དྲུག་པའི་གླུ་རོལ་བྱུང་བའི་དུས་རབས་དང་ཇི་ལྟར་བྱུང་ཚུལ།
ལུགས་རྙིང་ཟླ་བ་དྲུག་པའི་ནང་དུ་བོད་ཀྱི་ས་གནས་ཁ་ཤས་སུ་ལྷ་སྲུང་རྣམས་མཆོད་དེ་བོད་རང་གི་ཁྱད་ཆོས་དང་ལྡན་པའི་རྩེད་མོ་ཆེན་པོ་ཞིག་རྩེད་རྒྱུ་ཡོད་པ་དང་། ཁྱད་པར་དུ་མདོ་སྨད་ཀྱི་ཡུལ་ཕྱོགས་འདིར་དར་ཁྱབ་ཆེ་ལ་ཡུལ་འདིའི་མི་དམངས་རྣམས་ཀྱིས་ཀྱང་རྩེད་མོ་འདི་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། རྩེད་འདོད་དང་བལྟ་འདོད་ཡང་སྙིང་ཐག་པ་ནས་བྱེད་ཀྱི་ཡོད་པ་རེད། དེས་ན་འདིར་མི་རིགས་རང་གི་ཁྱད་ཆོས་དང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གླུ་རོལ་འདིའི་ངོ་བོ་དང་གོ་རིམ་འདི་བྱུང་བའི་ལོ་རྒྱུས་ཀྱི་ཆ་རྐྱེན་དང་སྤྱི་ཚོགས་ཀྱི་རྨང་གཞི་སོགས་རགས་ཙམ་གླེང་བར་བྱའོ། །
དེ་ཡང་གླུ་རོལ་འདི་ཇི་ལྟར་བྱུང་བའི་ཚུལ་ལ་ངག་རྒྱུན་གྱི་བཤད་སྲོལ་མ་གཏོགས་ཟུར་ལྟའི་དཔྱད་གཞི་རྙེད་མ་བྱུང་བས་ཐོག་མ་ལྟར་ན། ལ་ལས། རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་སུ་བོད་དུ་ཐོག་མར་དར་བའི་ཆོས་ལུགས་ལ་འབྱུང་བ་ལྔའི་ལྷ་དང་། ཡུལ་ལྷ། ཁྱིམ་ལྷ། དགྲ་ལྷ། ཞང་ལྷ་སོགས་ལྷ་རིགས་མི་འདྲ་བ་མང་པོ་ཡོད་པ་དེ་ཚོར། སེམས་ཅན་བ་ཕྱུགས་དང་། ར་ལུག ཤ་བ་སོགས་བསད་ནས་མཆོད་པ་འབུལ་བའི་སྲོལ་ཡོད་པའི་རྨང་གཞིའི་སྟེང་ཆོས་ལ་དད་ཅིང་ལས་ལ་བརྩོན་པའི་མང་ཚོགས་རྣམས་ཀྱིས་ཇེ་རྒྱས་སུ་བཏང་སྟེ་ལོ་རེའི་སྟོན་ཀའི་དུས་སུ་ཤ་ཕོ་རུ་རྐྱང་ལ་སོགས་པའི་སྲོག་ཆགས་མང་པོ་དུས་གཅིག་ཏུ་སྐེ་བཅད་ནས་བསད་པའི་ཤ་ཁྲག་གི་མཆོད་པ་འབུལ་བ་དང་། དགུན་ཁའི་དུས་སུ་བོན་ལྷ་དམར་མཆོད་ཅེས་གཡག་ལུག་ར་སོགས་ཕོ་ཕྱུགས་སྟོང་ཕྲག་གསུམ་རེའི་སྐེ་དུས་གཅིག་ཏུ་བཅད་ནས་བསད་པ་དང་། འབྲི་དང་མ་མོ་ར་མ་སོགས་མོ་ཕྱུགས་སྟོང་ཕྲག་གཅིག་རེ་ལོངས་པའི་ཡན་ལག་རྣམས་གསོན་པོར་ལྷུ་ལག་ཕྲལ་ནས་བསད་པའི་ཤ་ཁྲག་གི་དམར་མཆོད། དབྱར་ཀའི་དུས་སུ་ཡུ་མོའི་བྱིན་འབྲེག་ཟེར་བ་ཤ་བ་ཡུ་མོ་བཞིའི་རྐང་ལག་ལྷུ་ལག་ཕྲལ་ནས་བསད་པའི་ཤ་ཁྲག་གི་དམར་མཆོད། དཔྱིད་ཁའི་དུས་སུ་བོན་སྟོན་བསང་མཆོད་ཟེར་བ་ཤིང་སྣ་དང་འབྲུ་སྣའི་བསང་གཏོང་བ་དང་དུས་མཚུངས་སུ་ཕྱུགས་ཟོག་བསད་པའི་པགས་པ་སྐམ་པོ་བརྡུངས་ཏེ་རྩེད་མོ་སྟོན་པ་དེ་གླུ་རོལ་གྱི་ཆེས་ཐོག་མའི་རྣམ་པ་ཡིན་ཞེས་ཟེར་བ་དང་། ཡང་ལ་ལས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སངས་རྒྱས་བསྟན་པ་སྤེལ་ཆེད་དུ་བོན་ཆོས་བསྣུབས་པས། སངས་རྒྱས་ཀྱི་བསྟན་པ་ཡར་ངོའི་ཟླ་ལྟར་འཕེལ་བཞིན་པའི་སྒང་ལ། བོད་ཀྱི་ཞིང་འབྲོག་ཁ་ཤས་སུ་སྔར་བྱུང་མ་མྱོང་བའི་ནད་ཡམས་དང་། སད་དང་སེར་བ། ཐན་པ། ཆུ་ལོག་སོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་བས། མང་ཚོགས་མང་པོ་ཞིག་གིས་རང་བྱུང་གནོད་འཚེ་དེ་དག་ཆོས་བྱས་པ་ལ་བརྟེན་ནས་བྱུང་བ་ཡིན་པར་ངོས་འཛིན་བྱས་ཏེ། སངས་རྒྱས་ཆོས་ལུགས་ཀྱིས་རང་བྱུང་ཁམས་ཀྱི་གནོད་འཚེ་བཀག་འགོག་བྱེད་མི་ཐུབ་པར་མ་ཟད། ད་རུང་ཆོས་བྱས་ན་ལྷ་ཀླུ་གཉན་གསུམ་མ་དགའ་བར་ཐན་རྟགས་འདི་དག་བསྟན་པ་ཡིན་ཟེར་ནས་ལྷ་ཀླུ་གཉན་གསུམ་དགའ་བར་འཇུག་ཆེད་དུས་ཚིགས་དུས་ཚིགས་སུ་ལྷ་ཀླུ་གཉན་གསུམ་ལ་སྟོན་མོ་རྒྱ་ཆེན་བྱེད་པ་དང་གླུ་དང་གར་སོགས་རྩེད་རིགས་རྣམ་པ་སྣ་ཚོགས་ཞིག་རྩེད་རྒྱུ་ཡོད་པ་དེ་རིམ་བཞིན་ཇེ་རྒྱས་དང་ཇེ་ལེགས་སུ་བཏང་ཞིང་རྩེ་བའི་དུས་ཀྱང་ཟླ་བ་དྲུག་པའི་ནང་གཏན་ལ་ཕབ་པས། ད་ལྟ་དྲུག་པའི་ལྷ་ཟླ་དཀར་པོ་ཞེས་བཏགས་སོ་སྐད། འོན་ཀྱང་གོང་གི་ངག་རྒྱུན་མི་འདྲ་བ་གཉིས་ལ་དམིགས་བསལ་གྱི་རིག་པའི་གཞུང་ལུགས་བཀོད་པའི་དཔེ་དེབ་ཀྱི་རིགས་གང་མང་མཐོང་མ་བྱུང་བས་གར་ཡོང་མི་གསལ་བའི་ངག་རྒྱུན་འདི་གཉིས་ནོར་ཡོད་པར་སྙམ།
དེས་ན་སྲོལ་འདི་ཇི་ལྟར་བྱུང་ཞེ་ན། མངའ་བདག་ཁྲི་རལ་བ་ཅན་གྱིས་སྲིད་ཁྲིམས་སྐྱོང་བའི་སྐབས་སུ། རྒྱ་བོད་གཉིས་ཀྱི་བར་ལ་མི་མཐུན་པའི་འཁྲུག་པ་ཆེན་པོ་བྱུང་ཡོད་པ་དེ་ཕྱོགས་གཉིས་ཀྱི་རྒྱལ་པོ་དང་ནང་བསྟན་ཆོས་ལུགས་ཀྱི་བླ་མ་སོགས་བཙུན་པ་ཆེ་ཁག་གིས་དཔང་པོ་བྱས་ཏེ་སྤྱི་ལོ་༡༢༡ལོར་དབོན་ཞང་འདུམ་པའི་བཀའ་གཙིགས་རྡོ་རིང་བཙུགས་པར་མ་ཟད། ད་རུང་ད་རྒྱ་དང་ཁྲི་ཀ་སོགས་ས་མཚམས་ཁ་ཤས་སུ་མཆོད་རྟེན་དཀར་པོ་བཞེངས་ནས་རྒྱ་བོད་ཕན་ཚུན་འགྲིག་མཐུན་བཟོས་པས། ཕྱོགས་གཉིས་ཀའི་བློན་འབངས་ཚང་མས་དགའ་བསུ་ཐོབ་པར་མ་ཟད། ད་རྒྱའི་ས་སྲུང་གཙོ་བོ་དམག་དཔོན་གཡུ་ཚས(སྤྱི་དཔོན་རེབ་ཚའང་ཟེར)སྤྱི་ལོ་བརྒྱད་བརྒྱ་ཉེར་གཅིག་གི་ལྷ་ཟླ་དྲུག་པའི་རྔན་འགོག་པའི་ཉི་མ་བཟང་བོ་སྟེ་ཚེས་བཅུ་བདུན་ནས་ཚེས་ཉེར་ལྔའི་བར་བོད་ཡུལ་སྲོལ་གོམས་འདྲིས་ལྟར་དཀར་མཆོད་དང་དམར་མཆོད་ཀྱི་མཆོད་པ་རྒྱ་ཆེན་པོ་བཤམས་པ་དང་ཤ་ཆང་ལོངས་སྤྱོད་ཀྱི་འདོད་ཡོན་རྒྱ་མཚོ་ལྟར་བསྐྱིལ་ནས་ལྷ་ཀླུ་གཉན་གསུམ་མགོ་བོར་བཀུར་ཏེ་ས་སྲུང་གི་དམག་མི་རྣམས་ལ་སྟོན་མོ་རྒྱ་ཆེན་པོ་བྱས་ཏེ་རྒྱ་བོད་འགྲིག་མཐུན་བྱུང་བར་སེམས་གཏིང་ནས་དགའ་བའི་བསམ་པ་བསྟན་པ་དང་བོད་ཀྱི་ལྷ་སྲུང་རྣམས་ཀྱིས་ཀྱང་དགོངས་པ་ཚིམས་པའི་རྣམ་འགྱུར་གྱིས་ངོ་མཚར་བའི་རྟགས་དང་མཚན་མ་སྣ་ཚོགས