་སྨི་སུམ་བརྒྱ་དང༌། ཞེང་ཚད་ལ་སྨི་གཉིས་དང་གྲངས་ཆུང་ལྔ། མཐོར་སྨི་གསུམ་བཅས་ཡོད་པ་དང༌། གཞན་ཡང་རྡོ་བརྐོས་ཀྱི་སྐུ་འདྲ་དང༌། ཡུལ་ལྗོངས་རི་མོ་སོགས་བྲིས་ཡོད་པའི་རྡོ་ལེབ་ཁག་གཉིས་སྟོང་ལྷག་ཙམ་ཡོད་པས་པེ་ཅིན་གྱི་ཡུང་ཅུའུ་དགོན་པའི་རྡོ་བརྐོས་གཙུག་ལག་ཁྲི་གཅིག་དང་སྟོང་བཞི་ལས་ལྡབ་གཉིས་མང་བའི་ཐོག་རྡོ་ལེབ་གང་ཡིན་རུང་བྲིས་གསལ་ཞིང་ཡིག་གཟུགས་ལེགས་པ། གྲ་དག་ཅིང་ཞིབ་ཆ་ལྡན་པ་ཤ་སྟག་ཡིན། གཞན་ཡང་རྡོ་བརྐོས་སྐུ་འདྲ་གང་ཡིན་ཐིག་རྩ་གསལ་ཞིང་ཆ་ཚད་ཚད་ལྡན་ཁུངས་དག་ཡིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་དགྲ་བཅོམ་དང་རིགས་ཀྱི་བུ་དང་བུ་མོ་སོགས་ལ་ལ་ཁྲིར་བཞིགས་པ་དང་ལ་ལ་བཞེངས་པ། ཡང་ལ་ལ་ཁྲོ་བ་དང་ལ་ལ་ཞི་བ་སོགས་ཉམས་འགྱུར་སྣ་ཚོགས་འབུར་དུ་ཐོན་ཞིང་གསོན་ཉམས་ལྡན་པ་ཞིག་ཡིན།

    དེ་ཡང་རྡོ་བརྐོས་གཙུག་ལག་འདི་ཉིད་དུས་ནམ་བྱུང་བའི་སྐོར་ངེས་གསལ་ཆེར་མེད་ནའང་ན། ངག་རྒྱུན་དང་ས་དེ་གའི་དགོན་པའི་ནང་གི་གྲྭ་བ་ཚོས་གསུངས་པ་ལྟ་ན། ལོ་བརྒྱ་ཙམ་གྱི་སྔ་རོལ་དུ་གཏེར་སྟོན་རིན་པོ་ཆེས་མགོ་ལོག་ནས་ཨ་ནག་རྡོ་བཟོ་ཞེས་པའི་རྡོ་བཟོ་ཞིག་དྲངས་ཏེ་བཞེངས་པའི་འགོ་བརྩམས་པ་དང་༡༩༥༥ལོ་ལེགས་འགྲུབ་བྱུང་ཟེར་རོ། །

༢༠༠༠ལོའིམི་དམངས་བརྙན་པརདེབ་དྲུག་པ་ལས།

 


འབྲེལ་ཡོད་འོས་སྦྱོར།