དམངས་དང་སྲོལ་ཞེས་པའི་སྒྲ་དོན་ལ་མདོ་ཙམ་དཔྱད་པ།
སྤྱི་ལོ་༡༨༤༧ལོར་དབྱིན་ཇིའི་མཁས་པ་ཐང་མོ་སིས་(Willian Thoms)ཐོག་མར་དམངས་སྲོལ་( folklore)ཞེས་པའི་བརྡ་ཆད་འདི་བཀོད་པ་ནས་དེང་བར་དུ་ལོ་ངོ་བརྒྱ་དང་ལྔ་བཅུ་ཙམ་སོང་ཡོད། ཐ་སྙད་འདི་ཐོག་མར་བྱུང་དུས་ཀྱི་གོ་དོན་ལ་བལྟས་ན། དམངས་(folk)ནི་དམངས་ཚོགས་དང༌། སྲོལ་(lore)ནི་ཤེས་རིག་སྟེ། དམངས་ཚོགས་ཀྱི་ཤེས་རིག་ཅེས་པའི་དོན་མཚོན་པར་བསྟན་ཡོད། དེ་ཡང་ཡུན་རིང་གི་ལོ་རྒྱུས་ནང་དུ་དམངས་སྲོལ་རིག་པར་མཁས་ཅན་གང་མང་ཞིག་རྒས་བརྡ་ཆད་འདི་ལ་གོ་བ་ལེན་ཚུལ་མི་གཅིག་པ་བཏོན་པ་དང༌། ད་ལྟ་ད་དུང་གཅིག་མཐུན་གྱི་བཞེད་ཚུལ་ཞིག་བྱུང་མེད་པས་ཀུན་མཐུན་གྱི་མཚན་ཉིད་ཅིག་འཇོག་དཀའ་ན་ཡང༌། དེང་དུས་སུ་རང་རེའི་བོད་ཀྱི་མཁས་པ་རྣམས་ཀྱིས་ཀྱང་བོད་ཡིག་གི་ཐོག་ནས་དམངས་སྲོལ་རིག་གནས་ལ་དཔྱད་པ་གཏོང་མཁན་ཇེ་མང་ཇེ་མང་ལ་འགྲོ་བཞིན་པ་དང༌། རིག་གཞུང་འདི་ཆ་ཚང་དང་དར་རྒྱས་སུ་གཏོང་དགོས་ན་ཐོག་མར་རིག་གཞུང་འདིའི་གཞུང་ལུགས་སྐོར་ལ་ཐོས་བསམ་བྱེད་དགོས་ལ། ད་ལྟ་བོད་ཀྱི་རིག་པའི་དགའ་ཚལ་དུ་རིག་གཞུང་འདིའི་གཞུང་ལུགས་ཐད་ལ་དཔྱད་པ་གཏོང་དགོས་པའི་དུས་ལ་སླེབས་པ་དང༌། དམངས་དང་སྲོལ་ཞེས་པའི་མིང་ཚིག་འདི་གཉིས་ལ་གོ་བ་ལེགས་པོ་ཞིག་བྱུང་ན་རིག་གཞུང་འདི་བདེ་བླག་ཏུ་སྤེལ་ཐུབ་པར། སྙམ་པས། གཤམ་ལ་དམངས་དང་སྲོལ་ཞེས་པའི་ཐ་སྙད་འདི་གཉིས་ལ་དམངས་སྲོལ་རིག་པའི་ལམ་ནས་གོ་བ་ལེན་སྟངས་ཇི་འདྲ་ཡིན་པ་མདོ་ཙམ་བཤད་ན།
གཅིག དམངས་ཀྱི་སྒྲ་དོན་བཤད་པ།
དབྱིན་ཇིའི་མཁས་པ་ཐང་མོ་སིས་དམངས་ནི་དམངས་ཚོགས་ཞེས་པར་བརྗོད་པའི་རྗེས་སུ། དམངས་ཚོགས་ཞེས་བྱ་བ་དེ་ཡུལ་གང་ལྟ་བུ་ཞིག་ལ་གོ་རྒྱུར་སྔ་དེང་ལ་འགྲེལ་ཚུལ་འདྲ་མིན་མང་པོ་ཞིག་བྱུང་ཡོད་ལ། འགྲེལ་ཚུལ་དེ་དག་སྤྱི་བསྡོམས་བྱས་ན་གཙོ་བོ་ཕྱོགས་ལྔ་ཙམ་ཡོད་དེ།
ཀ མི་རིགས་ཀྱི་དོན་དང་མཚུངས་པར་བསྟན་པ།
དམངས་སྲོལ་རིག་པའི་སྲོལ་འབྱེད་པ་འཇར་མན་གྱི་ཀུ་ལན་(་acob and Wilhelm Grimm)གཅེན་གཅུང་གཉིས་ཀྱིས། དམངས་ནི་མི་རིགས་ཞེས་པའི་དོན་དང་མཚུངས་པར་གསུངས། ཁོང་གཉིས་ཀྱིས་དེ་ལྟར་གོ་བ་ལེན་དོན་སྐབས་དེའི་འཇར་མན་རྒྱལ་ཁབ་གྱི་ལོ་རྒྱུས་ཁྱད་པར་ཅན་དང་འབྲེལ་བ་ཡོད་དེ། སྐབས་དེའི་འཇར་མན་མི་རིགས་ཀྱི་སྲོལ་རྒྱན་རིག་གནས་ལ་ཕྱི་ཕྱོགས་ནས་དར་འོང་བའི་རིག་གནས་སྣ་ཚོགས་ཀྱི་ཤན་ཤུགས་ཆེན་པོ་ཐེབས་ནས་མི་རིགས་ཀྱི་ཁྱད་ཆོས་དེ་ཉམས་རྒུད་དུ་གྱུར་ནས་ཡོད། དེས་རྒྱལ་ཁབ་ཡོངས་ནས་མི་རིགས་ཀྱི་རིག་གནས་དེ་སླར་གསོ་བྱེད་ཆེད་ལ་མི་རིགས་རང་གི་སྲོལ་རྒྱན་རིག་གནས་དེ་རྨང་གཞི་བྱས་ནས་མི་རིགས་སྙིང་སྟོབས་དང་རིག་གནས་དེ་ཉམས་གསོ་དང་དར་སྤེལ་དུ་བཏང༌། སྐབས་དེར་མཚོན་ནས་བཤད་ན། ཀུ་ལན་སྤུན་མཆེད་གཉིས་ནི་མི་རིགས་དང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་མཁན་ནང་གི་གཙོ་ཤས་ཡིན། སྒོས་སུ་ཀུ་ལན་སྤུན་མཆེད་གཉིས་ཀྱིས་དུས་ཚོད་མང་པོ་ཞིག་བེད་སྤྱད་ནས་དམངས་ཁྲོད་ན་རྒྱུན་སྤེལ་བྱེད་བཞིན་པའི་གཏམ་རྒྱུད། ལྷ་སྒྲུང༌། ངག་རྒྱུན་འབོར་ཆེན་ཞིག་འཚོལ་བསྡུ་དང་དག་སྒྲིག་བྱས་ཏེ། སྔ་གཞུག་ཏུ་ཀུ་ལན་བྱིས་སྒྲུང་དང༌། འཇར་མན་གྱི་ལྷ་སྒྲུང༌། འཇར་མན་གྱི་ངག་རྒྱུན་ཞེས་དཔེ་ཆ་གྲགས་ཆེན་གསུམ་དཔེར་དུ་བཏབ། དཔེ་ཆ་དེ་གསུམ་པོ་ནི་དམངས་སྲོལ་རིག་པ་འདི་གཞི་ནས་དར་འགོ་ཚུགས་པའི་མཚོན་བྱེད་ཅིག་དང༌། འཇར་མན་གྱི་མི་རིགས་སྙིང་སྟོབས་གསོ་སྐྱོང་བྱས་པའི་བྱ་འགུལ་དེའི་ནང་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད། དེས་དུས་རབས་ངེས་ཅན་དེའི་སྐབས་དམངས་ཞེས་པ་ནི་མི་རིགས་ཀྱི་དོན་དང་མཚུངས་པར་གོ་བ་རེད།
ཁ གདོད་མའི་མིར་གོ་བ།
མིའི་རིག་པ་སྨྲ་བ་མཁས་ཅན་ཐི་ལེས་(Edward. B. Tylor)འགྲོ་བ་མིའི་རིག་གནས་ལ་དམུ་རྒོད་ཀྱི་དུས་རབས་དང་ཉམས་སད་པའི་དུས་རབས། ཤེས་ལྡན་གྱི་དུས་རབས་བཅས་དུས་རིམ་གསུམ་དུ་དབྱེ་བ་དང༌། དམངས་སྲོལ་གྱི་སྣང་ཚུལ་ནི་དམུ་རྒོད་ཀྱི་དུས་རབས་དང་ཉམས་སད་པའི་དུས་རབས་སྐབས་སུ་བྱུང་ཞིང༌། ཤེས་ལྡན་གྱི་དུས་རབས་ལ་ཐོན་ན་དམངས་སྲོལ་གྱི་སྣང་ཚུལ་དེ་ཚོ་རིམ་གྱིས་མེད་པར་འགྲོ་སྲིད་པ། དམངས་སྲོལ་ནི་དམུ་རྒོད་ཀྱི་དུས་རབས་དང་ཉམས་སད་པའི་དུས་རབས་སྐབས་སུ་བྱུང་བའི་སྲོལ་རྒྱུན་དང་རྙིང་ཞེན་དུ་གྱུར་པའི་འཕྲོ་ལྷག་རིག་གནས་ཤིག་ཏུ་འདོད་པས། དམངས་སྲོལ་རིག་པའི་ནང་གི་དམངས་ཞེས་པ་དེ་ཡང་གདོད་མའི་མིར་གོ་བ་རེད། རང་རེའི་རྒྱལ་ནང་དུ་དམངས་སྲོལ་རིག་པར་དཔྱོད་མཁན་མང་ཆེ་བ་ལ་ཐི་ལེའི་ལྟ་བ་དེའི་ཤན་ཤུགས་ཐེབས་རྐྱེན་བར་སྐབས་ཤིག་ལ་ཡུལ་མཐའ་འཁོབ་ན་ཡོད་པའི་མི་རྣམས་དང༌། ཡང་ན་རྗེས་ལུས་ཀྱི་གྲངས་ཉུང་མི་རིགས་རྣམས་ནི་དམངས་སྲོལ་རིག་གནས་ཞིབ་འཇུག་བྱེད་ཡུལ་དུ་འཇོག་སྲོལ་ཡོད་པ་ལྟར་ལགས།
ག འབངས་མིར་གོ་བ།
འདིར་འབངས་མི་ཞེས་བྱ་བ་ནི་འདུ་འཛི་ཆེ་བའི་གྲོང་ཁྱེར་ནས་བར་ཐག་རིང་བའི་ཡུལ་དུ་སྡོད་པའི་ཞིང་པ་དང་ཡི་གེ་མི་ཤེས་པའི་ཡིག་རྨོངས་ལ་གོ་