logo

དམངས་སྲོལ་རིག་པ།

རྩོམ་པ་པོ།:མི་་གསལ། ཡོང་ཁུངས།:བོད་ཀྱི་ཡུལ་སྲོལ་དྲ་གནས། དུས་ཚོད།:2008-01-15 ཀློག་གྲངས།:

  དམངས་སྲོལ་རིག་པ་ནི་དམངས་སྲོལ་རིག་གནས་དེ་ཉིད་རྟོགས་དཔྱད་ཀྱི་རིག་པའི་གཞུང་ལུགས་དེ་ཡིན། རིག་གཞུང་འདིའི་དཔྱད་ཡུལ་གཙོ་བོ་ནི། ཚན་རིག་གི་སྒོ་ནས་ལོ་རྒྱུས་སྟེང་བྱུང་མྱོང་བ་དང༌། དེང་སང་དམངས་ཁྲོད་ན་གནས་པ་དང་འབྱུང་མུས་པའི་དམངས་སྲོལ་གོམས་གཤིས་དེ་ཡོད་ཚད་ལ་རྩད་གཅོད་དང༌། འཚོལ་བསྡུ་དང༌། དག་སྒྲིག་དང༌། མཚམས་སྦྱོར་དང༌། དབྱེ་ཞིབ་བཅས་བྱས་ཏེ། དམངས་སྲོལ་རིག་གནས་ཀྱི་ངོ་བོ་དང་ཁྱད་ཆོས། བྱུང་ཚུལ་སོགས་ལ་བརྟག་པ་དང༌། དེ་མིན་དམངས་སྲོལ་གྱི་སྒྲིག་གཞི་དང་སྤྱི་ཚོགས་ལ་ཐོན་ཐུབ་པའི་ནུས་པ་བཅས་ཕྱོགས་ཡོངས་ལ་ཞིབ་འཇུག་བཟང་བོ་བྱེད་དགོས་པ་དང༌། དེ་དག་ཞིབ་འཇུག་བགྱིས་བའི་རྨང་གཞི་ཐོག་ནས་དམངས་སྲོལ་རིག་གནས་ཀྱི་བྱུང་ཚུལ་དང་འཕེལ་འགྲིབ་སོགས་ལ་ལེགས་པར་དཔྱད་ནས། འགྲོ་བ་མིའི་སྤྱི་ཚོགས་འདི་ལུགས་བཟང་སྲོལ་མཛེས་ཀྱི་ཕྱོགས་སུ་གོམ་པ་སྤོ་བར་རམ་འདེགས་བྱ་ཐུབ་པའི་རིག་གཞུང་ཞིག་ཡིན་ཕྱིན། རིག་གཞུང་དར་འགོ་ཚུགས་ནས་ད་བར་དུ་ལོ་བརྒྱ་དང་ལྔ་བཅུ་ཡས་མས་ཀྱི་ལོ་རྒྱུས་མ་གཏོགས་མེད་ནའང༌། འཛམ་གླིང་ཡོངས་ཀྱི་ཆ་ནས་བལྟས་ན། ད་ལྟ་དམངས་སྲོལ་རིག་པ་ནི་རང་རྐྱ་ཐུབ་པའི་རིག་གཞུང་ཞིག་ཏུ་གྲུབ་ཡོད་པ་དང༌། རྒྱལ་ཁབ་མང་པོའི་མཁས་པ་བགྲང་གི་མི་ལང་བས་དོ་སྣང་དང་གཙིགས་འཛིན་བྱེད་པའི་རིག་གཞུང་ཞིག་ཏུ་གྱུར་ཡོད་པ་རེད།

  དམངས་སྲོལ་རིག་གནས་ཀྱི་བྱུང་ཚུལ།

  དམངས་སྲོལ་རིག་གནས།

  དམངས་སྲོལ་རིག་གནས་ནི། མདོར་བསྡུས་སུ་བརྗོད་ན། དམངས་ཁྲོད་དུ་ཡོངས་ཁྱབ་ཏུ་དར་སྤེལ་བྱེད་བཞིན་པའི་གོམས་སྲོལ་སྣ་ཚོགས་ཀྱི་སྤྱི་མིང་དེར་ཟེར་ཞིང༌། དེའི་ནང་དུ་སྲོལ་རྒྱུན་གྱི་ངག་ལྟར་ན། ཚོགས་གཉིས་སྟེ། བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་གཉིས་འདུ་ཞིང༌། དེང་རབས་ཀྱི་སྐད་བརྡའི་དབྱེ་ཚུལ་ལྟར་ན། དམངས་སྲོལ་རིག་གནས་ནི་དམངས་ཁྲོད་ཀྱི་ཟང་ཟིང་དམངས་སྲོལ་རིག་གནས་དང༌། སྤྱི་ཚོགས་དམངས་སྲོལ་རིག་གནས་དང༌། བསམ་བློའི་དམངས་སྲོལ་རིག་གནས་དང་ངག་བརྡ་དམངས་སྲོལ་རིག་གནས་སོགས་སྤྱི་ཚོགས་གོམས་སྲོལ་སྣ་ཚོགས་འདུ་བ་རེད། དེའང་གོང་ཞུས་ཀྱི་རིགས་དེ་དག་ཇེ་ཞིབ་དུ་དབྱེ་ན།

  ཀ ཟང་ཟིང་དམངས་སྲོལ་རིག་གནས་ནི། འགྲོ་བ་མི་རྣམས་ཀྱི་འཚོ་བའི་ཡོ་བྱད་དང་ཐོན་སྐྱེད་བྱ་འགུལ་ཐམས་ཅད་དེ། འགྲོ་འདུག་སྤྱོད་གསུམ་སོགས་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བའི་ནང་མེད་མི་རུང་བའི་བྱ་སྤྱོད་དེ་ཡིན། དཔེར་ན། སྲོལ་རྒྱུན་གྱི་སྡོད་གནས་བཟོ་སྟངས་དང༌། སྲོལ་རྒྱུན་གྱི་གྱོན་ཆས་གོན་ལུགས་དང༌། སྲོལ་རྒྱུན་གྱི་ཕྱུགས་ཟོག་སྐྱོང་སྟངས་ལྟ་བུ་ཐམས་ཅད་དངོས་པོའི་རིག་གནས་ཀྱི་ཕྱོགས་སུ་གཏོགས་པ་རེད།

  ཁ  སྤྱི་ཚོགས་དམངས་སྲོལ་རིག་གནས་ནི། འགྲོ་བ་མིའི་སྤྱི་ཚོགས་ནང་དུ་རིགས་རུས་ཆོ་འབྲང་དང༌། ཁྱིམ་ཚང་དང༌། ཁྱིམ་རྒྱུད་དང༌། ཚོ་བ་དང༌། སྡེ་བ་དང༌། གྲོང་དང་གྲོང་ཁྱེར་སོགས་དམངས་ཁྲོད་ཀྱི་རྩ་འཛུགས་སྣ་ཚོགས་དང༌། འབངས་མིས་མཉམ་འབྲེལ་གྱི་ཚོགས་པ་ཐམས་ཅད་ཀྱི་སྤྱི་མིང་དུ་གོ་ཞིང༌། དེ་ནས་དེ་དག་གི་བར་དུ་ཕན་ཚུན་འབྲེལ་འདྲེས་བྱུང་བ་དང༌། འབྲེལ་འདྲེས་དེ་གཏན་ཕབ་ཤུགས་འགྲིག་ཏུ་གྱུར་ནས། མི་རྣམས་འཚོ་བའི་བར་གྱི་འབྲེལ་བ་དང་འཚོ་ཐབས་ཀྱི་སྒྲོག་གུ་ལྟ་བུར་སྒྱུར་བ་ན། དེ་ནི་དམངས་སྲོལ་རིག་གནས་ཀྱི་ཐེ་གཏོགས་པའོ།།

  ག བསམ་བློའི་དམངས་སྲོལ་རིག་གནས་ནི། དམངས་ཁྲོད་ཀྱི་ཆོས་ལུགས་དང༌། མི་ཆོས་དང་མི་ཚེ་ཆོ་སྒྲུབ་སྣ་ཚོགས་སོགས་ཡིན་ཏེ། དེ་ནི་དངོས་པོའི་རིག་གནས་དང་སྤྱི་ཚོགས་རིག་གནས་གཉིས་ཀའི་རྨང་གཞི་ཐོག་ནས་གྲུབ་པའི་དམངས་སྲོལ་གྱི་སྐོར་དེ་ཡིན།

  ང༌། ངག་བརྡ་དམངས་སྲོལ་རིག་གནས་ནི། མི་རྣམས་ཀྱི་འབྲེལ་བ་མཚམས་སྦྱོར་བྱེད་སྤྱད་དང་རིག་གནས་སྣ་ཚོགས་ཀྱི་སྐྱེད་མ་ཞིག་ཡིན་པ་མ་ཟད། དམངས་སྲོལ་གྱི་ཁྱད་ཆོས་དེའི་མཚོན་རྟགས་ཤིག་ཀྱང་ཡིན། འཛམ་གླིང་གི་ཆ་ནས་བལྟས་ན། ངག་བརྡའི་དམངས་སྲོལ་ལ་དོ་སྣང་དང་ཞིབ་འཇུག་བྱེད་རྒྱུ་ནི་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་ཐུན་མོང་གི་དཔྱད་ཡུལ་དུ་འཇོག་ཀྱིན་ཡོད་པ་རེད།

  དེ་ཡང་སྤྱི་ཚོགས་ནི་སྙོག་དྲ་ཆེ་ཞིང་རིག་གནས་སྣ་མང་ཕར་བསྣོལ་ཚུར་བསྣོལ་ལས་གྲུབ་པ་ཞིག་ཡིན་ལ། སྤྱི་ཚོགས་འཚོ་བ་དེར་ཞབས་འདེགས་བྱེད་པའི་དམངས་སྲོལ་རིག་གནས་ལ་མཚོན་ནའང༌། སྣ་མང་སྒྲིག་ཚང་དང་སྔ་གཞུག་གོ་རིམ་ལྡན་པ་ཞིག་ཡིན་སྟབས་ཟང་ཟིང་དམངས་སྲོལ་དང༌། སྤྱི་ཚོགས་དམངས་སྲོལ་བཅས་ཀྱི་བར་དུ་ཕན་ཚུན་རྟེན་འབྲེལ་དང༌། ཕན་ཚུན་ཚོད་འཛིན་དང་ཕན་ཚུན་སྐུལ་འདེད་བཅས་ཀྱི་འབྲེལ་བ་ཡོད་པ་ཕུད། དུས་རབསཀྱི་འགྱུར་ལྡོག་ལྟར་མཉམ་དུ་འཕེལ་འགྲིབ་དང་མཉམ་དུ་འཕོ་འགྱུར་འབྱུང་ངེས་སོ།།


འབྲེལ་ཡོད་འོས་སྦྱོར།