ཁྲི་ཀའི་ལྷ་རྩེ།
དགའ་ལྡན་ཁྲི་རབས་ཞེ་བཞི་བའམ་ཁྲི་རྒྱ་ནག་པ་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མ(ཀླུ་འབུམ་གདོང་ངག་དབང་བློ་གྲོས་རྒྱ་མཚོ་ཞེས་ཀྱང་ཞུའོ)ཚང་། མྰན་ཆིང(满清)གོང་མ་གནམ་སྐྱོང(雍正皇帝)གིས་གདན་དྲང་ནས་པེ་ཅིན་དུ་བཞུགས་པའི་སྐབས་དེར། བློ་དཀར་བདེན་འཛིན་གྱི་གོང་མའི་འཁོར་བློན་ཞིག་བདུད་བློན་གྱི་དབྱེན་ཕྲའི་དབང་གིས་རྒྱལ་པོའི་ཁྲིམས་འོག་ཏུ་སྐུ་སྲོག་ཤོར་བར་གྱུར། བློན་པོ་དེ་བསད་རྗེ་བླ་མ་གསེར་ཁྲི་པ་ལ་ནམ་ཡང་གཡལ་བ་མེད་པར་སྡོང་གྲོགས་མཛད་པའི་མི་མ་ཡིན་མཐུ་ཆེན་ཞིག་ཏུ་སྐྱེས།
ཉིན་ཞིག གསེར་ཁྲི་ཚང་འཁོར་བློན་གཞན་དང་བཅས་ཏེ་གོང་མའི་མདུན་སར་བཅར་ནས་རང་རང་གི་གྲལ་གནས་སུ་བཞུགས་རྗེས། ཉེན་དཔྱོད་པས་ཕོ་བྲང་གི་སྒྲིག་སྲོལ་བཞིན། དེར་འཁོད་བློན་རིགས་ཚོའི་ལུས་ན། ལྐོག་ཉར་མཚོན་ཆ་ཡོད་མེད་ལ་རེ་རེ་བཞིན་ཞིབ་དཔྱོད་བྱེད་པའི་སྐབས་དེར། གསེར་ཁྲི་ཚང་གིས་ཕོ་བྲང་དུ་ཕེབས་ཁར་ཐུགས་མཉམ་མ་བཞེས་པར། སྙུག་གཞོག་གྲི་ཆུང་ན་བཟའི་ནང་ཁུག་ཏུ་བསྣམས་ནས་ཡོང་བ་ཤེས་འཕྲལ་དུ། བླ་མ་རང་ལ་སྡོངས་གྲོགས་མཛད་པའི་མི་མ་ཡིན་དེར་ཉེན་སེལ་གྲོགས་མཛད་པའི་རེ་སྐུལ་གནང་། མི་མ་ཡིན་དེས་རྫུ་འཕྲུལ་གྱིས་སྙུག་གྲི་དེ་སྐད་ཅིག་ཉིད་ལ་མི་མངོན་པར་བསྒྱུར་ནས་བླ་མ་སྲོག་ཉེན་ལས་ཐར་པར་བྱས། ཕྱིས་བླ་མས་མི་མ་ཡིན་དེས་སྔར་ཞིག་ནས་རང་ལ་སྐྱབས་སུ་སོང་བ་ལྟར། མདོ་ཁམས་སྨད་ཀྱི་ས་ཆར་ཁྲི་སྡེ་ཞིག་གིས་མཆོད་པར་བྱེད་པའི་ཡུལ་ལྷ་དང་རྒྱལ་བའི་བསྟན་སྲུང་དུ་འགོད་པར་ཞལ་བཞེས་གནང་བས། མི་མ་ཡིན་དེས་ཀྱང་ནམ་ཡང་བླ་མའི་ཅི་གསུང་བཀའ་བཞིན་བསྒྲུབ་པར་ཁས་བླངས།
རྗེས་སུ། གསེར་ཁྲི་ཚང་མདོ་སྨད་ཁྲི་ཀའི་ཕྱོགས་སུ་ཕེབས་པའི་སྐབས་ཤིག་ལ། རང་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་མི་མ་ཡིན་དེ། ཁྲི་ཀའི་ཤ་འབུམ་གདོང་གི་ཕ་བོང་དཀར་བོ་ཟེར་བ་དེ་ལ་གནས་སུ་བཅུག་སྟེ། དེའི་སྟེང་དུ་ཡུལ་ལྷའི་ཕོ་བྲང་བཞེངས་ནས་བཞུགས་སུ་གསོལ་བར་མ་ཟད། གསེར་ཁྲི་ཚང་གིས་མི་མ་ཡིན་དེ་འཇམ་དབྱངས་ནག་པོའི་ཐུགས་སྤྲུལ་དུ་བྱིན་གྱིས་བརླབས་ནས། ཁྲི་ཀའི་ཡུལ་ལྷ་ཞེས་པའི་མཚན་གྱི་ཅོད་པན་ཡང་གནང་བ་དང་། རྒྱ་བོད་མི་རིགས་མང་བོའི་སྐྱེ་བོ་ཁྲི་ཁྲི་འབུམ་འབུམ་གྱིས། ཁྲི་ཀའི་ཨ་མྱེས་ཡུལ་ལྷ་ཞེས་ཅིང་བསྟན་ནས། དུས་ནམ་ཡང་རང་རང་གི་སྲུང་མར་བཀུར་བའི་ཆེད་དུ་བླ་མ་གསེར་ཁྲི་ཚང་གིས།
ཀྱེ། ཁྲི་ཀའི་ཡུལ་གནས་ལྷ་གཉན་ཐུ་བོ་ཆེ།།
རྒྱ་ནག་ཤིང་མ་ཐེན་ཙི་ཞེས་གྲགས་ཁྱོད།།
མ་ལུས་འཁོར་བཅས་གནས་འདིར་གཤེགས་ནས་ཀྱང་།།
བསང་གསུར་བཞེས་ལ་འདོད་པའི་དོན་ཀུན་སྒྲུབས།།
ཞེས་པའི་བསང་ཚིག་དེའང་དེ་དུས་གསུངས། དེ་ནས་བཟུང་ལོ་རེ་རེའི་ལུགས་རྙིང་གི་ཟླ་དྲུག་པའི་ཚེས་ཉེར་གཅིག་ནས་ཉེར་བཞི་ལ་གསེར་ལྡན་རྨ་ཆུ་རིང་མོའི་འགྲམ་དུ་ཁྲི་ཀའི་ལྷ་རྩེ་ཞེས་ལོ་ཡག་དུས་སྟོན་འཚོགས་པའི་སྲོལ་ཡོད། དེ་ལ་ཁྲི་ཀ་རྫོང་གི་རྒྱ་བོད་ཧོས་གསུམ་གཙོས་ཉེ་ལོགས་ཀྱི་རྫོང་མང་བོའི་ལྟད་མོ་བ་དང་། ཚོང་པ། སྒྱུ་རྩལ་པ་སོགས་མི་ཚོགས་འདུས་ནས་གླུ་ལེན་གར་རྩེད་དང་སྒྱུ་རྩལ་གྱི་ལྟད་མོ་སྟོན་པ་དང་། ཉོ་འཚོང་གི་འདུ་ལུང་ཆེ། ཚེས་ཉེར་གཉིས་ཉིན་ཡུལ་ལྷའི་རྒྱལ་པོའི་སྐུ་དང་ཨ་མྱེས་རྒྱལ་ཐང་ཟེར་བའི་སྐུ་ཁྱོགས་ལ་བཏེགས་ནས་ཤར་དང་ནུབ་ནས་རང་རང་གི་ཕོ་བྲང་དུ་ཆས་ཏེ་བྲོ་གར་དང་རོལ་དབྱངས་པས་མདུན་བསུས་ཏེ་ཁྲོམ་ཚོགས་སུ་ཕེབས་ནས་བྲོ་གར་འཁྲད་ཅིང་ལྷ་གསོལ་བྱེད། ཚོགས་གྲོལ་ཉིན་སྔར་ལྟར་བྲོ་གར་དང་བཅས་ཕྱིར་རང་རང་གི་ཕོ་བྲང་དུ་བསྐྱལ་བ་ཡིན་ལ། དེ་ནི་ཁྲི་ཀའི་ལྷ་རྩེ་ཞེས་ཕྱོགས་ཡོངས་སུ་གྲགས་པ་དེ་ཡིན་ནོ།།